༄༅། །ཕྱོགས་ལས་རྣམ་རྒྱལ་སེང་དར་མཁའ་ལ་སྐྱོད།

 

 

 

          དགའ་ལྡན་ཕོ་བྲང་ངམ་དགེ་ལུགས་པས་དབང་བསྒྱུར་བའི་ཆབ་སྲིད་ལམ་ལུགས་འདི་དོན་དངོས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱུང་གི་ཆོས་སྲིད་དབང་ཐང་ལ་རག་ལས་ནས་གནས་པ་ཞིག་ཡིན་མོད་ཀྱང། དེ་ཡང། ཐོག་མར་དགེ་ལུགས་པར་དད་བཀུར་ཆེ་བའི་སོག་པོའི་སྦྱིན་བདག་གུཤྲི་བསྟན་འཛིན་ཆོས་རྒྱལ་དཔུང་ཤུགས་ཀྱིས་སྐབས་དེར་ཚུལ་མིན་ལུགས་མིན་བྱེད་པའི་གཙང་སྡེ་སྲིད་ཕམ་པར་བརྒྱབ་ནས་དབང་ཐང་ཡོད་ཚད་༧གོང་ས་ལྔ་བ་ཆེན་པོར་ཕུལ་བ་སྟེ། དགེ་ལུགས་པའམ་ཏཱ་ལའི་བླ་མ་རང་ངོས་ནས་སྲིད་དབང་འཐབ་རྩོད་བྱས་ནས་དབང་ཆ་འཕྲོག་པ་ཞིག་མིན་པས་དགའ་ལྡན་ཕོ་བྲང་དབུ་བརྙེས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རང་བཞིན་གཙང་བའི་ཐོག་ལ། རྩ་བའི་མཐུན་རྐྱེན་ཁྱད་པར་པ་ལྔ་ཚང་བ་སྟེ། གཅིག་ནས་ཏཱ་ལའི་བླ་མ་རང་ཉིད་ལ་ཐུན་མོང་མ་ཡིན་པའི་མཁྱེན་ཡོན་མཐུ་སྟོབས་ཤིག་ཡོད་པ་དང། གཉིས་ནས་༧གོང་ས་ལྔ་བ་ཆེན་པོས་ཆོས་བརྒྱུད་རིས་མེད་ཀྱི་ཐབས་མཁས་མཛད་པས་ཆོས་བརྒྱུད་གང་ལ་ཡང་ཕོག་ཐུག་གཏོང་མི་ཆོག་པར་ཕན་ཚུན་མཛའ་འབྲེལ་ངང་གནས་དགོས་པའི་ཁྲིམས་སྲོལ་རྒྱུུན་འཁྱོངས་གནང་བ་དང༌། གསུམ་ནས་བོད་མི་ཕལ་མོ་ཆེས་དགེ་ལུགས་པའི་ཆོས་བརྒྱུད་ལ་དད་བཀུར་བྱེད་པས་མི་དམངས་ཀྱི་རྒྱབ་རྩ་བརྟན་པ་དང༌། བཞི་ནས་ཏཱ་ལའི་བླ་མའི་ཡང་སྲིད་ཁྲིར་མ་ཕེབས་པའི་བར་ལ་རྒྱལ་ཚབ་དང་བཀའ་ཤག་ནས་འཛིན་སྐྱོང་བརྟན་སྲུང་གནང་བའི་འཛིན་སྐྱོང་ལམ་ལུགས་བརྟན་པ་དང༌། ལྔ་ནས་སོག་པོ་དང་རྒྱ་ནག་གོང་མ་རིམ་པའི་བར་ལ་མཆོད་ཡོན་གྱི་འབྲེལ་ལམ་ཟབ་པ་བཅས་ཀྱིས་དགའ་ལྡན་ཕོ་བྲང་བའི་ཆབ་སྲིད་ཡུན་རིང་ཕྱོགས་ལས་རྣམ་པར་རྒྱལ་པར་གྱུར།

          ཡིན་ཡང་ང་ཚོར་རྩོད་པའམ་དོགས་པ་ཞིག་ཡོད་པ་ནི། ༡༩༥༡་ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་པ་ནས་བཟུང་ཕྱོགས་ལས་རྣམ་རྒྱལ་གྱི་སེང་དར་ཡང་ས་ལ་ཟགས་པ་མིན་ནམ་ཞེས་པ་འདི་རེད། གལ་ཏེ་ཡིན་ན་བོད་གཞུང་དགའ་ལྡན་ཕོ་བྲང་ལ་ལོ་རྒྱུས་རང་བཞིན་གྱི་དུས་ཡུན་མི་ལོ་༣༡༠་ལས་མེད་པ་དང། དེ་རིང་ང་ཚོས་དགའ་ལྡན་ཕོ་བྲང་གི་གཞུང་དར་ལྷུང་ནས་ལོ་འཁོར་བརྒྱ་ཕྱེད་འཁོར་བར་མྱ་ངན་དུས་དྲན་ཞུ་འོས་པ་ལས་དགའ་སྟོན་རྟེན་འབྲེལ་ཞུ་ག་ལ་འོས། གལ་ཏེ་མིན་ན་ལོ་འཁོར་༣༦༠ དེ་ང་ཚོའི་རྒྱལ་ཁ་ཞིག་ཏུའང་བརྩིས་ཆོག་པ་མིན་ནམ། དེ་བས་ན་ང་ཚོས་དེ་རིང་གི་ཉི་མ་འདིར་དགའ་སྡུག་གང་ཡང་བསྟན་ཆོག་པ་ཞིག་ཡིན་ལ། དགའ་སྐྱོ་གང་ཡང་འབྱུང་སྲིད་པ་ཞིག་རེད།

          གནས་བབ་དེ་ནི་ཆབ་སྲིད་ལོ་རྒྱུས་ཀྱི་དོན་གནད་འགངས་ཆེན་ཞིག་ཡིན་པས་ང་ཚོས་སྐབས་འདིར་ལོ་རྒྱུས་དང་ལྷན་དུ་ཆབ་སྲིད་ཀྱི་གནས་བབ་ཀྱང་གླེང་དགོས། ༡༩༥༠ ལོར་ཏཱ་ལའི་བླ་མ་བཅུ་བཞི་བ་ཆེན་པོས་ལུགས་གཉིས་ཐུགས་འགན་དངོས་སུ་བཞེས་པ་ནི་འགྱེལ་ལ་ཉེ་བའི་སེང་དར་དེ་དམ་པོར་བཙུགས་པ་ཞིག་ཡིན་ལ། ༡༩༥༡ ལོའི་བཙན་དབང་ཚུལ་མིན་གྱི་གྲོས་མཐུན་བཅུ་བདུན་པའི་རླུང་ཆེན་ལོ་དགུར་གཡུགས་ན་ཡང་སེང་དར་དེ་པོ་ཏཱ་ལའི་དབུ་རྩེ་ནས་འདར་འདར་ངང་སྐྱོད་པ་མ་ཟད། ༡༩༥༩ ལོའི་རླུང་ནག་འཚུབ་མའི་ནང་དུའང་༧གོང་ས་མཆོག་ཉིད་ཀྱིས་སེང་དར་དེ་དམ་པོར་བསྒྲེངས་ཏེ་གནས་གཞི་གསར་བར་བསྐྱོད་ཅིང་ཕྱོགས་ལས་རྣམ་རྒྱལ་གྱི་དར་ཆེན་ཤུགས་ཀྱིས་ཕྱར།

          དེ་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་དེ་བཙན་བྱོལ་བའི་སྲིད་གཞུང་ཞིག་ཆགས་པ་དང། དེ་ནས་བཟུང་སེང་དར་དེ་ཡང་ལུགས་གཉིས་དམངས་གཙོའི་གཞུང་གི་རྒྱལ་མཚན་གསར་བ་ཞིག་ཏུ་གྱུར་ནས་འཛམ་གླིང་གི་མཁའ་མཐའ་རུ་གངས་ཅན་བོད་ཀྱི་གཟི་བརྗིད་སྤྲོས།

          དེས་ན་དོན་དངོས་སུ་དགའ་ལྡན་ཕོ་བྲང་བའི་གཞུང་གི་ལེའུ་དེ་ཡང་༡༩༦༠ ནས་མཇུག་འགྲིལ་བ་དང་དུས་མཉམ་དུ་ལུགས་གཉིས་དམངས་གཙོའི་བཙན་བྱོལ་བོད་གཞུང་གི་རྒྱལ་དར་དེ་མཁའ་ལ་སྐྱོད་པ་ཡིན། དེའི་མཚུངས་ང་ཚོའི་ངག་ལ་འཇགས་པའི་བརྡ་ཆད་རྙིང་པ་དག་བཙན་གྱིས་བཀག་ན་ཡང། བོད་མིའི་དོན་གྱི་བདག་པོ་ཏཱ་ལའི་བླ་མ་སྔར་བཞིན་ལུགས་གཉིས་ཁྲི་འཕང་མཐོན་པོར་བཞུགས་པས་ན་ཚང་མའི་སྣང་ངོར་གནའ་བོའི་ཕྱོགས་ལས་རྣམ་རྒྱལ་གྱི་སེང་དར་རང་འཇགས་སུ་སྣང་ན་ནི་བསམ་བློའི་གནད་དོན་གྱི་འཁྲུལ་སྣང་ཞིག་གམ། ཡང་ན་བསམ་བློར་གསར་བརྗེ་མ་བྱས་པའི་རྟགས་མཚན་ཞིག་ཏུ་ངོས་བཟུང་ཡང་ཆོག དེ་བས་གཞུང་ཐམ་ཡང༌། ལུགས་ཟུང་དམངས་གཙོའི་སྐྱབས་བཅོལ་བོད་གཞུང༌། ཞེས་པ་ལྟ་བུར་བསྒྱུར་འོས།

          མདོར་ན། དེ་རིང་གི་ཉིན་མོ་འདི་དགའ་ལྡན་ཕོ་བྲང་བའི་གཞུང་དར་དེ་དམངས་གཙོའི་དར་ཆེན་ཞིག་ཏུ་བསྒྱུར་ནས་ལོ་ངོ་ཞེ་གཉིས་འདས་པའི་རྣམ་པ་གསར་བ་དང་གྲུབ་འབྲས་གསར་བའི་གཟི་བརྗིད་ཀྱི་ཉིན་མོ་ཞིག་ཡིན་ལ། འདི་ནི་སང་ཉིན་གྱི་རེ་སྨོན་གསར་བའི་རྒྱལ་ཁ་ཞིག་གི་རྒྱབ་ལྗོངས་ཀྱང་ཡིན་ངེས་སོ།

 

༢༠༠༢།༥།༢༡

 

<<སྤྱི་ཚོགས་མེ་ལོང>>དུ་བཀོད།

Comments: 2
  • #2

    admin (Sunday, 21 April 2024 09:45)

    1

  • #1

    admin (Sunday, 21 April 2024 05:08)

    1

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php