༄།ཐ་སྙད་གཅིག་འགྱུར་གྱི་གལ་ཆེའི་རང་བཞིན་དང་རྩ་དོན།

 

 

          དབུས་སྐད་དང༌། ཁམས་སྐད། ཨམ་སྐད་ཅེས་ཡུལ་མི་རང་བཞིན་པའི་སྐད་འདི་ནི་གཙོ་བོ་སྐད་གདངས་ཅུང་མི་འདྲ་བ་ལས་མིང་བརྡ་ཐ་དད་པའི་རིགས་ཧ་ཅང་མང་པོ་མེད། དེ་བས་ཐ་སྙད་གཅིག་འགྱུར་ཅེས་པ་འདིར་སྐད་ཡིག་ཐ་དད་ཀྱི་གོ་བ་མེད།

          བོད་ཁ་བ་ཅན་མགོ་ནག་རྩམ་གཟན་ཚང་མར་སྐད་ཡིག་གཅིག་ལས་མེད་ལ། དེ་ནི་སྤྱིར་བཏང་གཅིག་གྱུར་གྱི་སྐད་ཡིག་ཕུན་སུམ་ཚོགས་པོ་ཞིག་ཀྱང་ཡིན་པ་ང་ཚོས་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཁག་དང༌། ལྷག་པར་མཁས་པ་རིམ་བྱོན་ཚོས་མཛད་པའི་བསྟན་བཅོས་ཚང་མས་བདེན་དཔང་བྱེད་ཐུབ། དཔེར་ན། ཆོལ་ཁ་གསུམ་གྱི་བོད་ཡིག་ཡག་པོ་ཤེས་མཁན་གྱི་མི་གསུམ་འཛོམས་ན་ཁོ་ཚོས་ངག་ཐོག་གི་སྐད་ཆས་གོ་བརྡ་མི་འཕྲོད་ཀྱང་ཡི་གེར་བྲིས་ན་ཚང་མ་གཅིག་པ་ལས་ཁྱད་པར་གང་ཡང་མེད། དེ་ལྟར་ཅིས་ཀྱང་ཡིན་དགོས་ཏེ། ང་ཚོའི་སྐད་ཡིག་གི་བརྡ་སྤྲོད་གཞུང་ནི་སུམ་རྟགས་ལས་གཞན་མེད་པས། སྐད་ཀྱི་འགྲོས་མི་མཐུན་པ་ཞིག་ཡོང་མི་སྲིད་པ་རེད།

འོན་ཀྱང༌། དག་ཡིག་ནང་ལ་སྐད་བརྡ་མི་འདྲ་བ་གང་འཚམ་རེ་ཡོད་ཀྱང་དེ་དག་ནི་ཡུལ་སྐད་དང་བརྡ་གསར་རྙིང་གི་ཁྱད་པར་ཆུང་ཚགས་རིགས་ལས་ཅི་ཡང་མིན། དེ་ལྟར་ན་ང་ཚོས་ཐ་སྙད་གང་འཚམ་ཞིག་གསར་བཟོ་གཅིག་འགྱུར་ཡོང་བ་བྱེད་རྒྱུ་དང༌། ཡི་གེའི་ཀློག་གདངས་གཅིག་འགྱུར་བྱེད་རྒྱུ་ཙམ་ལས་སྐད་ཡིག་གཅིག་འགྱུར་བཟོ་དགོས་པའི་གནད་དོན་ཞིག་རྩ་བ་ནས་ཆགས་མེད།

          སྔོན་གྱི་བཙན་པོའི་སྐབས་སུའང་འདི་ལྟའི་ཐ་སྙད་གཅིག་གྱུར་ཐོག་ཡིག་སྒྱུར་གྱི་བྱ་བ་ལེགས་པར་བསྒྲུབས་པ་དེས་སྐད་ཡིག་གི་སྤུས་ཚད་མཐོར་འདེགས་ཐད་ཕན་ནུས་ཆེན་པོ་བྱུང༌། ང་ཚོས་ཐ་སྙད་གཅིག་འགྱུར་བཟོ་དགོས་ཞེས་པའི་གལ་ཆེའི་རང་བཞིན་ནི་ཇི་སྲིད་བར་དུ་བོད་མི་རིགས་ཀྱི་རང་སྐད་སོར་གནས་ཐུབ་ཐབས་དང༌། མི་རབས་རྗེས་མ་ཚོས་བོད་ཡིག་ཐོག་ནས་འཛམ་གླིང་གི་ཤེས་བྱ་ཚང་མ་ལོངས་སུ་སྤྱོད་ཐུབ་ཆེད་ཡིན། དེ་ལྟར་བྱུང་ན་བོད་དང་བོད་པ། བོད་ཡིག བོད་ཀྱི་རིག་གནས་ཚང་མ་ཉམས་མེད་དར་རྒྱས་ལེགས་ཚོགས་ངང་མི་རིགས་རང་སྐྱོང་གིས་འཚོ་གནས་ཐུབ་ངེས་ཏེ། བོད་ཀྱི་ལོ་རྒྱུས་བོད་མི་རིགས་ལ་རག་ལས་པ་དང༌། བོད་མི་རིགས་དེ་བོད་ཀྱི་རིག་གནས་ལ་རག་ལས་པ། བོད་ཀྱི་རིག་གནས་དེ་བོད་ཀྱི་སྐད་ཡིག་ལ་རག་ལས་པའི་འབྲེལ་བ་དམ་ཟབ་ཅིག་ཡོད། དེ་བས་ལས་དོན་འདི་ཆེས་གཙིགས་སུ་འཛིན་དགོས་པ་ཞིག་རེད། ད་ལྟ་ཤེས་རིག་ལས་ཁུངས་ཀྱིས་གཙོ་འགན་བཞེས་ནས་ལས་དོན་འདིའི་ཐོག་ལ་གོམ་པ་སྤོ་བཞིན་ཡོད་པ་ནི་དགའ་སྤོབས་སྐྱེ་འོས་ཤིག་ཏུ་འགྱུར་བའི་རེ་བ་ཡོད།

          ཐ་སྙད་གཅིག་འགྱུར་བྱེད་རྒྱུར་རྩ་བའི་རྩ་དོན་ནི་གཅིག་སྟེ། ཐ་སྙད་དེ་སུས་བཟོས་པ་དང་གང་ནས་བྱུང་ཚུལ་སོགས་ཀྱི་གང་ཟག་དང་ཡོང་ཁུངས་ལ་མ་བལྟས་པར་སྤྱོད་བདེ་གོ་བདེ་འཇུག་འོས་པ་ཞིག་ཡིན་ན་དང་ལེན་བྱེད་རྒྱུ་དེ་རང་རེད། ལྷག་པར་བོད་ནང་གི་མཁས་མང་ལྷན་ཚོགས་ཀྱིས་ཐག་གཅོད་གནང་བའི་ཐ་སྙད་ཚང་མ་ང་ཚོས་ངོས་ལེན་བྱེད་དགོས་ལ། དེ་བཞིན་བཙན་བྱོལ་བོད་མིའི་མཁས་མང་ལྷན་ཚོགས་ཀྱིས་ཐག་བཅད་པའི་ཐ་སྙད་ཚང་མ་བོད་ནང་ནས་ངོས་ལེན་གནང་དགོས། དེ་མིན་བོད་ཕྱི་ནང་ལ་ཡོངས་སུ་གྲགས་པའི་ཐ་སྙད་གང་འདྲ་ཞིག་ཡིན་ན་ཡང་དེ་དེ་བཞིན་ངོས་ལེན་ལག་བསྟར་བྱེད་འོས་པ་ལས་སོ་སོས་གསར་བ་ཞིག་བཟོས་ནས་གུ་དོག་གི་ལམ་དུ་སྐྱོད་པ་དག་གིས་དོན་དངོས་ཐོག་ཐ་སྙད་གཅིག་འགྱུར་ལ་གནོད་སྐྱེལ་གྱིན་ཡོད། རྩོམ་པ་པོ་དང་རྩོམ་སྒྲིག་པ་ཚང་མས་བསམ་བློ་གུ་ཡངས་པོས་དེ་ལྟར་ངོས་ལེན་ལག་ལེན་གནང་རྒྱུ་ནི་ང་ཚོས་ལས་སླ་བོའི་ཐོག་ནས་ཐ་སྙད་གང་མང་ཞིག་གཅིག་འགྱུར་དང་ཁྱབ་སྤེལ་གཏོང་ཐུབ་པའི་ཐ་སྙད་གཅིག་འགྱུར་བྱེད་ཕྱོགས་ཀྱི་རྩ་དོན་ཞིག་ཀྱང་ཡིན།

          རྩོམ་འབྲི་བ་ཚོས་ངེས་པར་དོ་སྣང་དང་གཟབ་གཟབ་བྱེད་དགོས་པའི་གནད་དོན་གཞན་ཞིག་ནི། ཐ་སྙད་རྙིང་གྲས་ཡོངས་གྲགས་རིགས་ཤིག་ལའང་དག་ཆ་མི་འདྲ་བ་རང་སྣང་གང་ཤར་ལྟ་བུར་འབྲི་བའི་སྐྱོན་ཆེན་པོ་ཡོད་དེ། དཔེར་ན། མའོ་ཙེ་ཏུང་ལ་མོ་ཚེ་ཐུང་ཟེར་བ་ལྟ་བུའི་མིའི་མིང་དང༌། པེ་ཅིན་ལ་པེ་ཅིང་ཟེར་བ་ལྟ་བུའི་ས་མིང་རིགས་དང༌། དེ་བཞིན་ཨ་སྒོར་ལ་མེ་སྒོར་དང་སྒྲོ་ལོ། ཊོ་ལོ་ལ་སོགས་པ་དག་ཆ་མི་འདྲ་བ་མང་པོ་ཞིག་ཐོན་གྱིན་པ་ནི་སྣང་མེད་ཀྱི་སྒོ་ནས་ཐ་སྙད་གཅིག་འགྱུར་ལ་ཁ་ཆག་སྣ་རལ་གཏོང་བཞིན་པའི་ཉེས་པ་ཞིག་རེད་སྙམ་པ་བཅས་རེ་ཞིག་དེ་ཙམ་མོ།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php