བོད་ཀྱི་ཚིགས་བཅད་སྡེབ་སྦྱོར།

ཚིགས་བཅད་རྩོམ་ཡིག་ལ་ཚིག་རྐང་གི་ཚེག་བར་མང་ཉིང་ཅི་རིགས་ཡོད་པར་མ་ཟད། ཚིགས་སུ་བཅད་པ་རེ་ལ་ཚིག་རྐང་མང་ཉུང་ཡང་ཅི་རིགས་ཡོད། དེ་བས་འདིར་ཐོག་མར་ཚིག་རྐང་རེའི་ཚེག་བར་མང་ཉུང་གི་ཆ་ནས་སྡེ་ཚན་ཆེན་པོ་གསུམ་སྟེ། ཚིག་རྐང་རེར་ཚེག་བར་ཡི་གེ་གསུམ་ཅན་ནས་དགུ་ཅན་བར་གྱི་ཚེག་བར་ཉུང་བའི་ཚགས་བཅད་རིགས་དང་།  ཚིག་རྐང་རེར་ཚེག་བར་བཅུ་ཅན་ནས་ཉེར་བདུན་ཅན་བར་གྱི་ཚེག་བར་འབྲིང་གི་ཚིགས་བཅད་རིགས། ཚེག་བར་ཉེར་བདུན་ལྷག་གི་ཚེག་བར་མངས་པའི་ཚིགས་བཅད་རིགས་བཅས་གསུམ་མོ། ཚེག་བར་གཅིག་དང་ཡིག་འབྲུ་གཅིག་ནི་དོན་གཅིག་ཡིན། 

ཚིགས་སུ་བཅད་པའི་ཚིག་རྐང་དག་གི་ཚེག་བར་ལ་ཡིག་འབྲུ་ཆ་དང་ཡའི་སྡེབ་ཚུལ་གྱི་དབྱེ་བ་མང་དུ་ཡོད་པས། འདིར་དེ་དག་ལ་དཔེར་བརྗོད་རྩོམ་ཡིག་ལྷན་འགོད་ཀྱིས་ངོ་སྤྲོད་རྒྱས་ཙམ་བྱེད་པ་ལ། དང་པོ། ཚིག་རྐང་ཐུང་བའི་ཚིགས་བཅད་རིགས།

 

    ཀ༽ ཚེག་བར་གསུམ་མམ་ཡིག་འབྲུ་གསུམ་ཅན། ཆ་ཡ་ཅན། དཔེར་ན། བོད་ཀྱི་ མི། ལྟ་བུ་སྟེ།

ཤར་ཕྱོགས་ཀྱི།། རི་རྩེ་ནས།།  དཀར་གསལ་གྱི།། ཟླ་བ་ཤར།།

མ་སྐྱེས་ཀྱི།། ཨ་མའི་ཞལ།། ཡིད་ལ་ནི།། འཁོར་འཁོར་བྱུང་།

 

       ཁ༽ ཚེག་བར་བཞིའི་ཚིགས་བཅད། ཆ་ཟུང་ཅན། དཔེར་ན། བོད་ཀྱི་ སྐད་ཡིག ལྟ་བུ་སྟེ།

ཤར་ཕྱོགས་རི་རྩེར།། ཟླ་བ་ཤར་དུས།། མ་སྐྱེས་ཨ་མའི།། ཞལ་རས་དྲན་བྱུང་།། ལྟ་བུའོ།།

 

      ག༽ ཚེག་བར་ལྔ་ཅན་གྱི་ཚིགས་བཅད། འདི་ལ་རིགས་གཉིས།

༡༽ ཆ་ཟུང་ཡ་ཅན། དཔེར་ན། བོད་ཡུལ་ ཆོལ་ཁ་ གསུམ། ལྟ་བུ་སྟེ།

 

ཤར་གྱི་རི་རྩེ་ནས།། དཀར་གསལ་ཟླ་བ་ཤར།། མ་སྐྱེས་ཨ་མའི་ཞལ།། ཡིད་ལ་འཁོར་འཁོར་བྱུང་།།ལྟ་བུཨོ།།

      ༢༽ ཡ་ཆ་ཟུང་ཅན། དཔེར་ན། བོད་ ཆོལ་ཁ་ གསུམ་པོ། ལྟ་བུ་སྟེ། 

ཤར་རི་བོའི་རྩེ་ནས།། དུང་ཟླ་བ་ཤར་བྱུང་།། ངའི་མ་སྐྱེས་ཨ་མའི།། ཞལ་ཡིད་ལ་འཁོར་བྱུང་།། ལྟ་བུའོ།།

 

ང༽ ཚེག་བར་དྲུག་ཅན་གྱི་ཚིགས་བཅད། རིགས་གཉིས།

     ༡༽ ཆ་གསུམ་ཅན། དཔེར་ན།

 

ཤར་ཕྱོགས་རི་བོའི་རྩེ་ནས།།

དཀར་གསལ་ཟླ་བ་ཤར་བྱུང་།།

མ་སྐྱེས་ཨ་མའི་ཞལ་རས།།

ཡིད་ལ་འཁོར་འཁོར་བྱས་བྱུང་། ལྟ་བུའོ།།

ཡང་ན། 

 

ན་ནིང་བྱི་བའི་ལོ་ལ།།

མི་སྲོག་མང་པོ་ཤོར་སོང་།།

ད་ལོ་གླང་གི་ལོ་ལ།།

ནད་མེད་བདེ་སྐྱིད་ལྡན་ཤོག། ལྟ་བུ་སོགས། བོད་ལ་གཞས་ཚིགས་འདི་རིགས་ཧ་ཅང་མང།

 

༢༽ ཆ་ཡ་དང་ཆ་ཡ་ཅན། དཔེར་ན། འཛམ་གླིང་ ལ་ ཞི་བདེ་ མཁོ།། ལྟ་བུ་སྟེ།

 

ཤར་ཕྱོགས་ཀྱི་རི་རྩེ་ནས།། དཀར་གསལ་གྱི་ཟླ་བ་ཤར།།

མ་སྐྱེས་པའི་ཨ་མ་ཡི།། ཞལ་རས་ནི་ཡིད་ལ་འཁོར།། ལྟ་བུའོ།།

 

 ཅ༽ ཚེག་བར་བདུན་མའི་ཚིགས་བཅད།

༡༽ ཆ་གསུམ་ཡ་ཅན། དཔེར་ན།

ཤར་ཕྱོགས་རི་བོའི་རྩེ་མོ་ ནས། །དཀར་གསལ་ཟླ་བ་ཤར་བའི་ དུས། །མ་སྐྱེས་ཨ་མའི་ཞལ་རས་དེ། །ཡིད་ལ་ཝ་ལེར་འཁོར་ཡོང་ངོ།།

ཡང་ན།

ལུས་ལ་ནད་མེད་འཕྲོད་བསྟེན་བཟང་། །ཡིད་ལ་སྡུག་མེད་སྣང་བ་སྐྱིད། །བྱ་བ་ལམ་འགྲོ་ཀུན་ལ་ཕན། །བདེ་སྐྱིད་ལྡན་པའི་མི་ཚེ་ཡིན།།

 

༢༽ ཆ་ཟུང་ཡ་ཆ་ཅན། འདིའི་ཡ་དེ་ཚིག་ཕྲད་ཡིན། དཔེར་ན། 

ཤར་ཕྱོགས་རི་བོ་ ཡི རྩེ་ནས། །དཀར་གསལ་ཟླ་བ་ དེ ཤར་དུས། །མ་སྐྱེས་ཨ་མ་ ཡི ཞལ་རས། །ཡིད་ལ་འཁོར་འཁོར་ནི་བྱས་བྱུང་།

ཡང་ན།

བདག་ནི་མི་ཡུལ་་འཁྱམས་ཏེ། །མི་ལོ་སུམ་ཅུ་ནི་ཕྱིན་སོང་། །ཕ་ཡུལ་དྲན་གདུང་གི་སྐྱོ་གཞས། །ཁུ་བྱུག་སྔོན་མོ་ལ་བསྐུར་ཡོད།

 

༣༽ ཆ་ཡ་ཆ་ཟུང་ཅན།  འདིའི་ཡ་ཡང་ཚིག་ཕྲད་མང་། དཔེར་ན།

ཤར་ཕྱོགས་ ཀྱི་ རི་བོའི་རྩེ་ནས། །དཀར་གསལ་གྱི་ཟླ་བ་ཤར་དུས། །མ་སྐྱེས་པའི་ཨ་མའི་ཞལ་རས། །བདག་ཡིད་ལ་ཝ་ལེར་འཁོར་ཡོང་།།

ཡང་ན།

མི་ཚེ་ ཡི་ ཉིན་མོ་རེ་རེ། །རྒྱ་མཚོ་ ཡི་ རླབས་ཕྲེང་བཞིན་དུ། །མི་སྡོད་པར་འཆི་བར་ཉེ་བ། །བསམས་ན་ནི་དབུགས་རིང་ཤོར་འགྲོ

 

༤༽ ཡ་ཆ་གསུམ་ཅན། དཔེར་ན།

ཤར་ རི་རབ་མཐོན་པོའི་རྩེ་ནས། དུང་ཟླ་བ་ཤར་ཐེངས་རེ་ལ། །ངའི་མ་སྐྱེས་ཨ་མའི་ཞལ་རས། །ཡིད་འདི་ལ་ཡང་ཡང་འཁོར་ཡོང་།།

ཡང་ན།

བོད་གངས་ཅན་ས་གཙང་ཆུ་གཙང་། །ཆོས་མ་ཎིའི་དར་ལྕོག་ལྷབ་ལྷུབ། །མི་རྒན་གཞོན་ཆོས་དད་ཆེན་པོ། །སེམས་བག་ཡངས་འཛུམ་མདངས་ཤིག་ཤིག  

 

ཆ་ཟུང་ཡ་ཅན་གྱི་ཚིགས་བཅད་རྩོམ་ཡིག

 

 

རྒྱལ་རབས་གསལ་བའི་མེ་ལོང་ལས།

 

ཨེ་མ་ངོ་མཚར་ཆེ། །ལྷ་གཅིག་ཀོང་ཇོ་ཁྱེད། །བདག་གི་ཚིག་ལ་གསོན། །བཀྲ་ཤིས་ཉམས་སུ་དགའ། །

བོད་ཀྱི་རྒྱལ་ཁམས་ནི། །རིན་ཆེན་ལྔ་ལས་གྲུབ། །རྒྱལ་པོའི་ཕོ་བྲང་ནང་། །མི་རྗེ་ལྷ་ཡིས་མཛད། །སྲོང་བཙན་སྒམ་པོ་དེ། །རིགས་གཟུགས་དཔལ་དང་ལྡན། །མཐོང་ན་སེམས་ཡིད་འཕྲོག  །ཐུགས་རྗེ་ཆེན་པོ་ལགས། །རྒྱལ་སྲིད་ཆོས་བཞིན་བསྐྱངས། །

 

འབངས་རྣམས་བཀའ་ལ་ཉན། །རྒྱལ་བློན་འཁོར་འབངས་རྣམས། །དགའ་སྐྱིད་གླུ་རུ་ལེན། །བདེ་སྐྱིད་འཚོ་བ་ཐོབ། །དཔལ་གྱི་སྒྲེན་མེ་བཏེག  །

རི་ལ་ཤིང་སྣ་འཛོམས། །ས་གཞི་ཡངས་པ་ལ། །འབྲུ་སྣ་ལྔ་ཡི་ཚོགས། །གོ་མཚམས་མེད་པར་སྐྱེས། །གསེར་དངུལ་ཟངས་ལྕགས་སོགས། །རིན་ཆེན་དུ་མ་ཡོད། །གནག་རྟ་ལུག་གསུམ་རྒྱས། །དགའ་སྐྱིད་དེ་ལྟར་ཡོད། །ཨེ་མ་ངོ་མཚར་ཆེ། །ལྷ་གཅིག་ཀོང་ཇོ་གསོན། །

 

 

 

ཆ་གསུམ་ཅན་གྱི་ཚིགས་བཅད།

 

རྒྱ་བཟའ་ཀོང་ཇོར་བསྟོད་གཞས།

 

 

 

རྒྱ་ཡི་ཡུལ་ནས་ཕེབས་པའི།།

ལྷ་གཅིག་ཨ་ལྕེ་རྒྱ་བཟས།།

འབྲུ་རིགས་མི་གཅིག་འབྲུ་སྣ།། 

སུམ་སྟོང་སུམ་བརྒྱ་བསྣམས་ཡོད།

བོད་ལ་འབྲུ་རིགས་གཏེར་ཁའི།། 

རྩ་བ་བཙུགས་ལ་གནང་སོང་།།

 

རྒྱ་ཡི་ཡུལ་ནས་ཕེབས་པའི།། 

ལྷ་གཅིག་ཨ་ལྕེ་རྒྱ་བཟས།། 

བཟོ་རིགས་མི་གཅིག་བཟོ་བ།། 

ལྔ་སྟོང་ལྔ་བརྒྱ་ཁྲིད་འོང་། 

བོད་ལ་བཟོ་རིགས་བསྟན་པ།། 

དར་བའི་སྒོ་མོ་ཕྱེ་སོང་།།

 

རྒྱ་ཡི་ཡུལ་ནས་ཕེབས་པའི།།  

ལྷ་གཅིག་ཨ་ལྕེ་རྒྱ་བཟས།།

ཕྱུགས་རིགས་མི་གཅིག་ཕྱུགས་ཟོག  

ལྔ་སྟོང་ལྔ་བརྒྱ་ཁྲིད་ཡོང་། 

བོད་ལ་དཀར་ནུ་འོ་མ།། 

 

རྒྱས་པའི་རྩ་བ་བཙུགས་ཡོད།། 

 

 

ཆ་གསུམ་ཡ་ཅན་གྱི་ཚིགས་བཅད། 

 

དེར་ལྷ་གཅིག་གིས་ཡབ་ལ་ཕྱག་བཙལ་ཏེ་གསོལ་བར།

"ཡབ་གཅིག་རྒྱལ་པོས་བཀའ་གནང་ངམ། །

ཨ་མ་ཡུམ་གྱིས་གནང་ལགས་སམ། །

ཇོ་ཇོ་མིང་པོས་ཚིག་ཤོར་རམ། །

ཨེ་མ་སྲིད་པ་ངོ་མཚར་ཆེ། །

བོད་ཀྱི་ཡུལ་དེར་བདག་བཏང་ན། །

ཁ་བ་ཅན་གྱི་ཡུལ་ཕྱོགས་དེར། །

བསིལ་ཞིང་གྲང་ལ་ས་བབ་མཐོ། །

གངས་རི་གཅན་གཟན་ཆེས་མང་བ། །

ག་རི་འབྲོང་གི་རྭ་དང་འདྲ། །

འབྲུ་སྣ་མི་སྐྱེས་མུ་གེའི་གནས། །

གདོལ་པ་ཤ་ཟ་སྲིན་པོའི་རིགས། །

སྤྱོད་པ་རྩིངས་པ་ཀླ་ཀློའི་མིང་། །

མཐའ་འཁོབ་སངས་རྒྱས་ཞབས་མི་བཅག   །"ཅེས་ཞུས། 

 

ཆ་བཞི་ཡ་ཅན་གྱི་ཚིགས་བཅད། 

 

རྒྱལ་རབས་གསལ་བའི་མེ་ལོང་ལས།

 

 

བལ་པོའི་རྒྱལ་པོས་སྲས་མོ་ཁྲི་བཙུན་ལ་འདི་སྐད་དུ།

"ང་ཡི་སྙིང་ནས་བརྩེ་བའི་ལྷ་གཅིག་ཁྱོད། །

རྣ་བ་མ་གཡེང་ཡབ་ཀྱི་ངག་འདིར་ཉོན། །

བོད་རྗེ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་དེའི། །

གཏན་གྱི་འདུན་མར་ཁྱོད་ཉིད་འགྲོ་བར་རིགས།  །"

ཞེས་གསུངས་པ་དང་ཡབ་ཀྱི་དྲུང་དུ་པུས་མོ་ས་ལ་བཙུགས་ནས།
 "བརྩེ་བའི་ཡབ་གཅིག་བུ་མོ་བདག་ལ་གསོན། །

ཁ་བ་ཅན་དེ་ཆོས་མེད་གྲང་ངར་ཆེ། །

ཡབ་ཡུམ་སྤུན་མཆེད་བྲལ་བས་སེམས་པ་སྐྱོ།  །

དེ་འདྲའི་ཡུལ་དུ་བུ་མོ་དགོངས་པ་ཞུ། །"

ཞེས་ཞུས་པ་དང་ཡབ་རྗེས་སླར་ཡང་ལྷ་གཅིག་ལ།

"བུ་མོ་ཁ་བ་ཅན་དུ་མ་ཕྱིན་ན།  །

བོད་ཀྱི་རྒྱལ་པོ་ལྷ་ཡི་སྤྲུལ་པ་ཡིན།  །

ཁོ་ཡིས་དམག་དྲངས་ང་བསད་རྒྱལ་ཁམས་བཅོམ། །

བུ་མོ་ཁྱོད་ཀྱང་དབང་མེད་འཕྲོག་པར་ངེས། །"  

ལྷ་གཅིག་ཁྲི་བཙུན་དེས་སླར་ཡང་འདི་སྐད་དུ།

"ཀྱེ་མ་ཡབ་གཅིག་རྒྱལ་པོ་བདག་ལ་གསོན།  །

བོད་དེ་གདོལ་རིགས་མཆོད་པའི་རྟེན་སོགས་མེད།  །

ཡབ་ཀྱི་མཆོད་གནས་ཤཱཀྱ་མུ་ནེ་དང་།  །

རིན་ཆེན་བང་མཛོད་བདག་ལ་གནང་དུ་གསོལ།  །"

ཡབ་ཀྱིས་ཞེས་ཞལ་གྱིས་བཞེས་ཏེ།

"བུ་མོ་ཁ་བ་ཅན་དུ་ཕྱིན་ནས་ཀྱང་།  །

ལྟ་སྤྱོད་གཙང་ཞིང་ཆོས་ལ་དད་པ་མཛོད།  །

གྲོགས་ལ་གུས་ཞེན་འབངས་ལ་བྱམས་སྐྱོང་དང་།  །

ལུས་འཚག་དམ་ཞིང་ལོངས་སྤྱོད་ཤེས་པར་གྱིས།  །"ཞེས་གསུངས་སོ།།

 

 

ཆོས་རྒྱལ་སྲོང་བཙན་སྒམ་པོས།

"ཨེ་མ་གསོན་དང་ལྷ་གཅིག་ཀོང་ཇོ་སྲས། །

ཕེབས་ལམ་ཕྱོགས་ལ་འོ་བརྒྱལ་མ་བྱུང་ངམ། །

ལྷ་གཅིག་ཇོ་བོ་དང་བཅས་སྐུ་འཁོར་རྣམས། །

ལམ་འཕྲང་ཆུ་གསུམ་ཇི་ལྟར་བྱས་ཏེ་བརྒལ། །

བར་ཆད་མེད་པར་བོད་དུ་བྱོན་པ་ནི། །"

རྣམ་གཉིས་མཐུ་དཔལ་ཆེ་བས་ངོ་མཚར་ཆེ། ། ཞེས་གསུངས་པ་དང་དེའི་ལན་དུ་ལྷ་གཅིག་ཀོང་ཇོས་འདི་སྐད་ཅེས་གསོལ་ལོ། །

"ཇོ་བོ་ཆེན་པོ་ཤིང་རྟའི་སྟེང་དུ་བཞུགས། །

ལྷ་དགའ་ཀླུ་དགས་ཤིང་རྟ་དྲངས་ནས་འོངས། །

རྒྱ་ཆུ་གྲུས་བཅད་ལྗོན་ཤིང་གཡོན་དུ་བསྒྱེལ། །

སྨག་རུམ་མུན་དུ་ལམ་སྟོན་སྒྲོན་མེ་བཏེག །

ས་ཐག་རིང་ཡང་ཐབས་ཀྱིས་བགྲོད་ནས་འོངས། །

བོད་དུ་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །"ཅེས་ཞུས་སོ། །

 

 

 

བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས།

  རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།   

༼ཆ་ལྔ་ཡ་ཅན་གྱི་ཚིགས་བཅད་ཀྱི་མཚན་གཞི།༽

              བདག་དང་ཕ་མ་རིགས་དྲུག་སེམས་ཅན་མ་ལུས་པ། །དཀོན་མཆོག་གསུམ་འདུས་བླ་མ་རྣམས་ལ་སྐྱབས་སུ་མཆི། །བསྟན་པའི་བདག་པོ་རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །འགྲོ་བའི་སྒྲོན་མེ་དམ་པའི་ཆོས་ལ་སྐྱབས་སུ་མཆི།

ཐེག་གསུམ་འཕགས་ཚོགས་དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །ཡི་དམ་མཁའ་འགྲོ་ཆོས་སྲུང་ཀུན་ལ་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །གསོལ་བ་འདེབས་སོ་བྱིན་རླབས་ལྕགས་ཀྱུས་དྲང་དུ་གསོལ།

མི་བཟད་ལས་དང་ཉོན་མོངས་འཆིང་བ་བཅད་དུ་གསོལ། །འདི་དང་བར་དོ་ཕྱི་མའི་འཇིགས་ལས་བསྐྱབ་ཏུ་གསོལ། །ཁྱད་པར་འཆི་ཚེ་འདི་སྣང་ཞེན་ཆགས་བཟློག་ཏུ་གསོལ། །དད་གུས་དགེ་སེམས་སྟོབས་ལྡན་སྐྱེ་བར་བྱིན་གྱིས་རློབས།

གནད་གཅོད་སྡུག་བསྔལ་ཚོར་བ་དྲག་པོ་བསལ་དུ་གསོལ། །འབྱུང་བ་ལོག་པའི་སྒྲ་བཞིའི་འཇིགས་ལས་བསྐྱབ་ཏུ་གསོལ། །དུག་གསུམ་རང་མདངས་གཡང་ས་གསུམ་ལས་བསྒྲལ་དུ་གསོལ། །འོད་གསལ་སེམས་ཉིད་རང་ངོ་འཕྲོད་པར་བྱིན་གྱིས་རློབས།

རྒྱུས་མེད་བར་དོའི་འཕྲང་ལས་བདེ་བར་དྲང་དུ་གསོལ། །འཇིགས་རུང་གཤིན་རྗེའི་ཕོ་ཉའི་འཇིགས་ལས་བསྐྱབ་ཏུ་གསོལ། །སྲིད་པར་འདྲེན་པའི་ཆགས་སྡང་ཀུན་རྟོག་བསལ་དུ་གསོལ། །འཁྲུལ་སྣང་བདེན་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས།

དེ་ཚེ་བླ་མ་ལྷ་ཡི་ཞལ་བཟང་མངོན་གྱུར་ཅིང༌། །སྙན་པའི་གསུང་གིས་དབུགས་དབྱུང་དགའ་དད་ཤུགས་དྲག་སྐྱེས། །དེ་ཡིས་ས་མཁན་མཛད་ནས་བདེ་བ་ཅན་སོགས་སུ། །འདབ་སྟོང་པདྨའི་སྙིང་པོར་རྫུས་ཏེ་སྐྱེ་བར་ཤོག

མདོར་ན་ཚེ་རབས་ཀུན་ཏུ་དམ་པའི་མགོན་གྱིས་བཟུང༌། །ཕྱིན་ཅི་ལོག་གི་བློ་སྣ་ངན་པ་མི་སྐྱེ་ཞིང༌། །ཚང་ལ་མ་ནོར་རྒྱལ་བའི་བསྟན་ལ་ལེགས་བསླབས་ཏེ། །འགྲོ་ཀུན་དོན་དུ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག 

 

               ཅེས་བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་མདོར་བསྡུས་པ་འདི་ནི་དད་ལྡན་དགེ་སློང་ངག་དབང་དོན་གྲུབ་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།

 

ཚིགས་བཅད་རིང་མོ། ཆ་༡༨དང་ཡ་༡

 

ཁྱོད་ཐུགས་ཐུགས་རྗེའི་ཆུ་གཏེར་འཕྲིན་ལས་འགྲོ་དོན་རྦ་རླབས་འཐོར་ལས་ཡེ་ཤེས་ཐིགས་དང་དད་སོགས་ནོར་བུས་བདག་བློ་རྨིག་རྗེས་རབ་གང་ཉོན་མོངས་ཚད་གདུང་དབུལ་ཕོངས་ཀུན་བསལ་བས། །སྲེད་ལྡན་སྐྱེ་བོས་རྒྱན་སྤྲས་བཟང་མོ་དབེན་པར་བཏུས་ཚེ་ཚངས་སྤྱོད་སྨོན་ཡང་ལང་ཚོའི་དཔལ་གཟིས་བགྲོད་པ་ཕྱིར་བསྣུར་ཙམ་ལའང་བཟོད་གླགས་བྲལ་ཕྱིར་འཕྲལ་དུ་དགའ་བས་དགའ་བ་ལྟར། །རྣམ་ཐར་ཡིད་འཕྲོག་མཛེས་མ་ཐུགས་རྗེའི་རྒྱན་སྤྲས་སྐལ་ལྡན་རྣ་བར་ལྷུང་ཚེ་གབ་པར་རློམ་ཡང་ངོ་མཚར་དཔལ་གཟིས་ཁོང་འཛུམ་གད་རྒྱངས་ཤོར་ཕྱིར་འཕྲལ་དུ་ཡི་གེའི་དགའ་སྟོན་འགྱེད། །དེ་ཕྱིར་རྣམ་ཐར་ནོར་བུ་གབ་རྒྱའི་དྲི་མ་དད་བརྩོན་སྤོས་ཆུས་བྱི་དོར་བགྱིས་ནས་འགྲོ་བའི་དོན་དུ་ཐུབ་བསྟན་རྒྱལ་མཚན་རྩེ་མོར་མཆོད་པས་བླ་མ་མཁའ་འགྲོས་གནང་དུ་གསོལ། །

 

༄༅། །རྣལ་འབྱོར་གྱི་དབང་ཕྱུག་དམ་པ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་བཞུགས་སོ། །ཞེས་པའི་མཆོད་བརྗོད་ཀྱི་ཚིགས་བཅད་གཉིས་པ།

རས་པའི་རྒྱན་ཅན། 

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php