༄།བོད་པ་སྲིད་གཞུངསྟེ། ཁམས་པ་རང་བཙན་རྒྱལ་ཕྲན་གསར་པ།

 

 

གླེང་གཞི།

 

           ‘བོད་པ་སྲིད་གཞུངཞེས་པའི་སྐོར་འདི་རྒྱ་བོད་གཉི་གའི་ནང་ལ་ཡོངས་གྲགས་མིན་པའི་ལོ་རྒྱུས་ཀྱི་གསང་གནད་ཅིག་ཡིན་པས་མི་མང་པོས་འདིའི་སྐོར་ཡུན་རིང་ཤེས་ཐུབ་མེད་ལ་ལྷག་པར་ཁ་གསལ་དོན་གོའི་ངེས་པ་ཞིག་རྙེད་མེད། ལོ་རྒྱུས་འགངས་ཆེན་འགའ་རེ་སྲིད་དོན་གྱི་དགོས་མཁོའི་དབང་གིས་སྦ་གསང་དང་འཁྱོག་འགྲེལ་བྱེད་པ་ནི་རྒྱ་ནག་སྲིད་གཞུང་གི་ཐོག་མཐའ་བར་གསུམ་གྱི་གཡོ་འཕྲུལ་ཞིག་ཡིན་པས། སྒྲིབ་ཞྭ་འདིའི་འོག་ན་མགོ་འཐོམས་པའི་གྲངས་ཉུང་མི་རིགས་ད་དུང་ཡང་མང་པོ་ཡོད། ཕུལ་བྱུང་གསར་བརྗེ་བ་ཕུན་དབང་མཆོག་གིས། “ ‘བོད་པ་སྲིད་གཞུངདང༌། རྩ་དོན་འདིའི་སྐོར་ལ་ཆ་རྒྱུས་མེད་པ་དང༌། ཧ་མི་གོ་མཁན་གྱི་མི་རྣམས་ཀྱིས་སྐད་ཆ་འདིའི་སྐོར་གཡོལ་ནས་མི་གླེང་བ་དང༌། ཡང་ན་གང་བྱུང་འཁྱོག་བཤད་བྱེད་པའམ་དགོས་མེད་སྒྲོ་འདོགས་བྱས་ནས་ལོ་རྒྱུས་ཀྱི་དངོས་དོན་མི་གསལ་རྙོག་པོ་བཟོ་གི་ཡོད་པ་རེད།” ཅེས་གསུངས་ཡོད། ཁོང་གིསབོད་པ་སྲིད་གཞུངསྐོར་ཧ་ཅང་ཁ་གསལ་དྲང་བདེན་གྱིས་བརྗོད་པར་བརྟེན་གཞི་ནས་ཀྲུང་དབྱང་གིས་ཀྱང་འདིའི་སྐོར་མི་གླེང་ཀ་མེད་དུ་གྱུར་ཡོད། འོན་ཀྱང་ད་དུང་ཡང་དོན་དངོས་ཇི་བཞིན་གླེང་འདོད་མེད་པའི་རྣམ་འགྱུར་ཧ་ཅང་གསལ་བའི་དཔེ་མཚོན་ཞིག་ནི།<<དེང་དུས་ཀྲུང་གོ>>དུས་དེབ་ཁང་གིས་གཙོ་གཉེར་བྱེད་ཀྱིན་པའི<<པོ་ཏ་ལ>>༢༠༠༥ ལོའི་འདོན་ཐེངས་བདུན་པའི་ནང བྱ་རྒོད་སྟོབས་ལྡན་གྱི་མི་ཚེ་གླེང་བའི་སྐབས་སུ་དོན་དེའི་སྐོར་ཟུར་ཙམ་གླེང་འདུག་པ་འདི་ལྟར། “༡༩༣༦།༥།༡། ཁམས་ཁུལ་རྫོང་ཁག་བཅུ་དྲུག་གི་འཐུས་མི་བདུན་བརྒྱ་ལྷག་ཙམ་ཞིག་དཀར་མཛེས་སུ་འཛོམས་ནས། ཀྲུང་ཧྭ་སུའུ་ཝེ་ཨེ་དཀར་མཛེསབོད་པ་སྲིད་གཞུངདབུ་བརྙེས་པའི་ཚོགས་ཆེན་ལ་ཞུགས་པ་རེད། ཚོགས་ཆེན་དེའི་ཐོག་བྱ་རྒོད་སྟོབས་ལྡན་དང་དགེ་རྟག་མཆོག་སྤྲུལ་སྐུ་ཕྲེང་ལྔ་པ་སོགས་བོད་པ་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་འདེམས་བསྐོ་བྱུང་བ་རེད།ཅེས་བྲིས་འདུག ཚིག་དུམ་འདིས་ད་ལྟ་ཀློག་པ་པོ་མི་ཉུང་བ་ཞིག་ལ་ཐེ་ཚོམ་དང༌། དོགས་སློང་སོགས་ཚོར་རྟོགས་ཅི་རིགས་ཤིག་བསྐྱེད་ཡོད་པར་མ་ཟད་མང་པོ་ཞིག་ལ་མགོ་རྨོངས་ཀྱང་ཐེབས་ངེས།

          ད་སྔ་བདག་གིས་མཐོང་བའི་ལོ་རྒྱུས་ཡིག་ཆའི་ནང<<བོད་མི་གསར་བརྗེ་བ་ཞིག>>གི་ཟུར་བཀོད་ཉ་པ་དེ་ཙམ་ཡིན། དེའི་ནང་ལ་ཕུན་དབང་མཆོག་གིས། “དམར་དམག་ཁམས་བྱང་རྒྱུད་ཀྱི་གལ་ཆེའི་གྲོང་རྡལ་དཀར་མཛེས་སུ་སླེབས་སྐབས་དེར་ཏང་གི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ནས་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཀྲུའུ་ཏེ་ཡི་ཁྲིད་སྟོན་འོག་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་པ་སྲིད་གཞུང་བཙུགས་པ་་་ཞེས་དང༌། “་་་ཕྱོགས་ཚང་མ་མཉམ་དུ་གྲ་སྒྲིག་དང་ནང་གྲོས་བྱས་པ་བརྒྱུད་དཀར་མཛེས་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པ་སྐལ་བཟང་བསྟན་འཛིན་གྱིསབོད་པ་སྲིད་གཞུངགི་ཀྲུའུ་ཞིའི་འགན་བཞེས་པ་དང༌། ཁམས་བྱང་རྒྱུད་ཀྱི་བྱ་རྒོད་སྟོབས་ལྡན་གྱིས་ཕྱི་འབྲེལ་བློན་ཆེན། ཁམས་ལྷོ་རྒྱུད་ཀྱི་སྤོམ་མདའ་སྟོབས་རྒྱལ་གྱིས་ནོར་སྲིད་བློན་ཆེན། མགོན་པོ་བཀྲ་ཤིས་དང་བཀྲ་ཤིས་དབང་ཕྱུག་སོགས་ཀྱིས་དམག་དོན་གྱི་གཙོ་འགན་བཞེས་ཡོད།དེ་ལྟར་དགེ་སྟག་སྤྲུལ་སྐུ་དབུ་བཞུགས་འོག་ཁམས་ལྷོ་བྱང་གཉིས་ཀྱི་མཐོ་རིམ་མི་དྲག་ཁག་གིས་གཙོ་བྱས་པའི་བོད་པ་སྲིད་གཞུངབཙུགས་ཚུལ་གསུངས་ཡོད།

          ཁྱོད་ཀྱིས་སོམས་དང༌། གོང་གསལ་ཚིག་དུམ་འདི་གཉིས་ལསབོད་པ་སྲིད་གཞུངཞིག་བཙུགས་ཚུལ་བརྗོད་པ་མཐུན་ན་ཡང༌། སྐད་ཆ་དེས་གོ་བརྡ་སྤྲོད་སྟངས་ཆ་ནས་གནམ་ས་ལྟ་བུའི་ཁྱད་པར་ཞིག་ཡོད་པ་ཚོར་རྟོགས་ཐུབ་བམ།

          གཤམ་དུབོད་པ་སྲིད་གཞུངའཛུགས་ཐུབ་པའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང༌། སྲིད་གཞུང་དེའི་ངོ་བོ། དེ་བཙུགས་པའི་དགོས་པ་དམིགས་ཡུལ། ཀྲུང་དབྱང་གིས་དེ་ལ་གཡོལ་ཐབས་དང་འཁྱོག་འགྲེལ་བྱེད་དགོས་དོན། ལོ་རྒྱུས་འདི་དང་ད་ལྟའི་ང་ཚོའི་ལམ་དབུ་མའི་ཆབ་སྲིད་བར་ལ་འབྲེལ་བ་ཅི་ཡོད་བཅས་ཀྱི་སྐོར་ལ་དཔྱད་བརྗོད་ཐུང་ངུ་གོ་བདེ་ཞིག་འབྲི་བར་འབད་པར་བྱའོ།།

 

གཅིག ‘བོད་པ་སྲིད་གཞུངགསར་འཛུགས་ཐུབ་པའི་

སྤྱི་ཚོགས་ཀྱི་མཐུན་རྐྱེན་ནམ་རྒྱབ་ལྗོངས།

 

          བོད་གངས་ཅན་ལབོད་གཞུང་དགའ་ལྡན་ཕོ་བྲངཡོད་བཞིན་དུ། ཁམས་དཀར་མཛེས་སབོད་པ་སྲིད་གཞུངགཉིས་པ་ཞིག་གསར་འཛུགས་བྱས་པ་དེར་ལོ་རྒྱུས་ཀྱི་ཆ་རྐྱེན་དུ་མ་ཞིག་ཡོད་ངེས་ཀྱང་བདག་གིས་སྤྱི་ཚོགས་ཀྱི་གཞི་རྩའི་མཐུན་རྐྱེན་བཞི་འཛོམས་ཚུལ་མཐོང༌།

          དང་པོ། ལོ་རབས་སུམ་ཅུ་བའི་ནང་དེར་རི་པིན་གྱིས་རྒྱ་ནག་ལ་བཙན་འཛུལ་དམག་འཁྲུག་སློང་གིན་ཡོད་པའི་ཐོག གོ་མིན་ཏང་དང་གུང་ཁྲན་ཏང་བར་ལ་སྲིད་དབང་འཕྲོག་རྩོད་ཀྱི་ནང་འཁྲུག་ཚ་བས་རྒྱ་ནག་ལ་ཉེན་ཁ་དང་དཀའ་ངལ་ཤིན་ཏུ་ཆེ་བའི་སྐབས་ཤིག་ཡིན་ལ། ལྷག་པར་དམར་དམག་གི་མཐུན་རྐྱེན་ཧ་ཅང་སྐྱོ། ཁོ་ཚོ་གསར་བརྗེའི་གནས་གཞི་ཡན་ཨན་དུ་བསྐྱོད་དགོས་པ་དང༌། ལམ་ཁར་གོ་མིན་ཏང་གི་དམག་དཔུང་ལ་གཡོལ་ཆེདདམར་དམག་རྒྱང་སྐྱོདཅེས་ལ་དགུ་ལུང་དགུ་མང་པོ་ཞིག་བསྐོར་ནས་བསྐྱོད་དགོས་བྱུང་བས། དམག་དཔུང་ཁག་ཅིག་གིས་བོད་ཀྱི་ཁམས་ཁུལ་མ་བརྒྱུད་ཐབས་མེད་བྱུང་ནས། ༡༩༣༦་ལོར་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཀྲུའུ་ཏེ་དང་དམག་སྤྱི་ཆེན་མོ་ཧོ་ལུང་གིས་ཁྲིད་པའི་དམག་དཔུང་དེ་སྡེ་རོང་དང༌། འབའ་ཐང༌། དཔལ་ཡུལ། སྡེ་དགེ་བཅས་བརྒྱུད་དེ་དཀར་མཛེས་སུ་སླེབས་འདུག འདི་ནི་ལོ་རྒྱུས་འདིའི་སྟེས་དབང་གི་ཕྱིའི་སྤྱི་ཚོགས་རྒྱབ་ལྗོངས་དེ་རེད།

          གཉིས་པ། སྐབས་དེའི་གུང་ཁྲན་ཏང་གི་དར་ཆ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ངོ་མ་ཡིན་ལ། དར་ཆ་དེའི་འོག་ཏུ་འཚར་ལོངས་འབྱུང་བཞིན་པའི་གསར་བརྗེའི་ཏང་མི་ངོ་གནོང་མི་དགོས་པའང་གང་མང་ཐོན་གྱིན་ཡོད། དཔེར་ན་རང་རེའི་ཕུན་དབང་མཆོག་དང༌། སྐབས་དེའི་དམར་དམག་གི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཀྲུའུ་ཏེ་དང་དམག་སྤྱི་ཧྭོ་ལོང་ལྟ་བུ་རེད། “སུ་ཞིག་གིས་མི་རིགས་རང་ཐག་རང་གཅོད་བྱ་རྒྱུ་དེ་ཁས་མི་ལེན་པ་ཡིན་ན། དེ་ནི་སྤྱི་ཚོགས་རིང་ལུགས་པ་ཞིག་མིན་ལ། ཐ་ན་དམངས་གཙོ་རིང་ལུགས་པ་ཞིག་ཀྱང་མིན།ཞེས་པ་སོགས་ལེ་ཉིན་གྱི<<མི་རིགས་རང་ཐག་རང་གཅོད་ཀྱི་རྣམ་བཤད>>དགོངས་དོན་ཇི་བཞིན་ལག་ལེན་བྱེད་ཕོད་པའི་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་པའི་ཆབ་སྲིད་བསམ་བློ་དང་ལྡན་པ་ནི་སྟབས་ལེགས་ཕྱིའི་ཆབ་སྲིད་བསམ་བློའི་རྒྱབ་ལྗོངས་དེ་རེད།

          གསུམ་པ། སྐབས་དེར་གོ་མིན་ཏང་གི་དབང་ཤུགས་དང་ལྷག་པར་དམག་ཤེད་ཅན་ལིའུ་ཝན་ཧའེ་ཡི་དཔུང་གིས་ཁམས་ཁུལ་ལ་དབང་སྒྱུར་དྲག་གནོན་བྱས་དང་བྱེད་བཞིན་པ་ནི་ཁམས་པ་མི་མང་ཙམ་དུ་མ་ཟད་གུང་ཁྲན་ཏང་གིའང་དགྲ་ཟླ་ཡིན་པའི་གནས་བབ་དེ་ནི་ཕྱི་ནང་གཉི་གའི་མཐུན་རྐྱེན་ཞིག་ཅི་ལ་མིན།

          བཞི་པ། སྐབས་དེ་དག་ཏུ་བོད་གཞུང་གི་དམག་དང་ཁམས་པའི་བར་ལ་དགྲ་ཟླའི་འགལ་བ་ཞིག་ཡོད་པའི་ཐོག་ལྷ་སའི་སྐུ་དྲག་ལམ་ལུགས་ལ་ངོ་རྒོལ་དང་གསར་བརྗེ་བྱེད་དགོས་པའི་བསམ་བློ་གསར་བ་ཞིག་བྱུང་བ་ནི་ནང་གི་སྤྱི་ཚོགས་མཐུན་རྐྱེན་གཙོ་བོ་ཞིག་ཡིན། དེ་ལྟའི་སྤྱི་ཚོགས་ཀྱི་མཐུན་རྐྱེན་ཀུན་ཚང་གི་རྟེན་འབྱུང་ལས་ད་གཟོདབོད་པ་སྲིད་གཞུངགསར་པ་དེ་ཚུགས་ཐུབ་པ་ཞིག་ཏུ་མཐོང༌།

 

གཉིས། ‘བོད་པ་སྲིད་གཞུངགི་ངོ་བོ་མཚོན་པའི<<བོད་པ་སྲིད་གཞུང་གི་རྩ་འཛིན་སྒྲིག་ཡིག>>

 

         བོད་པ་སྲིད་གཞུངགི་ངོ་བོ་ནི་རང་བཙན་ཡིན། དེ་བས་བདག་གིས་བོད་པ་སྲིད་གཞུངགི་མིང་གི་རྣམ་གྲངས་ལཁམས་པ་རང་བཙན་རྒྱལ་ཕྲན་གསར་པཞེས་བརྗོད་ཡོད། ཁྱོད་རང་ཡིད་ཆེས་དཀའ། རྒྱུ་མཚན་ནི་གསར་བརྗེའི་ཏང་ཡོན་དམར་དམག་གི་སྤྱི་ཁྱབ་དམག་སྤྱི་ཞིག་གི་སློབ་སྟོན་དང་རྒྱབ་སྐྱོར་འོག་བཙུགས་པས་ན། རང་བཙན་གྱི་ངོ་བོ་ཅན་གྱི་སྲིད་གཞུང་གསར་པ་ཞིག་འཛུགས་མི་སྲིད་སྙམ་པ་ཁག་མེད། ངོ་མ་རྒྱ་ནག་གི་གསར་བརྗེའི་ཏང་ཡོན་སྤྱི་དང་ལྷག་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུ་ཁྲིད་ཕལ་མོ་ཆེས་མར་ལེ་རིང་ལུགས་ཀྱི་དགོངས་དོན་འགའ་རེར་བརྩི་འཇོག་མེད་པར་ཀྲུང་གོ་བའམ་རྒྱ་མི་རིགས་ཆེན་པོའི་ཁེ་ཕན་ལ་དམིགས་ཏེ་སྲིད་དོན་གྱི་གཡོ་འཕྲུལ་མང་པོ་བསྟན་དང་སྟོན་བཞིན་པས་ཁྱོད་ཚོ་ངོ་མ་དོགས་པ་ལོས་ཟ། ཡིན་ནའང༌། མར་ལེ་རིང་ལུགས་པའི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དངོས་ནི་དངོས་ཐོག་བདེན་འཚོལ་གྱིས་ལོ་རྒྱུས་ཀྱི་གནད་དོན་ཁས་ལེན་པ་དེ་ཡིན་པས། ཆབ་སྲིད་ལོ་རྒྱུས་རིག་པ་ལ་མཚོན་ནའང་དེ་ལས་མ་འདས། ཁྱོད་ཀྱིས་ཡིད་ཆེས་ཆོག་པའི་རྒྱུ་མཚན་གཅིག་རང་ཡོད་པ་ཡང༌། གལ་ཏེ་སུ་ཞིག་མར་ལེ་རིང་ལུགས་པ་ངོ་མ་ཞིག་ཡིན་ན་དེས་མི་རིགས་རང་ཐག་རང་གཅོད་ལྟ་བུའི་དོན་ཆེན་གང་ཞིག་བསྒྲུབས་ཀྱང་གཡོ་སླད་མེད་པར་ངོས་འཛིན་ཆོག་པ་དེ་རེད། དེ་ཡང་མར་ལེ་བ་ཕུན་དབང་མཆོག་གིས། “དེ་ནི་སྐབས་དེར་ཀྲུང་གོ་གུང་ཁྲན་ཏང་ནི་རྒྱལ་སྤྱིའི་གུང་ཁྲན་གྱི་ཡན་ལག་ཅིག་ཡིན་པ་མཚོན་ཡོད་པ་དང༌། རྒྱལ་སྤྱིའི་གུང་ཁྲན་གྱིས་གཏན་འབེབས་བྱས་པའི་མི་རིགས་རང་ཐག་རང་གཅོད་ཀྱི་དབང་ཆའི་རྩ་དོན་ལ་བརྩི་བཀུར་ཞུ་བར་མ་ཟད། ཀྲུང་གོའི་མི་རིགས་གནད་དོན་དང་ས་གནས་དེ་གའི་བོད་རིགས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་སྦྲེལ་བྱས་ནས་དགེ་སྟག་སྤྲུལ་སྐུ་དབུ་བཞུགས་འོག་ཁམས་ལྷོ་བྱང་གཉིས་ཀྱི་མཐོ་རིམ་མི་གྲགས་ཀྱིས་གཙོ་བོར་བྱས་པའི་བོད་པ་སྲིད་གཞུང་དེ་བཙུགས་པ་རེད།ཅེས་གསུངས་པ་ལྟར་མ་མཐའ་ཡང་ཀྲུའུ་ཏེ་དང་ཧོྭ་ལོང་གཉིས་ནི་སྐབས་དེར་མར་ལེ་བ་ངོ་མ་ཞིག་ཡིན་པར་ཁས་ལེན་ཆོག

       གལ་ཏེ་ཁྱོད་རང་སྲིད་དོན་རིག་པར་ཚོར་རྟོགས་རྣོ་བ་ཞིག་ཡིན་ན་གཤམ་གསལ<<བོད་པ་སྲིད་གཞུང་གི་རྩ་འཛིན་སྒྲིག་ཡིག>>འདི་ལ་ཐེངས་གཅིག་གཟིགས་དང་ངེས་ཤེས་རྙེད་ངེས་ཡིན།

          གཅིག རྒྱ་དཔོན་དང༌། དམག་ཤེད་ཅན། དབྱིན་ཇི་དང་རི་པིན་བཙན་རྒྱལ་རིང་ལུགས་བཅས་གཏོར་ཕམ་གཏོང་དགོས་པ་དང༌། གསེར་གྱི་བཟོ་གྲྭ་དང༌། གཏེར་ཁ། ས་ཞིང༌། ནོར་རྫས་བཅས་གཞུང་བཞེས་བྱས་ནས། བོད་པའི་དབུས་སྡེ་པ་ལ་སྤྲོད་དགོས།

          གཉིས། བོད་མི་རང་བཙན་དང༌། བོད་པ་དབུས་སྡེ་པའི་རང་བཙན་སྲིད་གཞུང་བཙུགས་ནས་བོད་ས་བོད་མི་རང་གིས་འཛིན་དགོས།

          གསུམ། བོད་མིའི་རང་བཙན་དམག་དཔུང་བཙུགས་ནས་བོད་རང་བཙན་སྲུང་སྐྱོབ་བྱ་དགོས།

བཞི། ས་ཆ་རྣམས་བོད་པ་དབུས་སྡེ་པ་ལ་སྤྲད་ནས་མི་སུས་ས་ཞིང་རྨོ་བརྐོ་བྱས་ན་དེ་ལ་བདག་དབང་ཡོད་པ་དང༌། ཉོ་ཚོང་དང༌། བོགས་མར་གཏོང་བ། གཏའ་མར་འཇོག་པ། དཔའ་དར་བཏགས་པ། ཆུ་རྐ་བཟོ་བ་སོགས་རང་མོས་བྱ་ཆོག

          ལྔ༌། མི་ལ་གྲལ་རིམ་དབྱེ་བའི་ལུགས་སྲོལ་མེད་པ་བྱེད་ཅིང༌། བོད་པ་དབུས་སྡེ་པའི་མི་ཚང་མར་འདྲ་མཉམ་གྱི་རང་དབང་སྤྲོད་དགོས། ལྷག་པར་དུ་བུད་མེད་དང་གཞོན་ནུ་ལ་སྲུང་སྐྱོབ་བྱ་དགོས།

          དྲུག ཆོས་དད་རང་མོས་དང༌། སྐྱ་བབས་རང་མོས། དགོན་པའི་ས་ཞིང་དང༌། རྒྱུ་ནོར་གཞུང་བཞེས་མི་བྱ།

          བདུན། བྲན་གཡོག་བཅིངས་འགྲོལ་གཏོང་རྒྱུ་དང༌། ཁྲལ་ངན་སྣ་ཚོགས་མེད་པ་བཟོ་དགོས།

          བརྒྱད། འབྲོག་ལས་དར་སྤེལ་གཏོང་རྒྱུ་དང༌། འབྲོག་ར་དང་འབྲོག་ས་སྲུང་སྐྱོབ་བྱས་ནས་འབྲོག་པའི་འཚོ་བ་ལེགས་སུ་གཏོང་དགོས།

          དགུ འབྲུ་ཁྲལ་ཉུང་དུ་གཏོང་བ་དང༌། ཚོང་ལས་ལ་སྐུལ་འདེད། བཟོ་བ་སྲུང་སྐྱོབ་བཅས་བྱ་དགོས།

          བཅུ། དམར་དམག་དང་བོད་པ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྒེར་དང༌། ཚོགས་པ་ཐམས་ཅད་དང་མཉམ་འབྲེལ་བྱ་དགོས།

          འདི་ནི་བོད་མི་གསར་བརྗེ་བ་ཞིག་གི་ཟུར་རྒྱན་ཉ་པ་སྟེ། དེ་སྔོན་གོ་མིན་ཏང་གི་ཉིན་རེའི་ཚགས་པར་ནང་བཀོད་མྱོང་བའི་བདེན་དཔང་རྩ་འཛིན་གྱི་ཡིག་ཆ་ཧ་ཅང་གལ་ཆེན་ཞིག་རེད།

          ལྟོས་དང༌། འདི་ནི་རྒྱལ་ཁབ་ཅིག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་རིན་ཐང་ཡོད་པའིརྩ་འཛིན་སྒྲིག་ཡིགཅིག་མ་རེད་དམ། མི་རིགས་ཀྱི་ཆ་ནས་བཤད་ན་ཁམས་པ་ཡང་བོད་པ་ཡིན་པས། ཁམས་པ་སྲིད་གཞུང་ཞེས་མ་བཏགས་པ་ནི་གཞི་རྩའི་མི་རིགས་ཀྱི་གནད་དོན་རྩ་གནད་དུ་བཟུང་པས་རེད། སྲིད་གཞུང་གི་འཛིན་སྐྱོང་ཡངརྩ་འཛིན་སྒྲིག་ཡིགགི་རང་བཙན་དགོངས་དོན་གྱི་ངོ་བོ་དང་ཧ་ཅང་མཐུན་པར་དགེ་སྟག་སྤྲུལ་སྐུས་རྒྱལ་ཁབ་ཀྱི་གཙོ་འཛིན་དང༌། དེ་བཞིན་ཕྱི་ནང་གི་བློན་ཆེན་དག་ཀྱང་ཁམས་པ་རང་མི་ཤ་སྟག་བསྐོས་ཡོད།བོད་པ་སྲིད་གཞུངའདིའི་མངའ་ཁོངས་ཀྱི་ཆ་ནས་དེ་ཙམ་རྒྱ་ཆེན་པོ་མིན་ལ་སྐུ་ཚེ་ཡང་ཐུང་ཙམ་ལས་མ་བྱུང་མོད་གང་ལྟར་རང་བཙན་རྒྱལ་ཕྲན་གྱི་ངོ་བོར་གྱུར་པའིབོད་པ་སྲིད་གཞུངགསར་པ་འདི་ནི་རྒྱ་བོད་གཉིས་ཀྱི་ཆ་ནས་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེ་བའི་ལེའུ་གསར་པ་ཞིག་ཆགས་ཡོད།

 

གསུམ། ‘བོད་པ་སྲིད་གཞུངགསར་བཙུགས་ཀྱི་དགོས་དམིགས།

 

          བདག་གིས་གོང་དུབོད་པ་སྲིད་གཞུངགསར་འཛུགས་སྐབས་ཀྱི་སྤྱི་ཚོགས་མཐུན་རྐྱེན་སྐོར་གནད་དོན་གཙོ་བོ་བཞི་གླེང་བ་དེ་དང༌། ལྷག་པར་གོང་གིརྩ་འཛིན་སྒྲིག་ཡིགགི་ནང་དོན་ལ་གཞིགས་ཚེ་ང་ཚོསབོད་པ་སྲིད་གཞུངགི་དགོས་པ་དམིགས་ཡུལ་ཡང་གཞན་ཞིག་ལ་བསམ་གཞིགས་ཀྱིས་རྣམ་རྟོག་མང་པོ་སྐྱེ་དགོས་དོན་མེད་པར་ལས་སླ་བོར་བཤད་ཆོག་པ་ནི། གནས་སྐབས་ཀྱི་དགོས་པ་སྐབས་དེའི་ཁམས་ཁུལ་གྱི་རྒྱ་དཔོན་རིགས་དང༌། གོ་མིན་ཏང་གི་དམག་ཤེད་ཅན་ལིའུ་ཝན་ཧའེ་ཕྱིར་སྐྲོད་གཏོང་བ་དང༌། དེ་བཞིན་དབྱིན་ཇི་དང་འཇར་པན་གྱི་བཙན་འཛུལ་ལ་གདོང་ལེན་བྱ་རྒྱུ་དང་གཅིག དམག་དཔུང་རྒྱ་བསྐྱེད་ཀྱིས་རང་ཁོངས་བརྟན་སྲུང་བྱས་ནས་བོད་རང་བཙན་བརྟན་གནས་བྱ་རྒྱུ་དང་གཉིས། གང་མྱུར་སྐུ་དྲག་གི་ལམ་ལུགས་ལ་སྒྱུར་བཀོད་ཀྱིས་མི་ཚང་མར་རང་དབང་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་རྒྱུ་དང་གསུམ། རིམ་བཞིན་འབྲོག་ལས་དང་བཟོ་ཚོང་ཐོན་སྐྱེད་ཡར་རྒྱས་གཏོང་རྒྱུ་དང་བཞི། དམར་དམག་དང་བོད་པ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མར་མཉམ་འབྲེལ་གྱིས་མུ་མཐུད་གསར་བརྗེ་བྱ་རྒྱུ་དེ་ལྔ་བོ་ནི་དགོས་པ་དང་དམིགས་ཡུལ་གཙོ་བོ་དག་ཡིན་ནོ།

          ཡང་བོད་པ་སྲིད་གཞུངགསར་འཛུགས་གནང་རོགས་ཀྱི་དམར་དམག་གམ་གུང་ཁྲན་གྱི་ངོས་ཁོ་ནས་བལྟས་ན་སྤྱིར་བོད་སྤྱི་ཚོགས་ཀྱི་གནས་བབ་ཀྱང་ངེས་པར་གསར་བརྗེ་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད་པས་འདི་ལྟའི་གསར་བརྗེ་ལས་དོན་སྒྲུབ་རྒྱུ་དེ་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་པའི་འོས་འགན་ཞིག་ཡིན་པ་དང༌། སྒོས་སུ་དམར་དམག་རང་ལའང་སྐབས་དེར་ཁྱིམ་མཚེས་རྒྱལ་ཁབ་དག་གི་རོགས་སྐྱོར་ཧ་ཅང་མཁོ་བ་བཅས་ནི་ཕར་ཕྱོགས་ལ་ལྟོས་པའི་དགོས་པ་དམིགས་ཡུལ་དུ་བརྩི་ཆོག་གོ །

 

བཞི། ཀྲུང་དབྱང་གིས་ནམ་ཡངབོད་པ་སྲིད་གཞུངསྐོར་གླེང་འདོད་མེད་པ་དང་འཁྱོག་བརྗོད་བྱེད་དོན།

 

          ཀྲུང་དབྱང་གིས་ཡུན་རིངབོད་པ་སྲིད་གཞུངསྐོར་ཁ་གསལ་གྱིས་གླེང་སློང་བྱས་མེད་ལ་མི་གླེང་ཐབས་མེད་རེ་བྱུང་ནའང་ལོ་རྒྱུས་ངོ་མ་གླེང་གིན་མེད། དཔེར་ན་གོང་དུ<<པོ་ཏ་ལ>>ཡི་ནང་དུ་དགེ་སྟག་སྤྲུལ་སྐུ་དང་བྱ་རྒོད་སྟོབས་ལྡན་གཉིས་ཀྲུའུ་ཞི་གཞོན་པར་བདམས་ཚུལ་བཤད་པ་ལྟ་བུ་རེད། རྩོམ་ཡིག་འདི་རྒྱ་མི་སྒེར་བ་ཞིག་གིས་བྲིས་པ་ཡིན་མོད། དེའི་ནང་དོན་ནི་ཀྲུང་དབྱང་གི་སྲིད་ཇུས་ལ་རྒྱབ་སྐྱོར་རམ། ཡང་ན། ཀྲུང་དབྱང་གི་ལམ་སྟོན་གཡོ་འཕྲུལ་འོག་མགོ་འཐོམས་ཀྱིས་བྲིས་པ་གཉིས་གང་རུང་ཞིག་ཡིན་པ་ཐག་གིས་ཆོད།

          འཁྱོག་བརྗོད་འདིར་ཀྲུའུ་ཞི་གཙོ་གཞོན་ནམ་ཡང་ན་ཀྲུའུ་ཞི་དང་བློན་ཆེན་གྱི་གོ་མིང་ཙམ་ནོར་བ་ལྟ་བུ་མིན་པར་ཆབ་སྲིད་ཀྱི་གོ་དོན་ཟབ་མོ་ལྡན་པ་སྟེ། དགེ་སྟག་སྤྲུལ་སྐུ་ཀྲུའུ་ཞི་གཞོན་པར་བདམས་ཞེས་པ་ཙམ་ལས་ཀྲུའུ་ཞི་གཙོ་བོ་སུ་ཡིན་བརྗོད་མེད། སྐད་ཆ་དེའི་ཤུགས་ནས་ཀྲུའུ་ཏེ་ཀྲུའུ་ཞི་གཙོ་བོ་ཡིན་ཚུལ་བསྟན་ཡོད། དེ་ཡིན་ནབོད་པ་སྲིད་གཞུངནི་རང་བཞིན་གྱིས་ཀྲུང་གོའི་ཁོངས་གཏོགས་སྲིད་འཛིན་ས་ཁུལ་ཞིག་ཆགས་པ་ལས་རང་བཙན་གྱི་ངོ་བོ་ཞིག་མིན། ཡང་བྱ་རྒོད་སྟོབས་ལྡན་ལའང་གཙོ་འཛིན་གཞོན་པ་དང་སྤྱི་ཁྱབ་དམག་སྤྱིའི་གོ་གནས་ཤིག་རང་བཞིན་ཐོབ་འོས་པ་ཞིག་རེད། གཙོ་འཛིན་དང་སྤྱི་ཁྱབ་དམག་སྤྱི་ཆེན་མོ་གཉིས་ནི་ཆབ་སྲིད་དབང་ཆའི་ཐོག་ཆེས་གལ་འགངས་ཆེ་བ་ཞིག་ཡིན་པས། གལ་ཏེ་དབང་ཆ་འདི་གཉིས་རྒྱ་མི་ཞིག་གིས་བཟུང་པ་ཡིན་ན་དེ་ལ་མི་རིགས་རང་བཙན་ཕར་ཞོག་མི་རིགས་རང་སྐྱོང་གི་གོ་དོན་ཡང་མེད་པར་འགྱུར་བའི་གནད་དོན་ཡོད།

         བོད་པ་སྲིད་གཞུང་གི་རྩ་འཛིན་སྒྲིག་ཡིགདེ་མི་རིགས་ས་ཁོངས་རང་བཙན་གྱི་ངོ་བོ་ཅན་ཞིག་ཡིན་པ་གོང་དུ་བསྟན་ཟིན་ལ། ལྷག་པར་དུ་ཡང་དེའི་དོན་ཚན་དང་པོརགཏོར་ཕམ་གཏོང་དགོསཔའི་ཐོག་མརརྒྱ་དཔོནཞེས་གསལ་བོར་བཀོད་པསབོད་པ་སྲིད་གཞུངནང་ལ་རྒྱ་མིའི་དཔོན་པོ་ཞིག་ཡོད་ཚུལ་གྱི་རྣམ་རྟོག་དང་འཁྱོག་བརྗོད་ལ་གཞི་གང་ཡང་མེད། གལ་ཏེ་དོན་དངོས་ཐོག་ཀྲུའུ་ཏེས་གཙོ་འཛིན་ཁུར་ཡོད་ནབོད་པ་སྲིད་གཞུངསྐོར་ལ་ཏང་ཀྲུང་དབྱང་གིས་གཡོལ་ཐབས་བྱེད་མི་དགོས་པ་མ་ཟད་ལྷག་པར་འུར་ཆེན་པོས་གླེང་ངེས་པ་ཞིག་རེད།

          ཕུལ་བྱུང་གསར་བརྗེ་བ་ཕུན་དབང་མཆོག་གིས། “་་་དེར་བརྟེན་མི་རིགས་རང་ཐག་རང་གཅོད་ཀྱི་རྩ་དོན་གཞིར་བཟུང་ནས་བཙུགས་པའིབོད་པ་སྲིད་གཞུངནི། སྐབས་དེའི་ས་གནས་ཀྱི་དངོས་ཡོད་ལོ་རྒྱུས་ཆ་རྐྱེན་འོག་བསྐྲུན་པའི་གྲུབ་འབྲས་ཤིག་རེད། དེ་ལ་དོགས་པ་དང༌། བཀའ་བཀྱོན། འཁྱོག་བཤད་སོགས་གང་བྱེད་པ་ནི་ཁུངས་ལུང་མེད་པ་མ་ཟད། དགོས་པ་མེད་པ་ཞིག་ཀྱང་རེད།ཅེས་ངར་ཤུགས་ཆེན་པོས་གསུངས་པའི་གཟས་ཕྱོགས་ཀྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིན་པ་སྨྲ་ཅི་དགོས། དེ་ཡང་མཐར་གཏུགས་ན་མའོ་ཙེ་ཏུང་དང་ཀྲོའུ་ཨན་ལེ་གཉིས་ལ་ཐུག་ཡོད། ལྷག་པར་ཀྲོའུ་ཨན་ལེས་ཀྲུང་གོའི་མི་རིགས་ས་གནས་རང་སྐྱོང་ཇི་ལྟར་ལག་བསྟར་བྱ་དགོས་ཚུལ་གྱི་སྐོར་ལ་ཨུ་རུ་སུ་ལ་ལག་བསྟར་བྱས་པའི་མར་ལེའི་དགོངས་དོན་དངོས་དང་འགལ་བའི་གཏམ་བཤད་མང་པོ་བྱས་ཡོད། ཐ་ན་ཕུལ་བྱུང་གསར་བ་མར་ལེའི་བུ་ཕྲུག་བཟང་པོ་ཕུན་དབང་ཡང་གནད་དོན་འདིས་རྐྱེན་གྱིས་བཙོན་འཇུག་བྱས་པ་ཡིན་ཚུལ་ཁོང་གིས། “ཀྲང་གོ་ཧྭས། ༡༩༥༠ལོར་དམག་དཔུང་བོད་བསྐྱོད་སྐབས་སུ། ཁྱོད་རང་གི་དེབ་སྒམ་ནང་དུ་ལེ་ཉིན་གྱི<<མི་རིགས་རང་ཐག་རང་གཅོད་ཀྱི་རྣམ་བཤད>>ཅེས་པའི་དེབ་དེ་ཡོད་པ་ཐོས་བྱུང༌། ད་རེས་ལས་འགུལ་འདིའི་གོ་སྐབས་དང་བསྟུན་ནས་ཁྱེད་རང་གི་བསམ་བློར་ཁྱེད་རང་གིས་ཞིབ་བཤེར་ཅིག་གྱིས་དང༌། ཞེས་ལབ་བྱུང༌། ངས་གསར་བརྗེའི་སློབ་དཔོན་གྱི་གསུང་རྩོམ་ཀློག་པ་ཡང་བསམ་བློར་ཞིབ་བཤེར་བྱ་དགོས་པ་རེད་དམ། ཞེས་དྲིས་པ་ཡིན། དེ་ནས་སླར་ཡང་ལིའུ་ཁྲེན་ལ་སྐད་ཆ་དྲིས་པར་ཁོ་ལའང་ལན་གང་ཡང་ལབ་རྒྱུ་མི་འདུག དེ་འདྲ་ཞིག་གིས་ངའི་ཆབ་སྲིད་ཀྱི་མདུན་ལམ་དེ་ཐག་བཅད་པ་རེད།ཅེ་གསལ་བོར་གསུངས་ཡོད།

          མི་རིགས་གནད་དོན་སྐོར་གྱི་མར་ལེའི་དགོངས་དོན་རྟོགས་ན་ཏང་ཀྲུང་དབྱང་ལ་སེམས་ཁྲལ་ཧ་ཅང་ཆེ་བའི་གནད་དོན་གཙོ་བོ་ནི། ལེ་ཉིན་གྱིས་མི་རིགས་གང་ཞིག་མི་རིགས་གཞན་དག་དང་མཉམ་གནས་ཀྱིས་རྒྱལ་ཁོངས་གཅིག་ཏུ་གནས་འདོད་མེད་པར་ལོགས་སུ་རང་བཙན་བྱེད་རྒྱུའི་རང་དབང་ཡང་ཡོད་ཚུལ་སྐོར་གསུངས་པ་དེ་ཡིན་ངེས། ཕུན་དབང་མཆོག་ལ་རྟོགས་པ་འདི་ཧ་ཅང་མཐོ་བས་ན་མར་ལེ་རིང་ལུགས་པ་ངོ་མ་ཞིག་མར་ལེ་རིང་ལུགས་པ་རྫུན་མ་དག་གི་དགྲ་ཟླར་གྱུར་པ་རེད། རྗེས་སུ་ཏང་ཀྲུང་དབྱང་གིས་མི་རིགས་རང་སྐྱོང་ལྗོངས་དང༌། མི་རིགས་རང་སྐྱོང་ཁུལ། རང་སྐྱོང་རྫོང་ཟེར་བ་གསུམ་ཁག་བགོས་ཀྱིས་གྲངས་ཉུང་མི་རིགས་རྣམས་ཁ་གཏོར་དང༌། བོད་ནི་ཀྲུང་གོའི་མངའ་ཁོངས་ཀྱི་སྲིད་འཛིན་ས་ཁུལ་ཞིག་ལསརང་བཙནམིན་ཚུལ། ཐ་ནདམིགས་བསལ་སྲིད་འཛིན་ས་ཁུལགྱི་ཆ་རྐྱེན་ཡང་མེད་ཚུལ། ‘བོད་ཞི་བས་བཅིངས་འགྲོལ་བཏངཚུལ་བཅས་ནན་བརྗོད་འུར་སྒྲོག་བྱེད་ཀྱིན་པས། གལ་ཏེབོད་པ་སྲིད་གཞུངགི་ལོ་རྒྱུས་དངོས་ཁས་ལེན་བྱས་ཚེ་གོང་གི་དམ་བཅའ་དེ་དག་ཀྱང་རང་བཞིན་གྱིས་ཤོར་བ་དང་ལྷན་དུ་ནོར་འཁྲུལ་ཆེན་པོ་ཞིག་ཡོ་བསྲང་གིས་མི་རིགས་གནད་དོན་སླར་ཡང་ཐག་གཅོད་བྱ་དགོས་པ་དང་དེའི་མཚུངསབཙན་རྒྱལ་རིང་ལུགསཔ་ཞིག་གི་ངོ་གདོང་ངོ་མ་ཡང་རྒྱལ་སྤྱིས་མཐོང་བར་འགྱུར། གནད་འགག་ཆེན་པོ་དེ་དག་ལ་བརྟེན་ཀྲུང་དབྱང་གིསབོད་པ་སྲིད་         གཞུངབཙུགས་པའི་དོན་དངོས་ལོ་རྒྱུས་ལས་སླ་བོར་ཁས་ལེན་བྱེད་མི་སྲིད་པ་ཞིག་རེད་ལ་དེ་བས་ཀྱང་ཡང་དག་པ་ཞིག་ལ་ནམ་ཡང་ངོས་ལེན་བྱེད་འདོད་མེད་པ་རེད།

          དེ་ལྟར་གོང་དུ་རྒྱུ་མཚན་གསལ་བོར་ཤེས་པ་ལྟར། བོད་འདི་ཀྲུང་གོའི་མངའ་ཁོངས་མིན་པའི་ཁུངས་སྐྱེལ་ཆེས་བཙན་ཤོས་ཤིག་ནི་གུང་ཁྲན་ཏང་རང་ཉིད་ཀྱིས་གསར་འཛུགས་རོགས་མགོན་གནང་བའིབོད་པ་སྲིད་གཞུངའདི་ཉིད་དེར་སྤུའི་འུར་རྡོ་ར་ཡི་མཇིང་བརཕོག་པའི་ལོ་རྒྱུས་དངོས་འདི་ང་ཚོས་ཡང་ཡང་སྐད་གསངས་མཐོན་པོས་སྒྲོགས་པར་རིགས་སོ།།

 

ལྔ༌། ‘བོད་པ་སྲིད་གཞུངདང་ལམ་དབུ་མའི་བར་གྱི་འབྲེལ་བ།

 

          བདག་གིས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གནད་དོན་འདི་གླེང་བའི་དགོས་པ་གཙོ་བོ་ལོ་རྒྱུས་ཀྱི་བདེན་རྫུན་ཤན་འབྱེད་ཙམ་མ་ཡིན་པར། ང་ཚོས་འདས་དོན་འདི་འདྲ་གླེང་ན་ད་ལྟ་དང་འབྱུང་འགྱུར་གྱི་རྩ་དོན་ཐད་ལའང་ཕན་པ་ངེས་པར་ཡོད་དེ།ལམ་དབུ་མཡི་གནད་དོན་ལ་ཕན་འདོགས་ཐོན་ཆེད་ཡིན། འདི་གཉིས་བར་ལ་ཐད་ཀར་གྱི་འབྲེལ་བ་མེད་ཅིང་ངོ་བོ་དང་བྱེད་ལས་སོགས་ཀྱང་མི་འདྲ་བའི་གནས་སྟངས་སོ་སོ་བ་ཞིག་ཏུ་སྣང་མོད། ཀྲུང་དབྱང་གིསལམ་དབུ་མཁས་ལེན་མི་བྱེད་དོན་ཡང་ཕྱོགས་གཅིག་ནས་འདས་པའི་ལོ་རྒྱུས་ནས་དེ་འདྲའི་འོས་བབ་མེད་ཚུལ་ཤུགས་ཆེར་གླེང་བཞིན་པས་ང་ཚོས་འདས་དོན་འདི་འདྲ་གླེང་འོས་ལ་གླེང་རིན་ཡོད་པ་ཞིག་རེད། གནད་དོན་འདིས་ཐག་གཅིག་ཆོད་པ་ནི། རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་མ་བྱས་པའི་གོང་ནས།བོད་གཞུངརྙིང་པ་ཞིག་དང་གསར་པ་གཞན་ཞིག་སྟེ། བརྗོད་ཚུལ་གཞན་ཞིག་བྱས་ནབོད་ཆོལ་ཁ་གསུམལས་གཉིས་མི་རིགསམི་རིགས་རང་བཙན་རང་བདགགི་རྣམ་པར་ཡོད་པའི་ཁུངས་སྐྱེལ་ཐུབ་པ་རེད། ང་ཚོསབོད་པ་སྲིད་གཞུངགི་རྩ་འཛིན་སྒྲིག་གཞིའི་ཐོག་ནས་མི་རིགས་རང་བཙན་གྱི་ངོ་བོ་གསལ་མཚོན་ཐུབ་པས་ན། ‘བོད་གཞུང་དགའ་ལྡན་ཕོ་བྲངནི་དེ་བས་ཀྱང་བཤད་མི་དགོས་པའིརང་བཙན་རང་བདག་གི་རྒྱལ་ཁབཅིག་ཆགས་ཡོད། དེ་བས་ན་འདས་པའི་ལོ་རྒྱུས་ཀྱི་ཆ་ནས་མ་མཐར་ཡངདམིགས་བསལ་སྲིད་འཛིན་ས་ཁུལམཚན་ཉིད་ཚང་བ་ཞིག་ཡིན་པ་ར་སྤྲོད་ཐུབ།

          དེ་ལྟར་དབུས་གཙང་དང་ཁམས་ཁུལ་གཉིས་ཀྱི་ངོ་བོ་གཅིག་མཚུངས་ཡིན་པ་ཐག་ཆོད་རྗེས། ཆོལ་ཁ་ཅིག་ཤོས་མདོ་སྨད་ཀྱི་གནས་བབ་ལ་བལྟ་དགོས། མདོ་སྨད་ནི་དེ་འདྲའི་རང་བཙན་རང་བདག་གི་རྣམ་པར་མེད་མོད། རྒྱ་ནག་དང་ས་འབྲེལ་མཐའ་མཚམས་ལ་ལ་ཞིག་ལས་སྤྱི་ཡོངས་ཀྱི་ཆ་ནས་ཡར་མར་གང་གི་ཐད་ཀའི་དབང་སྒྱུར་འོག་ལ་མ་ཚུད་པརམཉམ་འབྲེལ་རང་སྐྱོང་ས་ཁུལགྱི་རྣམ་པར་གནས་ཡོད་པ་ཞིག་རེད། འོན་ཀྱང༌། ཆོས་དང་སྐད་ཡིག་གཙོས་རིག་གནས་སོགས་ཀྱི་འབྲེལ་བའི་ངོ་བོའི་ཆ་ནས་ཚང་མ་སྔོན་གྱི་ཆོས་རྒྱལ་རིམ་པའི་སྐབས་ལྟར་ཆོལ་ཁ་གསུམ་པོམི་རིགས་རང་བཙནཔའི་ངོ་བོར་འཚོ་གནས་བྱེད་ཀྱིན་པར་རྩོད་པ་མེད།

          དེ་བས་ན་བོད་ཆོལ་ཁ་གསུམ་པོ་ནི་མར་ལེ་རིང་ལུགས་ཀྱི་དགོངས་དོན་ལྟར་གྱི་མི་རིགས་གཅིག་གི་མཚན་ཉིད་ཡོངས་སུ་ཚང་བར་མ་ཟད། ཤ་ཁྲག་རུས་པའི་རིགས་རྒྱུད་ཀྱི་ཆ་ནས་ཀྱང་མ་གཅིག་གི་སྤུན་ཟླ་ཡིན་པའི་ལོ་རྒྱུས་ཡོངས་གྲགས་སུ་ཡོད་ལ། ད་དུང་རང་བཙན་གྱི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་ཁུངས་བཙན་ཡོད་པའིབོད་རིགསཏེ་བོད་ཁ་གསུམ་པོ་ནི་ཁྱིམ་ཚང་གཅིག་གི་ཕ་མ་བུ་གསུམ་དང་འདྲ་བས་ན་ཁྱིམ་གཞི་གཅིག་ཏུ་འཚོ་བའི་རེ་འདུན་ཡོད་མེད་དང༌། དེ་འདྲའི་འོས་བབ་ཡོད་མེད། དེ་ལ་དགེ་མཚན་ཡོད་མེད་སོགས་ནི་རྩོད་མི་དགོས་པའི་དོན་དག་ཅིག་ཡིན་མོད། ཏང་ཀྲུང་དབྱང་གིས་ཆོལ་ཁ་གསུམ་པོ་དུམ་བུར་གཏོར་ནསམི་རིགས་ས་ཁུལ་རང་སྐྱོང་གཅིགཏུ་མ་བྱས་པ་དང་ད་དུང་ཡང་མི་བྱེད་པ། འབྱུང་འགྱུར་ཡང་བྱ་མི་འོས་ཚུལ་གྱི་རྩོད་པ་བྱེད་པ་འདི་རིགས་ནི་ཆེད་བཟོས་ཀྱི་མི་རིགས་འགལ་བ་ཞིག་ཡིན་པ་མ་ཟད། མི་རིགས་ནང་ཁུལ་ཁ་བྲལ་གཏོར་བཤིག་གི་སྲིད་དོན་ཞིག་སྟེ་མར་ལེའི་དགོངས་དོན་ལས་ཆེས་འགོངས་པ་བློ་གཟུ་བོར་གནས་པའི་སྲིད་དོན་རིག་པ་བ་དག་གིས་རྟོགས་ངེས།

          ལམ་དབུ་མའི་དགོངས་དོན་ཡང༌། ཆོལ་གསུམ་བོད་རིགས་ཡོངས་སུ་རྫོགས་པ་མི་རིགས་ས་ཁུལ་རང་སྐྱོང་ལྗོངས་གཅིག་གི་ཁོངས་སུ་འདུ་དགོས་པ་ནི་མ་མཐའི་མི་རིགས་རང་སྐྱོང་གི་ཚད་གཞི་དང༌། དེ་ཡང་ཚད་མཐོའི་རང་དབང་རང་བདག་གི་རང་སྐྱོང་ངམ། གསལ་བོར་བཤད་ནཀྲུང་གོའི་དམིགས་བསལ་སྲིད་འཛིན་ས་ཁུལཞིག་ཏུ་འགྱུར་དགོས་པའི་མི་རིགས་ཀྱི་མངོན་འདོད་ཐོབ་ཐང་འདི་ཉིད་རྩོད་ཀྱིན་ཡོད་པས། འདི་ནི་མར་ལེའི་གསུངས་པའི་མི་རིགས་རང་བཙན་གྱི་ཐོབ་ཐང་ཆེ་ཤོས་ལས་མར་བབས་ཏེ་མི་རིགས་མཉམ་འབྲེལ་གྱི་རང་སྐྱོང་རང་བདག་གི་རྣམ་པ་ངོ་མ་དེ་ཡིན་པས། ‘ལམ་དབུ་མནི་རང་བཙན་གྱི་རྣམ་པ་ཞིག་ཡིན་ཚུལ་གྱི་རྣམ་རྟོག་དང་རྩོད་གླེང་བྱེད་པ་དག་ནིརི་བོང་ཅལ་འདྲོགསཀྱི་སྣང་ཚུལ་ཞིག་ཡིན་པའི་ཐོགརི་བོང་གནམ་རྡིབ་ཀྱི་སེམས་ཁྲལཞིག་ཀྱང་ཡིན་མོད། འོན་ཏེ་བསམ་བཞིན་ཧ་མ་གོ་མདོག་གིས་གླེང་རྙོག་བཟོ་གིན་ཡོད་ནི་བླུན་པོའི་ཨུ་ཚུགསགཡག་སྣ་ཁུ་ཚུརཡིན་པས་ཅི་བྱ་སྟེ། ཐབས་མེད་དོ།

          མདོར་ན། འདས་པའི་ལོ་རྒྱུས་དང་ད་ལྟའི་མངོན་འདོད། ལྷག་པར་འབྱུང་འགྱུར་གྱི་འཚོ་གནས། ས་ཁུལ་གཅིག་འབྲེལ་སོགས་གང་གི་ཐད་ནས་ཀྱང་བོད་ཆོལ་ཁ་གསུམ་པོ་མི་རིགས་རང་སྐྱོང་གཅིག་ཏུ་བྱེད་པའི་འོས་བབ་ཤིན་ཏུ་ཆེ་ལ་རྒྱ་བོད་གཉིས་སྨན་གྱི་འཕྲལ་ཕུགས་ཁེ་ཕན་གཞི་ལ་བཞག་ནས། ང་ཚོ་ཆབ་སྲིད་ཀྱི་ཐོག་ནས་མི་རིགས་རང་བཙན་གྱིབོད་པ་སྲིད་གཞུངགི་གནས་བབ་ལས་མར་བབས་པ་དང༌། ཡང་མི་རིགས་རང་སྐྱོང་གི་མངའ་ཐང་ཆ་ནས་བོད་རིགས་ཡོངས་རྫོགས་ཁྱིམ་གཞི་གཅིག་ལ་འཛོམས་པའི་ཚད་མཐོའི་མི་རིགས་རང་སྐྱོང་གིལམ་དབུ་མནི་མར་ལེའི་མི་རིགས་རང་ཐག་རང་གཅོད་འཚམས་ཤོས་དེ་ཡིན་པར་མ་ཟད་ཀྲུང་གོའི་མི་རིགས་ཁག་འདྲ་མཉམ་མཐུན་སྒྲིལ་གྱི་སྤྱི་ཚོགས་ལྷིང་འཇགས་ཀྱི་གཞི་རྩ་ཡང་ཡིན་པ་གཞུངས་དྲང་བསམ་ཤེས་ཚོས་ཇི་བཞིན་མཁྱེན་པའི་ཐོག་ནས་རྒྱབ་སྐྱོར་གནང་གིན་ཡོད།

 

          མི་རིགས་ས་གནས་རང་སྐྱོང་ཚགས་ཚུད་མིན་དེ་ལམ་དབུ་མའི་མཐུན་རྐྱེན་ཚང་མིན་གྱི་གནད་དོན་ཞིག་ཀྱང་རེད།

 

          ངས་བལྟས་ན། ‘ལམ་དབུ་མནི་བཙན་བྱོལ་བོད་གཞུང་དང་ཏང་ཀྲུང་དབྱང་གཉིས་ཐད་ཀར་གྲོས་མོལ་ཐུབ་མིན་གྱི་གནད་དོན་ཁོ་ནར་རག་ལུས་མེད།

          དེ་ལ་ཕྱི་ནསབོད་དོན་རྒྱལ་སྤྱི་ཅན་དུ་འགྱུར་བབྱས་ནས་རྒྱལ་སྤྱིས་བོད་ལ་རྒྱབ་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང༌། ད་དུང་དེ་བས་ཀྱང་གལ་ཆེ་བ་གཞན་ཞིག་ནི་ནང་ཁུལ་ཏེ། བོད་རང་སྐྱོང་ལྗོངས་དང༌། བོད་རིགས་རང་སྐྱོང་ཁུལ་སོ་སོའི་ས་ཁུལ་རང་སྐྱོང་ཚད་ལྡན་དུ་གཏོང་དགོས།

          དེ་ཡང་ཆེས་རྩ་བར་གྱུར་པའི་གནད་དོན་ནིམི་རིགས་རང་སྐྱོངསྟེ་ས་གནས་མི་རིགས་ཀྱི་དབུ་ཁྲིད་གཙོ་གཞོན་གྱིས་གཙོས་ལས་ཁུངས་མ་ལག་ཁག་གི་འགོ་གཙོ་དང་ལས་བྱེད་པའི་བརྒྱ་ཆའི་དགུ་བཅུའམ་དེ་ལས་ཀྱང་མང་བ་མི་རིགས་རང་གི་མི་ཡིན་དགོས། གལ་ཏེ་འགོ་གཙོ་དང་ལས་བྱེད་ཀྱི་གྲངས་ཚད་མི་རིགས་གཞན་དག་ཆགས་ན་དེ་ལ་ནམ་ཡངམི་རིགས་རང་སྐྱོངཞེས་པའི་གོ་དོན་མེད། དེ་ནི་རྒྱ་མི་ཞིག་ལ་བཀྲ་ཤིས་ཞེས་མིང་བཏགས་པ་ཙམ་ཞིག་རེད།

           ‘མི་རིགས་རང་སྐྱོངགི་ཆེས་མཐོའི་གཙོ་འཛིན་དེ་ཡང་མི་དམངས་ཀྱི་མང་མོས་འོས་ཤོག་བླུགས་ཏེ་འདེམས་བསྐོ་བྱེད་དགོས་པ་ལས་གོང་རིམ་གང་ཞིག་གིས་ཐད་བསྐོ་དང་འདི་དང་དེ་དག་ལས་འདེམས་དགོས་ཞེས་བཀའ་བཀོད་གཏོང་མི་ཆོག་པའི་དམངས་གཙོའི་ལམ་ལུགས་ངོ་མ་བརྒྱུད་དགོས། དེ་ལྟར་བྱུང་ན་གཞི་ནསམི་རིགས་ས་གནསརང་ལ་མི་རིགས་རང་གི་ཚད་ལྡན་དབུ་ཁྲིད་ཅིག་སླེབས་ཐུབ་རྒྱུ་རེད།

          དེ་ལྟར་དབུ་ཁྲིད་དང་ལས་བྱེད་པའི་གནད་དོན་གཙང་མར་ཐག་ཆོད་ན་གཞི་ནསམི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམསདང་སྒྲིག་སྲོལ་དག་ལག་བསྟར་བྱེད་ཐུབ་ལ། ངེས་པརཁྲིམས་མཐུན་གྱི་ཁེ་དབངཐོག་ནས་ཡོད་ཚད་རང་སྐྱོང་གི་བདག་དབང་ལོངས་སུ་སྤྱོད་དགོས།

          འགོ་ཁྲིད་དང་ལས་བྱེད། ཤེས་ཡོན་ཅན་ཚོས་སྣེ་ཁྲིད་དེ་མི་དམངས་ལ་ཁྲིམས་ལུགས་ཤེས་བྱ་རྟོགས་ཐབས་དང༌། ཁྲིམས་མཐུན་གྱི་ཁེ་དབང་ལོངས་སུ་སྤྱོད་ཚུལ་ཤེས་སུ་འཇུག་དགོས་པར་མ་ཟད། རྔམ་སྟོན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ། ལས་མཚམས་འཇོག་པ་སོགས་ཀྱིས་ཁེ་དབང་དངོས་སུ་རྩོད་པའི་གདོང་སྐྱོད་དཔའ་བོ་བྱེད་དགོས། འདི་ནི་རྩ་ས་རྩོད་གླེང་དང༌། བུད་མེད་དང་རྒྱུ་ནོར་འཕྲོག་རྩོད་དང༌། ཅོལ་ཆུང་གི་ལ་རྒྱ་རྩོད་པའིདཔའ་བོ་བླུན་རྨོངས་པདག་དང་མི་འདྲ་བའི་མི་དམངས་ལ་ཞབས་འདེགས་ཞུ་བའིམི་རིགས་ཀྱི་དཔའ་རྒོདངོ་མ་ཡང་ཡིན།

          དེ་ཡང་བོད་ནང་དུ་ཆེས་མིག་དཔེར་བལྟ་འོས་པའི་མི་རིགས་ཀྱིམཁས་མཛངས་ཉིས་ལྡན་གྱི་དཔའ་རྒོདྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང༌། ཕུལ་བྱུང་གསར་བརྗེ་བ་འབའ་བ་ཕུན་དབང་མཆོག་རྣམ་གཉིས་ལྟར་བཤད་ཕོད་པ། སྒྲུབ་ཕོད་པ། ཕན་ཐོགས་པ་བཅས་ཀྱི་ལག་རྗེས་གསར་བ་འཇོག་དགོས། ཁོང་རྣམ་པ་གཉིས་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་མི་རིགས་ཀྱིས་གཙོས་ཀྲུང་ཧྭ་མི་རིགས་ཧྲིལ་པོའི་ཁེ་ཕན་ཆེད་དུ་ཡོད་ཚད་བློས་བཏང་གི་མཛད་རྗེས་ཇི་ལྟར་བཞག་ཚུལ་ལ་སློབ་སྦྱོང་བྱས་ནས་རྗེས་འཇུག་པ་བཟང་པོ་ཞིག་ཆགས་པར་བརྩོན་ལེན་བྱེད་དགོས། ཁོང་རྣམ་གཉིས་ལ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་ཞིངཁྲིམས་མཐུན་གྱི་ཁེ་དབངདོན་དུ་གཉེར་པས་ད་ཆ་སུས་ཀྱང་ཞྭ་མོ་ནག་པོ་གཡོགས་ཐབས་བྲལ་བ་རེད།

          དེ་ལྟརམི་རིགས་རང་སྐྱོངགི་ས་ཆ་སོ་སོ་རང་སྐྱོང་མཚན་ཉིད་ཚང་བ་ཞིག་ཡོང་བའི་ཐོག་ནས་གོམ་པ་གཉིས་པ་དེ། ཞིང་ཆེན་གཞན་འོག་གི་རང་སྐྱོང་རྫོང་དང་རང་སྐྱོང་ཁུལ་དག་གཅིག་སྒྲིལ་ཡོང་ཐབས་ནས་ཆེ་ས་ནས། མདོ་སྟོད་གཅིག་སྒྲིལ་གྱིཁམས་བོད་རིགས་རང་སྐྱོང་ལྗོངསརྩོད་དགོས། འདི་ལབོད་པ་སྲིད་གཞུངབཙུགས་མྱོང་བས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱང་ཡོད་པས་ཆ་རྐྱེན་དམིགས་བསལ་བ་ཡོད། དེ་བཞིན་མདོ་སྨད་གཅིག་སྒྲིལ་གྱིཨ་མདོ་བོད་རིགས་རང་སྐྱོང་ལྗོངསདང༌། དེ་ལས་ཀྱང་ཆེ་བ་དེ་གཉིས་གཅིག་སྒྲིལ་གྱིཤར་བོད་རང་སྐྱོང་ལྗོངསཤིག་ཆགས་པར་བརྩོན་དགོས། གལ་ཏེ་གོམ་ཆེན་གཉིས་པ་འདི་སྤོ་ཐུབ་པ་ཡིན་ན། གོམ་པ་གསུམ་པ་སྟེ། ‘ལམ་དབུ་མའམ་ཆོལ་གསུམ་ཆིག་སྒྲིལ་གྱིཚད་མཐོའི་བོད་རིགས་རང་སྐྱོང་ལྗོངས་ཆེནགྱི་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་ཏུ་འགྱུར་བར་རེ་བ་ཧ་ཅང་ཆེ།

          དེ་ཡང་ཁེ་དབང་ཆེན་པོ་དེ་དག་ནི་མར་ལེའི་གཞུང་ལུགས་དང་ཀྲུང་གོའི་རྩ་ཁྲིམས་གཞིར་བཞག་ཐོག་ནས་བོད་ཀྱི་ལོ་རྒྱུས་དང༌། རིག་གནས། ས་ཁུལ། བོད་མི་རིགས་ཀྱི་ད་ལྟའི་མངོན་འདོད། ཀྲུང་གོའི་འཕྲལ་ཕུགས་ཀྱི་སྤྱི་ཚོགས་བདེ་འཇགས་སོགས་ཀྱི་དོན་དངོས་ཁེ་ཕན་བཅས་རྒྱུ་མཚན་གནས་ལུགས་ལྡན་པའི་འཐབ་རྩོད་རྒྱུན་འཁྱོངས་ཐུབ་ན་ངེས་པར་བསྒྲུབ་ཐུབ་པ་ཞིག་ཡིན་ཏེ། ‘མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐངའདི་མར་ལེའི་དགོངས་དོན་དང་དམངས་གཙོའི་རྩ་དོན་གཉི་གའི་རྒྱབ་རྟེན་ཡོད་པས། ཕྱོགས་གཅིག་ནས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ནས་ཐག་གཅོད་ཡོང་ཐབས་དང༌། གཉིས་ནས་མི་དམངས་རང་གིས་འོས་ཤོག་བླུགས་ནས་རང་ཐག་རང་གཅོད་བྱ་རྒྱུ་གང་རུང་ཞིག་རག་ངེས་རེད། དེ་བས་གཞིས་ལུས་མི་དམངས་ཀྱིས་སོ་སོའིཁྲིམས་མཐུན་གྱི་ཁེ་དབངསྤྱད་དེ་ནུས་པ་ཡོད་དགུ་འདོན་རྒྱུ་དང༌། གཞན་ཡང་རྒྱ་རིགས་མི་མང་གིས་ཀྱང་བསམ་ཤེས་བྱ་ཐུབ་པར་ང་ཚོས་བརྒྱུད་ལམ་ཡོད་ཚད་ནས་གསལ་བཤད་དྲིལ་སྒྲགས་བྱ་དགོས་པ་ནི་ཤེས་ཡོན་ཅན་ཚོའི་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་རླབས་ཆེན་ཞིག་ལགས་སོ།། །།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php