༄༅། །བོད།  ཇི་སྲིད་གནས་པའི་བར་དུ་ཆོས་ལྡན་རྒྱལ་ཁབ་ཅིག

 

 

                   །སྙིགས་མའི་འགྲོ་བ་སྐྱོང་བའི་མགོན།

                   །བྱང་ཆུབ་སེམས་དཔའི་ས་སྐྱོང་ཆེ།

                   །ཆོས་རྒྱལ་ཉི་ཟླའི་ཕྲེང་བ་ཡི།

                   །འཕྲིན་ལས་སྣང་བས་རྒུད་མུན་སེལ།

 

ཐོག་མའི་གླེང་སློང་བ།

 

          ཐེངས་འདིའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་དང་འབྲེལ་བའི་བོད་དོན་བགྲོ་གླེང་གི་འཚོགས་འདུ་གལ་ཆེན་འདིའི་ཐོག ཕྲན་ལ་ཡང་སྦྲང་མ་ཁྱུང་གཟིགས་ཀྱིས་འབོད་བསྐུལ་དང་འབྲེལ་གོང་གི་བརྗོད་གཞི་དེའི་སྐོར་ལས་འཕྲོས་པའི་རྩོམ་ཡིག་ཅིག་ཀྱང་འབྲི་བསྐུལ་གནང་བ་ལྟར་འབེལ་གཏམ་ཐུང་ངུ་འདི་འབྲི་ཁུལ་བྱས་ཤིང། དེ་ཡང་གནད་དོན་འདི་དག་སྐོར་ཆེད་ལས་མཁས་དབང་དང་མཁས་པ་རྣམ་པས་ཞིབ་འཇུག་གང་ལེགས་གནང་ནས་འཛོམས་ཡོད་པས་ཕྲན་ལྟ་བུས་མཁས་གཏམ་བཤད་རྒྱུ་དགོད་བྲོ་བའི་གནས་ཤིག་ཡིན་སྲིད་མོད། གུས་པ་ཡང་ལས་དོན་འདི་རིགས་ཐོག་ལ་དོ་སྣང་དང་དགའ་ཞེན་ཡོད་པས་ཕར་ལ་ལེགས་བཤད་འབུལ་རྒྱུ་མེད་མོད་ཚུར་ལ་བློ་བསྐྱེད་གསར་བ་རག་རྒྱུ་ཡོད་པས་ཚོགས་འདུར་ཞུགས་འདུན་བྱུང། དེ་ཡང་སྔོན་མར་སྐུ་གཤེགས་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་༡༩༩༥་ལོར་ས་རཱ་རིགས་སློབ་འདིར་ཐོག་མའི་སློབ་འཁྲིད་ཀྱི་རྟེན་འབྲེལ་ལྟ་བུར། སྐབས་དང་པོའི་གཞུང་ཞབས་ལས་བྱེད་འོས་སྦྱོང་བ་ཚོར་ཁོང་གིས་མཛད་པའི་<<ཆོས་སྲིད་ཟུང་འབྲེལ་ལ་དཔྱད་པ་སྐལ་བཟང་སྒོ་འབྱེད>>ཅེས་པ་འདི་བཤད་འཁྲིད་བཀའ་དྲིན་བསྐྱངས་སྐབས། གུས་པའང་ཟུར་ཞུགས་སྐལ་བཟང་ཐོབ་པ་དེས་ཆོས་སྲིད་ཟུང་འབྲེལ་སྐོར་ལ་གོ་བ་གང་འཚམ་ཞིག་རག་པའི་བག་ཆགས་རིམ་བརྟས་ཀྱིས་ད་རེས་འདི་ཙམ་འབྲི་བའི་སྤོབས་པ་ཕྲན་བུ་ཞིག་བྱུང་བ་ལགས་པས། རྩོམ་མགོ་འདི་འཛིན་དུས་ཀྱང་ཕྲན་གྱི་སེམས་ནང་རྒན་དམ་པ་ཁོང་གི་སྐུ་དྲིན་ཚོར་བའི་ངང་གུས་སེམས་སྔོན་འགྲོ་དང་བཅས་གླེང་དགོས་བྱུངཞིང། ཁོང་གི་དགོངས་དོན་དེ་བཞིན་སླར་ཡང་གསལ་བཤད་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད་མོད། མཁས་དབང་རྣམ་པས་དཔྱད་བརྗོད་འདི་ཉིད་གཟིགས་ཡོད་ངེས་ཤིང་དེའི་སྐོར་ལ་བསམ་གཞིགས་ཀྱང་གནང་མྱོང་ཡོད་ངེས་བསམས་ཏེ། འདིར་བསྐྱར་གླེང་བྱས་མེད་པར་དགོངས་དོན་དེ་དག་གཞིར་བཞག་གིས། ཇི་སྲིད་བོད་མི་རིགས་འདི་ཉིད་ནམ་གནས་ཀྱྀ་བར་དུ་ཆོས་ལུགས་རིག་པ་འདི་དང་འབྲལ་ཐབས་མེད་པའི་སྤྱི་ཚོགས་ཤིག་ཏུ་གནས་དགོས་དོན་སྐོར་གྱི་བསམ་འཆར་ཐོར་བུ་ཞིག་ཞུ་བར་སྤྲོའོ།

 

གཅིག ཆོས་ཀྱི་བག་ཆགས་དང་དེའི་ཕན་ནུས།

 

          བོད་མི་རིགས་འདི་གནའ་ནས་ད་བར་ཆོས་ལུགས་རིག་པ་ལ་བརྟེན་ནས་འཚོ་གནས་ཐུབ་པའི་མི་རིགས་ཤིག་ཡིན་པས་དེའི་བག་ཆགས་ཆེས་མཐུག་ཅིང་དེའི་ནུས་པ་ཡང་ཆེས་ཕན་ནུས་ཆེ་བ་ཞིག་ཡིན་པ་ཡོངས་སུ་ངོས་ལེན་བྱས་ཡོད་པས་ཁོང་ཚོ་མུ་མཐུད་དེ་གཞུང་ལམ་འདི་ལས་ཆེ་བ་ཞིག་ཏུ་ཞུགས་ས་མེད་པ་དང་འཇུག་ཀྱང་དཀའ་བར་མཐོང།

          ༡། དེ་ཡང་ཐོག་མར་སྤུར་རྒྱལ་བོད་ཀྱི་རྒྱལ་རབས་ཐོག་མ་རྣམས་ལ་ཕྱི་མིག་ཅིག་བལྟས་ན། ཡོངས་གྲགས་སུ་བོན་སྒྲུང་ལྡེའུ་གསུམ་གྱིས་རྒྱལ་སྲིད་བསྐྱངས་པ་ཞེས་པ་འདི་གཏན་ཚིགས་རང་བཞིན་ཅན་གྱི་ལོ་རྒྱུས་ཀྱི་སྡོམ་ཚིག་ཅིག་ཡིན་ལ་ལྷག་པར་བོན་གྱིས་རྒྱལ་སྲིད་ལ་གཞན་ལས་ནུས་པ་ཆེན་པོ་ཐོན་ཡོད་པ་རྒྱལ་རབས་ལོ་རྒྱུས་ལས་གསལ་བས།  བོད་འདི་ཆེས་གནའ་སྔ་མོ་ཞིག་ནས་ཆོས་ལུགས་རིག་པ་དང་ཡན་མ་གར་བའི་སྤྱི་ཚོགས་ཤིག་ཏུ་གནས་པ་ར་སྤྲོད་ཐུབ། བོན་དང་ནང་ཆོས་གཉིས་ནི་འབྲེལ་མེད་ཐ་དད་ཅིག་མིན་པར་མཐུན་ཕྱོགས་ཆེ་བའི་རིག་གནས་ཤིག་ཡིན་པ་མ་ཟད། དེ་གཉིས་རྒྱལ་རབས་ལོ་རྒྱུས་མུ་བརྒྱུད་དེ་ད་ལྟའི་བར་དུ་གནས་ཤིང་འཕེལ་ཡོད།

          ༢། སྲོང་བཙན་སྒམ་པོ་ནས་ཁྲི་རལ་བ་ཅན་བར་ལ་ནང་པ་སངས་རྒྱས་པའི་ཆོས་ཀྱིས་རྒྱལ་སྲིད་ལ་ཤན་ཞུགས་ཆེན་པོ་ཐེབས་ཡོད་པའང་ལོ་རྒྱུས་ལས་གསལ་བ་ལྟར་ཡིན། ལྷག་པར་རྗེས་རབས་པ་རྣམས་ཀྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་ཆེ་བསྟོད་དང་བཀའ་དྲིན་རྗེས་དྲན་བྱ་ཡུལ་ཞིག་ཏུའང་ཆགས་ཡོད། འོན་ཀྱང་ནང་ཆོས་ཁོ་ནར་བརྟེན་པ་ཞིག་མིན་པར་བོན་གྱི་ནུས་པའང་ཉམས་མེད།

          ༣། རྒྱལ་པོ་གླང་དར་སྐབས་དགོན་པ་དང་ཆོས་དཔེ། ངུར་སྨྲིག་མནབས་མཁན་གཅིག་ཀྱང་མཐོང་དུ་མེད་པར་བཟོས་པ་དེ་འདྲའི་ཤུགས་ཆེན་པོ་ཞིག་བསྣུབས་ཀྱང་དུས་རབས་གཅིག་ཙམ་ཡང་མ་འགྱངས་པར་ཆོས་ཀྱི་མེ་དཔུང་སླར་ཡང་སྦར་བ་མ་ཟད་སྔར་བས་ཤུགས་ཆེན་པོ་དེ་འདྲ་ཞིག་གངས་ཅན་བོད་ཀྱི་རི་ལུང་ཚང་མར་མཆེད་པ་རེད། རྒྱལ་ཁབ་སླར་གསོ་གཅིག་སྒྱུར་མཁན་གྱི་ཆོས་རྒྱལ་ཆེན་པོ་ཞིག་བྱུང་མེད་ན་ཡང། ས་ཁུལ་སོ་སོར་བླ་མ་སོགས་ཆོས་བྱེད་སྐུ་དྲག་མི་སྣས་ཆོས་སྲིད་ཀྱི་འཛིན་སྐྱོང་བྱས་ཏེ་བོད་སིལ་བའི་དུས་རབས་ཤིག་བརྒལ་ཡོད།

          ༤། འགྲོ་མགོན་འཕགས་པས་བོད་ཆོལ་ཁ་གསུམ་ཞེས་པའི་སྔར་གྱི་མེས་པོའི་མངའ་ཁོངས་ཀྱི་བོད་དེ་ཡོངས་ལ་ཆོས་སྲིད་གང་རུང་གིས་དབང་བསྒྱུར་བ་ནས་བཟུང་ལྷག་པར་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་ལམ་ལུགས་དེ་དར་རྒྱས་ཕུན་སུམ་ཚོགས་པར་གྱུར་ཡོད།

          ༥། ལྷག་པར་དུས་རབས་ཉི་ཤུ་བའི་ནང་རྒྱ་དམར་གྱིས་བོད་ལ་བཙན་པོས་དབང་བསྒྱུར་བྱས་ནས་སླར་ཡང་གླང་དར་མའི་ཟློས་གར་ངོ་མ་ཞིག་འཁྲབ་པ་ཙམ་དུ་མ་ཟད་དམར་པོའི་ལྟ་བ་དང་ཚན་རིག་ཇི་ལྟར་ཁྱབ་བརྡལ་དུ་བཏང་ཡང༌། ཆོས་དད་རང་མོས་ཀྱི་ལོ་དུས་ཐུང་ངུ་འདི་ཙམ་རིང་ལ་ཡང་ཆོས་སྡེ་ཉམས་ཆག་སླར་གསོ་འདི་ཙམ་ཞིག་བྱས་པ་དང། མི་དམངས་ཀྱིས་སྲིད་དོན་འགན་འཁུར་གྱི་མཐོ་རིམ་མི་སྣ་དག་ལས་བླ་སྤྲུལ་རིགས་ལ་དགའ་དད་དང་ཆེ་མཐོང་ག་ཚད་ཅིག་བྱེད་ཀྱིན་པ་ཀུན་ལ་གསལ།

          ༦། མཐོང་རྒྱ་ཐོས་རྒྱ་ཡངས་ས་དང་རང་དབང་ཆ་ཚང་ཡོད་སའི་ང་ཚོ་བཙན་བྱོལ་སྤྱི་ཚོགས་འདིར་མཚོན་ན་ཡང༌། གཞུང་ཞབས་མཐོ་རིམ་མི་སྣ་སུ་ཞིག་ལ་བླ་ཆེན་ཞིག་ལས་ལྷག་པའི་ཆེ་མཐོང་བརྩི་འཇོག་དང་བཀའ་བསྒོས་དང་ལེན་བྱེད་ཀྱིན་འདུག་མི་གམ། གལ་ཏེ་ཟམ་གདོང་རིན་པོ་ཆེ་ཡང་མི་སྐྱ་ཞིག་ཡིན་ཚེ་ད་ལྟའི་འདི་འདྲའི་གུས་བཀུར་མི་ཐོབ་པ་སྨྲོས་མི་དགོས།

          ༧། ང་ཚོའི་དབུ་འཁྲིད་༧གོང་ས་མཆོག་ནི་དོན་དམ་པའི་ཆོས་སྲིད་ཀྱི་དབུ་ཁྲིད་བླ་མེད་ཅིག་ཡིན་པ་དང། ང་ཚོའི་བཅའ་ཁྲིམས་ནང་ལ་ཡང། འདི་ལྟ་སྟེ། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག རང་དབང་དང། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཅིག་ཏུ་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང། ཞེས་བཀོད་ཡོད་ལ། ད་ལྟའི་འཛིན་སྐྱོང་དངོས་ཀྱང་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཤིག་ཏུ་སྐྱོད་ཀྱིན་ཡོད།

          ༨། དེང་སང་བོད་མི་རིགས་ཀྱི་བརྒྱ་ཆའི་དགུ་བཅུ་ཡན་ཆོས་དད་ཅན་ཡིན་ལ། ཆོས་འཆད་འཁྲིད་ཇེ་མང་དང་ཤེས་མཁན་ཡང་མང་དུ་འགྲོ་བཞིན་ཡོད། ད་དུང་ཕྱི་རྒྱལ་མི་རིགས་ཁག་ནས་ཀྱང་ནང་ཆོས་ལ་དོན་གཉེར་བྱེད་མཁན་ཇེ་མང་དང། ལྷག་པར་ང་ཚོའི་བོད་དོན་འཐབ་རྩོད་ཐད་ཀྱི་རོགས་རམ་ཆེ་ཤོས་སམ་མང་ཤོས་ཀྱང་བོད་ཀྱི་ནང་ཆོས་དར་སྤེལ་གྱི་བྱ་བ་དང་དམ་དུ་འབྲེལ་ཡོད།

          ༩། ང་ཚོས་རྒྱ་མི་རིགས་ཀྱི་རོགས་རམ་འཐོབ་པར་ཡང་ནང་ཆོས་དང་འབྲེལ་བ་ཆགས་ཀྱིན་ཡོད་པ་མ་ཟད། རྒྱ་གཞུང་དང་བོད་མི་རིགས་བར་གྱི་འགལ་འབྲེལ་དེ་ཡང་ནང་ཆོས་དད་མོས་ཀྱི་རང་དབང་ཐོབ་ཐང་ཆ་ཚང་ཞིག་སྤྲོད་མིན་གྱི་གནད་འགག་ཅིག་ལ་ཐུག་ཡོད།

          ༡༠། ང་ཚོ་དམག་འཐབ་སྤངས་པའི་ཞི་བའི་བསྟི་གནས་ཀྱི་ཡུལ་ཁམས་ཤིག་ཏུ་འགྱུར་ཐུབ་རྒྱུ་དང། ལྷག་པར་ཡུན་གནས་བརྟན་སྲུང་ཐུབ་མིན་ཡང་གཙོ་བོ་ནང་བསྟན་གྱི་མཐུ་སྟོབས་ལ་རག་ལས་ཡོད།

 

གཉིས། ནམ་ཡང་ཆོས་ལུགས་དང་ཁ་འབྲལ་ཐབས་མེད།

 

          ༡། གོང་དུ་བརྗོད་པ་དེ་ལྟར་སྲོལ་རྒྱུན་ཙམ་མ་ཡིན་པར་ལོ་རྒྱུས་དངོས་དང༌། འཚོ་བ་དངོས་ཀྱིས་ཆོས་ལུགས་ནི་བོད་མི་རིགས་འདི་ཉིད་ཀྱི་སྲོག་ཤིང་ཞིག་ཏུ་གྲུབ་ཡོད་པ་ཁས་བླངས་ཚེ། ཆོས་འགོག་འདོད་པ་ཕར་ཞོག རང་གིས་ཆོས་ལ་དད་མོས་མ་བྱས་ནའང་མི་དེར་སྤྱི་ཚོགས་འདིའི་ཁྲོད་དུ་མཐོང་མེད་པ་ཙམ་དུ་མ་ཟད། ཁ་ངན་གཏོང་མཁན་དང་རྣམ་རྟོག་བྱེད་མཁན་མི་ཉུང་བ་ཞིག་ཡོད། དེ་དག་ནི་ཆོས་ཡག་པོ་མ་ཤེས་པའི་སྐྱོན་ཞིག་ཡིན་ན་ཡང། མི་རིགས་འདིར་བག་ཆགས་འདི་གཏིང་ཟབ་པ་མ་ཟད་ཆོས་ཀྱི་གོ་རྟོགས་ཚད་ལྡན་དུ་སླེབས་རྒྱུར་འབད་ནའང་ད་དུང་དུས་རབས་གཅིག་དགོས། སུ་ཞིག་གིས་ང་ཚོའི་མི་རིགས་འདི་ལམ་གང་འདྲ་ཞིག་ལ་འཁྲིད་ན་ཡང་ཆོས་ཀྱི་རྐང་པ་ཡ་གཅིག་དེ་ལ་ནམ་ཡང་འགྱུར་བ་གཏོང་མི་ཐུབ། གལ་ཏེ། དེ་མེད་ན་མི་རིགས་འདི་སྔོན་ཐོན་གྱི་རི་རྩེར་མ་སླེབས་པའི་གོང་ནས་རྦབ་ལ་འགྲིལ་སྲིད། དེ་བས་ང་ཚོས་འཚོ་གནས་ཀྱི་ཐབས་ཤེས་བྱེད་དགོས་ན་ཆོས་ཀྱི་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་བ་ལས་ཐབས་གཞན་མེད་པས། ང་ཚོ་མ་འོངས་པར་ཡང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་དུ་བསྐྱོད་དགོས་པ་ནི་ཐག་ཆོད་པའི་གནད་དོན་ཞིག་རེད།

          ༢། རྒྱུ་མཚན་གཞན་ཞིག་ནི། མི་ལོ་ཉིས་སྟོང་ལྷག་གི་རྒྱལ་རབས་ལོ་རྒྱུས་འདི་ཆོས་ཀྱི་རྨུ་ཐག་གཅིག་ལ་བརྒྱུས་ཏེ་ད་བར་དུ་གནས་ཐུབ་པ་ཙམ་དུ་མ་ཟད། དེང་སང་སྔར་ལས་ཡར་རྒྱས་དང་སྲ་བརྟན་དུ་གཏོང་བར་ཕྱི་ནང་གཉིས་ཀྱི་མཐུན་རྐྱེན་ཇེ་ལེགས་སུ་འགྲོ་བཞིན་པ་འདི་ཆེས་ཡ་མཚར་བའི་ལོ་རྒྱུས་ཤིག་ཡིན། ང་ཚོས་འདིའི་གསང་བའི་གནད་དོན་གཞན་དག་མ་ཤེས་ན་ཡང། འཛམ་གླིང་འདིའི་འཕོ་འགྱུར་ཚང་མ་ཕན་མེད་དགོས་མེད་རིགས་དོར་ནས་དགོས་མཁོ་ཡོད་པ་རིགས་ཉར་ནས་གང་ལེགས་ལེགས་ཀྱི་ཕྱོགས་སུ་སྐས་རིམ་ཡར་འཛེགས་བྱེད་ཀྱིན་པ་ཞིག་ཡིན་པས། ང་ཚོའི་ལམ་ལུགས་འདི་ལ་དགེ་མཚན་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ངེས་པར་ཁས་ལེན་དགོས་པ་ཞིག་མིན་ནམ།

          ༣། ང་ཚོའི་བདེ་སྐྱིད་ཅེས་པ་ལུས་བདེ་ཐང་ཙམ་དང། ལོངས་སྤྱོད་འཛོམས་པ་ཙམ་གྱིས་མི་ཡོང་ལ། སོ་སོའི་འདོད་བློ་གང་བ་ཙམ་གྱིས་ཀྱང་མིན་པར་སྐབས་རེར་བདེ་བར་བསམ་པ་མཚམས་རེར་མི་སྐྱིད་པར་ཚོར་བས་སུ་ཞིག་གིས་ཀྱང་ངའི་བདེ་སྐྱིད་ནི་འདི་ཙམ་ཁོ་ན་འོ། ཞེས་ཁ་ཚོན་གཅོད་དཀའ་ཞིང་བཅད་ཀྱང་དེ་ལ་ངེས་པ་མེད། དེ་བས་སྤྱིར་བཏང་སོ་སོའི་ལུས་བདེ་ཞིང་སེམས་སྐྱིད་པར་གནས་པ་དེ་ཙམ་ལ་བདེ་སྐྱིད་མཚན་ཉིད་པར་བཞག་ཆོག དེ་གཉིས་ལས་ཀྱང་སེམས་སྣང་བ་སྐྱིད་པ་དེ་གལ་ཆེ་ལ་དེ་ཡང་གཏན་འཇགས་ཀྱི་སྐྱིད་སྣང་ཞིག་ཡོང་བར་བསམ་བློའི་འཚོ་བཅུད་གཙོ་བོ་སྟེ་ཆོས་ཀྱི་བདུད་རྩིར་ནུས་པ་ཐུན་མོང་མིན་པ་ཞིག་ཡོད།

          ༤། སྤྱིར་འཇིག་རྟེན་གོ་ལ་འདི་ཉིད་ཡ་མཚན་པ་ཞིག་ཡིན་ལ། དེ་བས་ཀྱང་སྲོག་ཆགས་སེམས་ཅན་དང། དེའི་ནང་ནས་ཀྱང་ང་ཚོའི་འགྲོ་བ་མི་ཞེས་པ་འདི་ཡ་མཚན་ཆེ་ཤོས་ཤིག་ཡིན། ཡ་མཚན་གྱི་དངོས་པོ་མང་པོ་འདི་རིགས་ལ་བརྟེན་ནས་ང་ཚོས་འཇིག་རྟེན་འདི་ཉིད་སྔར་བས་ཀྱང་ཡ་མཚན་པ་ཞིག་ཏུ་སྒྱུར་གྱིན་ཡོད། ང་ཚོ་ཡ་མཚན་པའི་གནས་དེ་དང་དེར་བགྲོད་པ་ལ་དེང་སང་ལམ་གཉིས་རག་ཡོད་པ་ནི་ཕྱི་དངོས་པོའི་ཚན་རིག་དང། ནང་བསམ་བློའི་ཚན་རིག་སྟེ་ཆོས་ལུགས་འདི་ཉིད་ཡིན། དེང་སང་གི་ཚན་རིག་པ་ཡོད་ཚད་ཀྱི་རྣམ་དཔྱོད་གློག་ཀླད་གཅིག་གི་ནང་དུ་བླུགས་ཐུབ་པའི་དབང་དུ་བྱས་ཀྱང་སངས་རྒྱས་ཀྱི་རྣམ་པར་མཁྱེན་པའི་ཆ་ཤས་ཙམ་ལས་ཅི་ཡང་མིན་པ་ཚོད་དཔག་ཐུབ། རྒྱུ་མཚན་འདིས་ཀྱང་ང་ཚོ་ནམ་ཡང་ནང་ཆོས་དང་ཁ་འབྲལ་མི་ཉན་པ་དེ་རྟོགས་དགོས།

          ༥། གང་ལྟར་རང་ངོས་ནས་ཆོས་ལུགས་ལ་དད་མོས་མེད་ན་ཡང། མི་རིགས་སམ་མི་སོ་སོའི་རང་དབང་དང་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པ་ནི་མ་མཐའ་ཡང་འགྲོ་བ་མིའི་ཀུན་སྤྱོད་ཅིག་ཡིན་ན། ས་ཁྱབ་གནམ་ཁྱབ་ལྟ་བུའི་འཛམ་གླིང་གི་ཆོས་ལུགས་གང་ཡིན་ཡང་དེ་ལ་གཏོར་བཤིག་གཏོང་མི་ཆོག དེས་ན། བོད་མི་རིགས་ཀྱི་རང་བཞིན་ལྷན་སྐྱེས་ལྟ་བུའི་ནང་པའི་ཆོས་འདི་ཉིད་ཇི་སྲིད་བོད་མི་རིགས་གནས་པ་དེ་སྲིད་དུ་འཛིན་སྐྱོང་བྱེད་དགོས་ལ་ཐུབ་པ་ཞིག་ཀྱང་ཡིན་སྙམ། ཡང་གཅིག་བཤད་ན་ཆོས་དང་རིག་གནས་ཇི་སྲིད་མ་བརླགས་པའི་བར་དུ་མི་རིགས་འདི་ཡང་ལྷན་ཅིག་འཚོ་གནས་ཐུབ་ངེས། དམ་པའི་ཆོས་དང། གཡུང་དྲུང་བོན། ཧིན་རྡུའི་ཆོས་བཅས་ནི་མ་གཅིག་གི་སྤུན་མཆེད་ལྟ་བུ་ཞིག་ཡིན། དེ་བས་ཆོས་ལུགས་འདི་དག་ཡུན་རིང་གནས་ཐུབ་ངེས།

         

གསུམ། རྒྱལ་སྲིད་ཆོས་བཞིན་སྐྱོང་ཚུལ་སྐོར།

 

          དེང་སང་མང་པོ་ཞིག་གིས་ཆོས་སྲིད་ཟུང་འབྲེལ་ཞེས་པའི་གོ་དོན་དང་དེ་ཇི་ལྟར་བྱུང་ཚུལ། དེའི་ལམ་ལུགས་ངོ་མ་དེ་གང་འདྲ་ཞིག་ཡིན་མིན་བཅས་ལ་མ་དཔྱད་པར་རང་གི་འཆར་རྟོགས་ཙམ་གྱིས་འགྲེལ་བརྗོད་སྣ་ཚོགས་ཤིག་བྱེད་ཀྱིན་པས་ཁོ་བོས་ས་བཅད་འདིར་དེའི་ཚུལ་ལུགས་ཞིབ་ཙམ་ངོ་སྤྲོད་བྱེད་འདོད་བྱུང༌།

 

  གནའ་བོའི་ཆོས་ཀྱི་རྒྱལ་པོའི་མཚན་ཉིད་དང་རྒྱལ་སྲིད་ཇི་ལྟར་སྐྱོང་ཚུལ་སྐོར།

 

          ༡། ཆོས་ཀྱི་རྒྱལ་པོའི་མཚན་ཉིད་མདོར་བསྟན་པ། དེ་ཡང། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས་ཐབས་ཀྱི་རྣམ་འཕྲུལ་བསྟན་པའི་མདོའི་དོན་དྲངས་སྐབས། དགེ་བཅུའི་ཆོས་ཀྱི་ལམ་ལ་ནི། །རང་ཉིད་གནས་ཕྱིར་ཆོས་དང་ལྡན། །གཞན་ཡང་དེར་འགོད་ཆོས་ཀྱི་རྒྱལ། ཞེས་དང་གཞན་ཡང༌། རང་ཉིད་ཆོས་དང་ལྡན་བྱས་ལ། །གཞན་ལ་དགེ་བཅུའི་ཁྲིམས་སྡོམ་པ། །ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞེས། །མཁས་པ་རྣམས་ཀྱིས་ལེགས་པར་བསྔགས།།ཞེས་དང༌། ཡང། གནམ་གྱིས་བསྐོས་པ་ཕུན་སུམ་ཚོགས། །འཁོར་སྲུན་པ་དང་ཤེས་རབ་མཆོག། བརྩོན་ལྡན་ཆོས་ལ་གུས་དང་མཁས། །དེས་པ་འཇིག་རྟེན་ཀུན་སྤྱོད་རིགས། །མི་བདེ་བཟོད་པར་གྱུར་པ་དང། །ཆོས་ལ་ཕྱིན་ཅི་མ་ལོག་འཛིན། །ཡན་ལག་རྣམ་པ་འདི་བཅུ་ཡིས། །ཆོས་ལྡན་ཆོས་རྒྱལ་ཡོངས་རྫོགས་འགྱུར། །བསོད་ནམས་སྟོབས་ཀྱིས་བློན་སོགས་དང། །ཡུལ་གྱི་མི་རྣམས་ནད་མེད་ཅིང། །གནོད་ཆུང་བདེ་འབྱོར་ལྡན་འགྱུར་ལ། །གནམ་བསྐོས་ཕུན་སུམ་ཚོགས་ཞེས་བྱ། །འཁོར་བཟང་དག་དང་ལྡན་པ་ཡི། །རྒྱལ་པོ་ཚེགས་མེད་བདེ་བར་གནས། །རྒྱལ་པོའི་ཚུལ་ལས་མི་ཉམས་པ། །འཁོར་རུང་བ་ཞེས་ལེགས་པར་བརྗོད། །སྐྱེ་རྒུ་ཆོས་ཀྱིས་སྐྱོང་ཚུལ་ལ། །ཐབས་མཁས་བྱ་བ་ཅི་ཡང་ཤེས། །གཞན་གྱི་དྲིང་ལ་མི་འཇོག་པ། །ཤེས་རབ་ཕུན་ཚོགས་རྒྱལ་པོ་ཡིན། །རང་གི་བགྱི་བ་གང་ཡིན་ལ། །ཚུལ་བཞིན་བརྩོན་ལྡན་རྒྱལ་པོ་ནི། །དགྲ་ཡིས་མི་ཚུགས་དགའ་བར་གནས། །མཛོད་རྣམས་འཕེལ་ཞིང་ཕུན་སུམ་ཚོགས། །ཆོས་ལ་གུས་པའི་རྒྱལ་པོ་ནི། །བསོད་ནམས་བགྱི་བ་མི་གཏོང་ལ། །མི་སྲུན་པ་རྣམས་ཚར་གཅོད་པས། །ཆོས་བཞིན་བྱེད་པ་ཉིད་ཡིན་ནོ། །སྒྲིམ་པར་མཁས་པའི་རྒྱལ་པོ་ནི། །ལས་མཐའ་རིང་བས་མ་ཉམས་པར། །དུས་དང་དུས་སུ་ལེགས་བརྩམས་པས། །བསམ་པ་མྱུར་དུ་རྫོགས་པའོ། །རྒྱུད་འཇམ་དེས་པ་གྱུར་པ་ཡི། །རྒྱལ་པོ་གང་ན་གནས་པ་དེ། །ཡུལ་མི་ཀུན་གྱིས་ཡིད་རྟོན་རུང། །མཐའ་དག་སྐྱེ་བོ་དུལ་བར་འགྱུར། །འཇིག་རྟེན་ཀུན་སྤྱོད་རིག་སྤྱོད་ཅེས། །རུང་དང་རུང་མིན་བྱེ་བྲག་ཤེས། །ལོངས་སྤྱོད་འདུ་བའི་སྒོ་དག་ཀྱང། །ཆད་པར་མི་བགྱིད་གང་ཡིན་པའོ། མི་བདེ་བཟོད་པའི་རྒྱལ་པོ་ནི། །རྒྱལ་པོའི་བགྱི་བ་མཐའ་དག་གང། །ཡོངས་སུ་རྫོགས་པར་སྒྲུབ་ནུས་ཤིང། །སྡུག་བསྔལ་གྱིས་ནི་མི་འཇིགས་པའོ། །གོ་འཕང་ཁྱད་པར་དུ་འགྲོ་བའི། །ལམ་ལ་རང་ཉིད་གནས་བྱེད་ཅིང། །དགེ་བའི་བཤེས་དང་མ་བྲལ་བ། །ཕྱིན་ཅི་མ་ལོག་ཆོས་འཛིན་པའོ། །ཞེས་གསུངས་སོ།

          དེ་དོན་མདོར་བསྡུས་ན། རྒྱལ་པོ་གང་ཞིག་རང་ཉིད་མི་དགེ་བཅུ་སྤོང་གི་སྡོམ་པ་དང་ལྡན་པ་གཞིར་བཅས་སྐྱེ་བོ་རྣམས་ཀྱང་དགེ་བཅུའམ་དམ་པའི་ཆོས་ཀྱི་ལམ་ལ་འགོད་པར་བྱེད་པའི་ཐབས་ཚུལ་གཙོར་མཛད་ཐོག་སྲིད་སྐྱོང་གི་མཐུན་རྐྱེན་ཡོན་ཏན་ཡན་ལག་བཅུ་དང་ལྡན་པའི་སྒོ་ནས་རྒྱལ་ཁམས་འཚེ་མེད་ཞི་བདེར་སྐྱོང་བ་ཞིག་ལ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱའོ།

          ༢། ཆོས་རྒྱལ་ཆེན་པོའི་མཚན་ཉིད་རྒྱས་བར་བསྟན་པ་ནི། ཆོས་ཀྱི་རྒྱལ་པོའི་འདུ་ཤེས་དུས། །རྟག་ཏུ་ཇི་ལྟརགནས་ཤེ་ན། །འདི་ནི་རྣམ་པ་བརྒྱད་ཀྱིས་ཏེ། །དང་པོ་སྐྱེ་རྒུའི་རིགས་གཏོགས་པའི༌། །འགྲོ་ཀུན་བུ་ཡི་འདུ་ཤེས་བྱ། །ཕ་ཡིས་བུ་ནི་བཅོས་པ་ལྟར། །མི་བསྲུན་རྣམས་ནི་ཚར་གཅོད་ཀྱང། །སྙིང་རྗེ་མི་གཏོང་དང་པོ་འོ། །མི་སྲུན་རྣམས་ལ་ནད་པ་ཡི། །འདུ་ཤེས་ཉེ་བར་བཞག་ནས་སུ། །གནོད་ལ་མི་ཁྲོ་དེ་ཡི་སྐྱོན། །བསལ་སླད་འཇུག་པ་གཉིས་པ་འོ། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙེང་རྗེའི་འདུ་ཤེས་བསྐྱེད་ནས་སུ། །གནོད་པ་སྤང་ཞིང་ཕན་པའི་ལས། །མི་ནུས་སྒྲུབ་པ་གསུམ་པ་འོ། །བདེ་འབྱོར་ལྡན་པའི་སེམས་ཅན་ལ། །དགའ་བའི་འདུ་ཤེས་བྱ་བ་ནི། །བརྣབ་སེམས་ཕྲག་དོག་ཡོངས་མེད་པར། །རྗེས་སུ་ཡི་རང་བྱ་བ་བཞི། །དགྲ་རྣམས་བདག་ལ་གནོད་བྱེད་ཀྱང། །དེ་ལ་དབང་མེད་ཁྲོ་བ་སོགས། །ཉེས་རྒྱུའི་ཉེས་པར་འདུ་ཤེས་ནས། །རྒྱུ་སྤང་མཛའ་བར་བྱེད་པ་ལྔ། །མཛའ་བཤེས་རྗེས་བཟུང་འདུ་ཤེས་ནི། །སྔོན་ཆད་ཇི་ལྟར་མཛའ་རྣམས་ལ། །རྗེས་བརྩེའི་མཛའ་བ་བརྟན་བྱ་ཞིང༌། །ཀུན་ལའང་མཛའ་བ་བྱ་བ་དྲུག །ལོངས་སྤྱོད་དག་ལ་སྨན་ལྟ་བུའི། །འདུ་ཤེས་ཉེ་བར་བཞག་བྱ་སྟེ། །འདོད་པ་ལོག་པར་མི་སྤྱོད་ཅིང། །མ་ཆགས་གང་འོས་སྤྱད་བྱ་བདུན། །བདག་ལ་བདག་མེད་འདུ་ཤེས་ནི། །ཆོས་དོན་གཉེར་ཞིང་ཆོས་སྨྲ་བསྟེན། །ཆོས་ལ་ཆོས་ཀྱི་རྗེས་སུ་ནི། །ནན་ཏན་འཇུག་པ་བརྒྱད་པ་ཡིན། །ཞེས་གསུངས་སོ།

          ཡང་དེ་ཉིད་ལས་མདོ་སྡེ་དྲན་པ་ཉེར་བཞག་ལས་གསུངས་ཚུལ་དྲངས་པའི་དོན་བསྡུས་ཏེ་བཤད་ན། ཆོས་ཀྱི་རྒྱལ་པོ་ཞིག་ལ་ཚང་དགོས་པའི་ཡོན་ཏན་སུམ་ཅུ་རྩ་ལྔ་སྟེ། ༡། ཡང་དག་པའི་ཤེས་རབ་ལ་གོམས་པ་དང། ༢། འདི་ཕྱིའི་དོན་ཆེན་ལ་བསམ་གཞིགས་ལེགས་པར་བྱེད་པ། ༣། དགེ་བའི་བཤེས་གཉེན་ལ་བསྟེན་པ། ༤། སྡིག་པའི་གྲོགས་སྤོང་བ། ༥། ལོག་ལྟ་སྤོང་བ། ༦། ལས་འབྲས་ཤེས་པའི་ལྟ་བ་བཟང་བ། ༧། སྐྱེ་བོ་བཟང་ངན་གྱི་ཁྱད་པར་ཤེས་པ། ༨། ཚིག་ཀུན་ལ་བརྟགས་ནས་བདེན་པ་འཛིན་པ། ༩། བརྟན་པའི་གྲོགས་ལ་བསྟེན་པ། ༡༠། དེ་ལས་ལྡོག་པ་སྤང་བ། ༡༡། རང་དང་འཁོར་རྣམས་རྒྱུད་དག་པ། ༡༢། སྦྱིན་སོགས་ཀྱིས་སྙན་པར་གྲགས་པ། ༡༣། ལེ་ལོ་སྤོང་བ། ༡༤། དུས་ལྟར་སྒྲུབ་པ། ༡༥། བཟའ་བཏུང་རན་པར་སྤྱོད་པ། ༡༦། གཉིད་ལ་མི་དགའ་བ། ༡༧། བུད་མེད་དབང་དུ་མི་འགྲོ་བ། ༡༨། འདོད་ཡོན་གྱིས་མི་བསླུ་བ། ༡༩། དོན་མེད་ཁྲོ་བ་སྤོང་བ། ༢༠། བཟོད་པ་ལྡན་པ། ༢༡། ཀུན་ལ་སྙན་པར་སྨྲ་བ། ༢༢། བདེན་པར་སྨྲ་བ། ༢༣། ཕྱོགས་ལྷུང་མེད་ལ་སྙོམས་པ། ༢༤། བློ་བརྟན་པ། ༢༥། དཔྱ་ཁྲལ་རན་པར་སྡུད་པ། ༢༦། མི་སྲུན་སྐྱེ་བོ་སྤོང་བའམ་འདུལ་བ། ༢༧། གཞན་ལ་དབང་བའི་ནོར་སོགས་རང་སོར་འཇོག་པ་དང་དྲིན་འཇལ་བ། ༢༨། མི་འཇིགས་པ་སོགས་སྦྱིན་པར་བརྩོན་པ། ༢༩། དཀོན་མཆོག་ལ་མཆོད་པ། ༣༠། ཆོས་སྐྱོང་བའི་ལྷ་སོགས་ལའང་གསོལ་བ། ༣༡། རང་གི་བུ་དང་བུ་མོ་སོགས་ཀྱང་ལེགས་པ་ཡོན་ཏན་གྱི་ལམ་ལ་འགོད་པ། ༣༢། འབངས་ཀྱི་སྡུག་སྔལ་སེལ་ཞིང་བདེ་བར་སྐྱོང་བ། ༣༣། ཆོས་བཞིན་སྐྱེ་རྒུ་སྐྱོང་བ། ༣༤། རང་ཉིད་དགེ་བཅུར་གནས་ཤིང་གཞན་ཡང་དེ་ལ་འགོད་པ། ༣༥། དུས་དང་འཚམ་པར་གསུང་ཆོས་བཀའ་སློབ་གནང་བ་བཅས་སོ།

          ཡང་དེ་ཉིད་ལས་འཕགས་པ་གསེར་འོད་དམ་པའི་མདོ་ལས་དྲངས་དོན། ཆོས་མིན་ཉེས་བྱས་གཞིག་པ་དང། །ཆོས་ཀྱིས་ཡུལ་ཁམས་བསྲུང་བའི་ཕྱིར། །མི་ཡི་བདག་པོར་བྱིན་བརླབས་པས། །རྒྱལ་པོ་དེ་ལ་ལྷ་ཞེས་དང༌། །ལྷ་ཡི་བུ་ཞེས་བྱ་བ་ཡི། །གྲགས་པ་ལྷ་ཡི་གནས་སུ་སྒྲོག །ཚེ་འདིར་ལེགས་པར་བྱས་པ་དང། །ཉེས་པར་བྱས་པའི་ལས་རྣམས་ཀྱི། །རྣམ་སྨིན་འབྲས་བུ་མངོན་སུམ་དུ། །སྟོན་པར་བྱེད་སླད་རྒྱལ་པོར་བསྐོས། །ཞེས་དང། རྒྱལ་པོར་བསྐོས་པའི་ལས་དེ་ནི། །སྡིག་ཅན་འཕེལ་བ་འགོག་ཡིན་ན། །ཞེས་དང། དེ་ལྟ་བས་ན་རྒྱལ་པོ་ཡིས། །རང་གི་སྲོག་ཀྱང་བཏང་ནས་སུ། །གང་གིས་འཇིག་རྟེན་བདེར་འགྱུར་བའི། །དཀོན་མཆོག་ཆོས་ནི་མི་བཏང་བར། །ཆོས་ལྡན་ཡོན་ཏན་ཅན་བསྟེན་ནས། །ཆོས་ཀྱི་ཡུལ་འཁོར་བསྐྱང་བྱ་སྟེ། །རྟག་ཏུ་ཆོས་མིན་རྣམ་པར་སྤང། །ཆོས་ཀྱང་ཡང་དག་བསྟན་པར་བྱ། །སེམས་ཅན་ལེགས་པར་བྱེད་ལ་འགོད། །ཉེས་པར་བྱེད་ལས་བཟློག་པར་བྱ། །གང་ཚེ་བཟློག་མེད་སྡིག་བྱེད་རྣམས། །ཚུལ་བཞིན་ཆད་པས་འདུལ་བྱེད་ན། །རྒྱལ་པོ་གྲགས་དང་ལྡན་འགྱུར་ཞིང། །ཡུལ་ཁམས་གཟི་བྱིན་འཕེལ་འགྱུར་ལ། །སྐྱེ་རྒུ་རྣམས་ཀྱང་བདེ་བར་འགྱུར། །ཞེས་སོགས་དེ་དག་རེ་རེ་ནས་ཀྱང་ཇི་ལྟར་བྱ་ཚུལ་རྒྱས་པར་གསུངས་ཡོད་པ་སོགས་ཤིན་ཏུ་རྒྱས་སོ།

          ༣། རྒྱལ་སྲིད་ཇི་ལྟར་སྲུང་ཞིང་སྐྱོང་བར་བྱ་ཚུལ།

 

          སྤྱིར་རྒྱལ་སྲིད་ཆོས་བཞིན་སྐྱོང་ཚུལ། རྒྱལ་ཁབ་སྐྱོང་ཚུལ་གྱི་རྩ་བའི་ཐབས་ཚུལ་གཙོ་བོ་གཉིས་ཡོད་དེ། ལུགས་ཀྱི་བསྟན་བཅོས་ལས། སྐྱེ་རྒུ་བདེ་བར་བྱེད་པ་འཚོ་ཚིས་ཡིན། །མི་བདེ་འཕེལ་བ་འགོག་པ་ཁྲིམས་ཡིན་པས། །འཇིག་རྟེན་བདེ་བར་འཚོ་དངཁྲིམས་ཀྱི་ལས། །གཉིས་ཀྱི་སྒོ་ནས་སྐྱེ་རྒུ་སྲུང་བར་བྱེད། །ཅེས་དཔལ་འབྱོར་དང་ཁྲིམས་ལུགས་གཉིས་ལ་བརྟེན་ནས་སྐྱོང་དགོས་པར་གསུངས་པ་དང། ལྷག་པར་ཁྲིམས་བཟང་པོ་ལ་ངེས་པར་བརྟེན་དགོས་ཏེ། དེ་ཉིད་ལས། རྒྱལ་པོ་ཞེས་པའི་མིང་དེ་ཡང། །ཁྲིམས་ཀྱི་བདག་པོར་བྱས་པས་ཐོབ། ཁྲིམས་ནི་ལུགས་བཞིན་མི་བྱེད་ན། །རྒྱལ་པོ་ཡོད་ཀྱང་མེད་དང་མཚུངས། །རང་ཉིད་ཁྲིམས་བདག་གྱུར་བ་ན། །དགྲ་ལའང་ཁྲིམས་ནི་ལུགས་བཞིན་གཅོད། །གནོད་པ་བྱེད་ཀྱང་དུས་གཞན་བྱ། །མཁས་པའི་ཁྲིམས་ལ་ཉེ་རིང་མེད། ཁྲིམས་ཡོད་པ་ཡི་ས་ཕྱོགས་སུ། །ཆོས་བཞིན་བྱེད་རྣམས་བག་ཕེབས་ལ། །ཆོས་མེད་བྱེད་རྣམས་བག་ཡོད་འགྱུར། ཁྲིམས་བཟང་འཇིག་རྟེན་མགོན་དང་སྐྱབས། །ཞེས་རྒྱལ་པོ་ནི་ཁྲིམས་ཀྱི་བདག་པོ་ཡིན་ལ་ཁྲིམས་ལ་ཉེ་རིང་མེད་པ་སྟེ་ཁྲིམས་ཀྱི་མདུན་སར་མི་ཚང་མ་འདྲ་མཉམ་ཡིན་དགོས་པ་དང། སྐྱེ་བོ་དམངས་ལ་ཕན་པའི་རྒྱལ་ཁྲིམས་བཟང་པོ་ཁོ་ན་ནི་སྐྱེ་བོ་རྣམས་ཀྱི་མགོན་སྐྱབས་ཡིན་པར་གསུངས་ཤིང། དེ་ཡང་ཐོག་མར་རྒྱལ་པོ་རང་ཉིད་ཀྱིས་བཅས་པའི་ཁྲིམས་རྣམས་བསྲུངས་ཐོག་ལག་ལེན་བྱེད་དགོས་པ་ཡིན་ཏེ། དེ་ལས། རྒྱལ་པོ་རང་ཉིད་ཁྲིམས་ལྡན་པས། །འཁོར་ལ་ཁྲིམས་སུ་བྱས་ན་མཛེས། །རང་ཉིད་ཁྲིམས་ལས་འདས་སྤྱོད་ན། །སྐྱེ་རྒུའི་དབང་པོར་ག་ལ་འོས། །ཞེས་གསུངས།

          དེ་ཡང་ཁྲིམས་ཀྱི་རྩ་བ་ནི་མི་དགེ་བཅུ་སྤོང་གི་སྡོམ་ཁྲིམས་ཡིན་ཏེ། དེ་ལས། མི་དགེ་བཅུ་བོ་དུག་འདྲ་སྟེ། །འདིར་གནོད་ཕྱི་མ་སྡུག་བསྔལ་ཀྱང། །ཞེ་འདོད་ལག་ལེན་འགལ་རྣམས་ལ། །ཆོས་རྒྱལ་རྣམས་ཀྱིས་ཁྲིམས་སུ་མཛད། །མི་གསོད་པ་དང་ནོར་རྐུ་དང། །ཆུང་མ་འཕྲོག་དང་བྱི་བྱེད་དང། །རྫུན་གྱིས་བསླུ་དང་ཕྲ་མས་འབྱེད། །དོན་མེད་རྩུབ་མོའི་ཚིག་གིས་གཅོད། །འདི་དག་གནོད་ཚབས་ཆེ་ཆུང་དང། །སྔར་གྱི་ལན་སྐྱོན་ཡོད་མེད་སོགས། །ཉེས་པའི་འོས་དང་བསྟུན་ནས་སུ། །ཆད་པའི་ལས་ཀྱིས་བཀག་པར་བྱ། །རགས་པའི་ཉེས་པ་རྣམས་བཀག་པས། །ཕྲ་བ་ཡིད་ཀྱི་ཉེས་པ་རྣམས། །ཤུགས་ཀྱིས་མཐུ་ནི་མེད་བྱས་པས། །དགེ་བཅུའི་ཁྲིམས་སུ་བཅས་ཞེས་བྱ། །ཞེས་མི་དགེ་བཅུ་བོའི་གནོད་སྐྱོན་དང། དེ་ལས་ཀྱང་འཇིག་རྟེན་པའམ་སྤྱི་ཚོགས་ནང་དུ་ཕན་གནོད་ཆེ་ཆུང་རིགས་མང་པོ་ལུས་ངག་གཉིས་ལ་བརྟེན་ནས་ཡོང་གིན་ཡོད་པས། དཔེར་ན་ཉེས་པ་ཆེ་ཤོས་མི་ཞིག་བསད་པ་ཡིན་ན་ཡང། དེ་དང་དེ་དག་བར་ན་སྔར་བྱས་ཀྱི་འཁོན་རྩོད་སོགས་ཡོད་མེད་ལའང་ལེགས་པར་བརྟགས་ཏེ། ཕར་རྒོལ་གྱིས་དོན་མེད་བསམ་བཞིན་བསད་པའི་ཉེས་ཚབས་ཆེ་རིགས་ཡིན་ན་དེ་བཞིན་གྱི་ཉེས་ཆད་ཀྱང་ཆེ་བ་དང༌། ཚུར་རྒོལ་བྱས་པའམ་དེ་ལས་རང་སྲུང་གི་ཕྱིར་རྒྱག་ཉེས་ཐལ་བ་སོགས་ཁག་མེད་པའི་རིགས་ཡིན་ན་དེ་བཞིན་གྱི་ཆད་པའང་ཆུང་བ་སོགས་གནོད་མཁན་དང་གནོད་ཡུལ་གཉིས་ལ་བརྟག་དཔྱད་ལེགས་པར་བྱས་ཏེ་ཁྲིམས་ཆད་གང་འོས་གཅོད་དགོས་ཚུལ་གསུངས་ཤིང། དེ་ལྟར་ལུས་ངག་གི་ཉེས་པ་རགས་པ་དག་བཀག་པ་ལ་བརྟེན་ནས་རིམ་བཞིན་ཉེས་པ་ཕྲ་མོ་བརྣབ་སེམས་དང་གནོད་སེམས་དང་ལོག་ལྟ་དག་ཀྱང་རང་བཞིན་ཤུགས་ཀྱིས་ཆུང་དུ་འགྱུར་བར་བྱེད་པ་དེ་ཙམ་ལ་དགེ་བཅུའི་ཁྲིམས་སུ་བཅས་པའི་ཆོས་ཁྲིམས་ཞེས་བྱ་བ་ཡིན་གྱི་འཇིག་རྟེན་པའི་ལྟ་སྤྱོད་ཚང་མ་རབ་བྱུང་བ་དང་གཅིག་པ་གཅིག་རྐྱང་བྱ་དགོས་པ་ཞིག་མིན་ལ། དེ་འདྲ་ཡོང་ཐབས་ཀྱང་ག་ལ་ཡོད།

          དེའི་ཕན་ཡོན་བསྟན་པ་ནི། སེམས་ཅན་སྤྱི་ལ་འཚེ་བ་དང། །དཀོན་མཆོག་གསུམ་ལ་གནོད་པ་དང། །རྒྱལ་པོའི་ཆུས་ལ་གཟན་པ་དང། །རྒྱལ་ཁམས་མི་བདེ་བྱེད་པ་རྣམས། །མཐུ་ལྡན་རྒྱལ་པོས་བཀག་བྱས་ན། །རྒྱལ་ཁམས་སྤྱིདང་བྱེ་བྲག་བདེ། །ཆོས་ལྡན་རྒྱལ་པོ་མེད་གྱུར་ན། །རྒྱལ་ཁམས་བདེ་བའི་ཐབས་གཞན་དཀའ། །ཞེས་གསུངས་སོ། 

          དེའི་ཐོག་ཡུལ་དུས་གནས་བབ་དང་མཐུན་ཞིང་འཕྲལ་ཕུགས་ཀྱི་ཕན་གནོད་བཅས་ལ་ལེགས་པར་བརྟགས་ཏེ་འཇིག་རྟེན་ཡ་རབས་ལུགས་ཀྱི་ཁྲིམས་ལུགས་རྣམས་ཀྱིས་བརྒྱན་པའི་སྒོ་ནས་ཕྱི་སྲིད་ནང་སྲིད་འཐུས་ཚང་བར་སྐྱོང་དགོས་བ་ཞིག་སྟེ། དེ་ལས། ས་སྙིང་འཁོར་ལོ་བཅུ་བའི་མདོར། །དཔེ་ཡི་ཚུལ་དུ་ལེགས་གསུང་པ། །གང་གིས་རྒྱལ་པོའི་དཔལ་ཐོབ་པའི། །མི་བདག་བློ་དང་ལྡན་པ་དེས། །འདས་དང་ད་ལྟ་མ་འོངས་པའི༌། །རྒྱལ་པོའི་ཁྲིམས་ལུགས་བརྟགས་བྱས་ཏེ། །ཡུལ་དེར་གནས་པའི་མཛངས་པ་རྣམས། །ལས་ཀྱི་འཁོར་ལོ་གསུམ་ལ་སྦྱོར། །དགྲ་ཐབས་ཤེས་ཤིང་རྩལ་སྦྱང་དུ། །འཇུག་པ་རྒྱལ་སྲིད་ལས་འཁོར་ཡིན། །ཞིང་ལས་དང་ནི་གནས་ཁང་གི །བྱ་བ་སློབ་པ་གཉིས་པ་སྟེ། །ཚོང་དང་བཟོ་རྣམས་སྣ་ཚོགས་ཀྱི། །ལས་ལ་སྦྱོར་བ་གསུམ་པར་བཤད། །ལས་ཀྱི་འཁོར་ལོ་གསུམ་པོ་འདིས། །སྐྱེ་རྒུ་བདེ་བར་བྱེད་པའོ། །ཞེས་རྒྱལ་ཁྲིམས་དེ་ཡང་ཡུལ་དུས་གནས་བབ་འཕྲལ་ཕུགས་བཅས་ལ་བརྟགས་ནས་བཟོ་དགོས་པ་དང། དེ་ལག་ལེན་བྱེད་པོ་རྣམས་ཀྱང་གཞན་ཕན་མཛད་རྗེས་ཅན་གྱི་མཛངས་པ་དག་ཡིན་དགོས་པ་དང། དེ་ཡང་ཐོག་མར་རྒྱལ་ཁབ་བརྟན་སྲུང་སླད་དུ་དམག་དོན་གྱི་བྱ་བ་ཚགས་ཚུད་གལ་ཆེ་བ་དང། དེ་ནས་འཚོ་ཐབས་ཀྱི་གནད་དོན་གཙོ་བོ་ཞིང་ལས་དང་སྡོད་ཁང་སོགས་ཡར་རྒྱས་གཏོང་བར་སློབ་དགོས་པ་དང། ཚོང་ལས་ཀྱི་རིགས་དང་བཟོ་ལས་ཀྱི་རིགས་སོགས་དཔལ་འབྱོར་ཡར་རྒྱས་བཏང་ནས་འབངས་ཀྱི་འཚོ་བ་ཕུན་སུམ་ཚོགས་པ་གཙོ་བོར་འཛིན་དགོས་པ་སོགས་ཤིན་ཏུ་རྒྱས་པར་བསྟན་ཡོད།

          ཁོར་ཡུག་ལོངས་སྤྱོད་སོགས་ཀྱང་གནོད་མེད་བསྲུང་བར་བྱ་དགོས་ཏེ། སྣོད་ཀྱི་འཇིག་རྟེན་སྐྱེ་རྒུ་གང། །ཆོས་ལྡན་རྒྱལ་པོས་སྲུང་ཚུལ་ནི། །མི་བསྲེག་མི་གཞིག་ལ་སོགས་པས། །ཇི་ལྟར་གནས་བཞིན་བསྲུང་བར་བྱ། །ཞེས་གསུངས་སོ།།

          ནང་གི་མི་སྲུན་པ་ཚར་གཅོད་ཇི་ལྟར་བྱེད་དགོས་ཚུལ་ནི། ཡང་དག་དུས་བབ་དོན་ལྡན་དང། འཇམ་ཞིང་བྱམས་པ་ལྔ་ལྡན་པའི༌། །མི་ཡི་བདག་པོས་ཆད་པ་གཅོད། །དང་པོ་ཕ་རོལ་གཡོན་ལ་གནས། །ཆད་པའི་འོས་སུ་གྱུར་པ་སེྟ། །ཉེས་མེད་ཆད་པས་བཅད་གྱུར་ན། །ཤིན་ཏུ་ཕྱིན་ཅི་ལོག་ཏུ་འགྱུར། །གཉིས་པ་ཆད་པ་གཅོད་པ་ཡི། །མཐུ་མཆིས་གྱུར་ན་ཉེས་པ་དང། །བསྟུན་ཏེ་ཇི་ལྟར་འོས་པར་སྦྱར། །བཟློག་ན་དུས་སུ་མ་བབ་འགྱུར། །གསུམ་པ་ཇི་ལྟར་ཁས་བླངས་པའི། །དོན་ལ་གནས་པར་བྱ་བ་ལས། །གང་བྱུང་བྱས་ན་ཁྲིམས་ཀྱི་ལུགས། །འདས་ནས་དོན་དང་མི་ལྡན་འགྱུར། །བཞི་བ་སྐྱོན་བརྗོད་ཙམ་གྱིས་ནི། །མི་འགྲུབ་ཆད་པས་བཅད་འོས་ནའང། །བསད་དང་དབང་བོ་འབྱིན་པ་དང། །ཡན་ལག་ཉིང་ལག་གཏུབ་མི་བྱ། །སྙིང་རྗེས་བཅིངས་དང་བཙོན་འཇུག་དང༌། །བརྡེག་དང་བསྡིག་དང་གནོད་སྤྱོད་དང། །གནས་ནས་འབྱུང་དང་ནོར་འཕྲོག་སོགས། །ཇི་ལྟར་འཚམས་པར་སྦྱར་བར་བྱ། །དེ་ལས་འདས་པར་བརླང་བྱས་ན། །ཧ་ཅང་བརླང་པ་ཆེ་འགྱུར་ཏེ། །རྒྱལ་པོ་སྐྱེ་རྒུ་སྐྱོང་ཡིན་པས། །མི་སྲུན་བཀུམ་པར་བྱས་གྱུར་ན། ཁོང་ཁྲོས་སེམས་ཀྱིས་དུས་བྱས་ནས། །ངན་སོང་དག་ཏུ་ཕལ་ཆེར་འགྲོ། །ཡུན་རིང་སྐྱེ་བ་རྣམསུ་སུ་ཡང། །ཤ་འཁོན་རྗེས་སུ་འབྲེལ་བར་འགྱུར། །དབང་བོ་ཡན་ལག་བྲལ་གྱུར་ན། །ཕྱིར་ཞིང་བཅོས་སུ་མི་རུང་ལ། །དེ་ལས་གཞན་པ་བཅིང་བརྡེག་སོགས། །བཅོས་སུ་རུང་ཕྱིར་བྱ་བར་བཤད། །གལ་ཏེ་མི་སྲུན་དག་ལ་ཡང། །སྙིང་རྗེས་སེམས་ཀྱིས་མ་བསྲུང་ན། །སྐྱེ་རྒུ་སྐྱོང་བའི་བྱ་བ་ནི། །རྒྱལ་པོས་རྫོགས་པར་མ་བྱས་སོ། །ལྔ་པ་ཇི་ལྟར་མི་སྲུན་ལ། །སྙིང་རྗེས་བརླང་བར་བྱ་ཞེ་ན། །དཔེར་ན་བུ་ནི་མི་སྲུན་པར། །ཉེས་པ་བཟློག་སླད་ཕ་ཡིས་ནི། །གསོད་པར་བྱེདཔ་མ་ཡིན་པའི། །རྡེག་དང་སྡིགས་སོགས་བྱེད་པ་བཞིན། །གནོད་སེམས་མེད་པའི་འདུལ་ཐབས་ལ། །ཉེས་པ་ཡོད་པ་མ་ཡིན་ནོ། །ཅེས་ཕར་ཕྱོགས་ལ་ཆད་པ་གཅོད་འོས་པའི་ཉེས་པ་ཡོད་པ་དང། ཚུར་ཕྱོགས་ལའང་ཆད་པ་གཅོད་པའི་མཐུ་ནུས་འཛོམས་པའི་དུས་ལ་བབ་པ། ཇི་ལྟར་བཅས་པའི་ཁྲིམས་ལུགས་ལྟར་དོན་ལ་གནས་པ། བཙོན་ལ་འཇུག་པ་དང་རྡུང་བ་སོགས་ལས་སྲོག་གཅོད་དང་ཡན་ལག་གཅོད་པ་སོགས་མི་རུང་བས་ཕ་ཡིས་བུ་ལ་བཞིན་གནོད་སེམས་མེད་པའི་འདུལ་ཐབས་བསྟན་པའོ།

          ཡང་ཆད་པ་གཅོད་འོས་པའི་མི་སྲུན་པ་དེ་ཅི་འདྲ་ཞིག་ཡིན་པ་དང་དེ་དག་ལ་ཆད་པ་ཇི་ལྟར་གཅོད་འོས་པའི་སྐོར་ཡང་ཡང་དེ་ཉིད་ལས། དེ་ལས་ཆད་པས་གཅོད་འོས་པའི༌། །མི་སྲུན་པ་ནི་རྣམ་ལྔ་སྟེ། །རྒྱལ་པོ་ལ་ནི་གནོད་པ་དང། །ཕན་ཚུན་གཅིག་གིས་གཅིག་ལ་གནོད། །རྒྱལ་པོའི་བཀའ་ལ་མི་ཉན་དང། །ལོག་པར་འཚོ་བས་འཚོ་བ་དང། །ལོག་པར་ཞུགས་པར་གྱུར་རྣམས་ཏེ། །འཇིག་རྟེན་མི་བདེ་འཕེལ་བྱེད་པའོ། །དང་པོ་རྒྱལ་པོའི་སྲོག་དང་ནི། བཙུན་མོ་ནོར་སོགས་བརླག་བྱེད་དང། །ཕྱར་ཀ་གཏོང་དང་གསང་མི་ཐུབ། །ལ་སོགས་གནོད་པར་བྱེད་པ་རྣམས། །ཉེས་དང་བསྟུན་ལ་སྨད་ནས་སུ། །སྐྱོན་བརྗོད་པ་དང་ནོར་འཕྲོག་སོགས། །བཅིང་དང་བསྐྲད་པ་ལ་སོགས་པས། །ཕྱིན་ཆད་གནོད་པ་མེད་པ་བྱ། །ཕན་ཚུན་གཅིག་ལ་གཅིག་གནོད་པ། །སྤྱོ་དང་སྡིག་དང་གནོད་པ་དང། །བརྡེག་དང་བཙོན་དུ་བཟུང་སོགས་ཀྱི། །ཆད་པས་ལས་དེ་འགོག་པར་བྱ། །རང་གི་མངའ་ཡུལ་གནས་ན་ཡང། །རྒྱལ་པོའི་བཀའ་ལ་མི་ཉན་རྣམས། །ཟིལ་གྱིས་མནན་ནས་དབང་བསྒྱུར་ལ། །རང་རང་སྡེ་རིས་ལས་མི་བསྐྱོད། །རང་གི་རིས་ནས་མ་བསྐྱོད་པས། །རྒྱལ་པོར་དྲིན་དུ་གཟོ་སེམས་སྐྱེ། །འཇིགས་པས་བཀའ་ཉན་ཀུན་གྱིས་འདུད། །གྲགས་པར་འགྱུར་ཞིང་བསོད་ནམས་འཐོབ། །བྱ་བ་ཤན་པ་སྨད་འཚོང་སོགས། །སྡོམ་མིན་སྡིག་རྒྱུན་འཛིན་པ་ཡིས། །ལོག་པས་འཚོ་བར་གྱུར་རྣམས་ལ། །ཕྱིན་ཆད་འདི་འདྲ་མ་བྱེད་ཅིག །བྱས་ན་ཆད་པ་འདི་ལྟ་བུ། །གཅོད་པར་འགྱུར་ཞེས་འཇིགས་པ་དང། །བསྟན་པས་བསྡིགས་ཏེ་དགག་པར་བྱ། །ཚུལ་མིན་ལྟ་བ་འཛིན་པ་དང། །ཚུལ་ཁྲིམས་འཚོ་བ་ཉམས་ལྟ་བུ། །ལོག་པར་ཞུགས་པར་གང་ཡིན་རྣམས། །ཐབས་ཀྱིས་གཉེན་པོའི་ཕྱོགས་ལ་གཞུག །གལ་ཏེ་ལྟ་བ་ཚུལ་ཁྲིམས་དང། །ཆོ་ག་འཚོ་བ་ཉམས་པ་གང། །དགེ་འདུན་མཐུན་པས་སྦྱངས་བྱས་ཏེ། །བསྐྲད་པར་བགྱིས་སམ་རང་རང་གི ཁས་བླང་ན་ཡང་དེ་བཞིན་དུ། །བསྐྲད་པར་ནུས་པར་མ་གྱུར་ན། །རྒྱལ་པོས་ལེགས་པར་བརྟགས་ནས་སུ། །བཙུན་པའི་ཕྱོགས་ཀྱི་གྲོགས་བྱའོ། །གལ་ཏེ་དགེ་འདུན་ཕྱོགས་གཉིས་པོ། །རྩོད་པས་ཁྲིམས་སོགས་ཉམས་གྱུར་ན། །རྒྱལ་པོ་རང་ཉིད་ཆོས་ལ་ནི། །ཡང་དག་མཁས་ན་དེ་ཉིད་དམ། །ཡང་ན་ཡུལ་དེར་གནས་པ་ཡི། །དགེ་སྦྱོང་དང་ནི་བྲམ་ཟེ་གང། །ཆོས་མཁས་ཡ་རབས་སུ་གཏོགས་པ། །བསྡུས་ནས་རྩོད་པ་དེ་སྦྱང་བྱ། །དེ་ཚེ་གང་ཞིག་རིགས་པ་དེའི། །ཕྱོགས་ཀྱི་གྲོགས་ནི་ལེགས་བགྱིས་ཏེ། །བསྡིག་དང་བསྐྲད་སོགས་གང་འོས་པས། །གཅིག་ཤོས་ལོག་ཞུགས་དེ་བཟློག་བྱ། །ཆོས་ལྡན་རྒྱལ་པོའི་ཡུལ་ཁམས་ན། །ཕ་མ་རྒས་ཚེ་མི་བཀུར་ཞིང། །དེ་བཞིན་གཉེན་དང་བྲན་སོགས་ལ། །འོས་པའི་ཟས་ནོར་མི་སྟེར་བར། །ལས་ལ་བཀོལ་ཏེ་ངལ་འཇུག་པ། །འདི་དག་མི་སྲུན་ལྔ་པོ་དེ། །གང་གི་ཁོངས་སུ་གཏོགས་ཤེ་ན། །རང་ལ་ཕན་འདོགས་པ་དེ་ལ། །སྦྱིན་པར་འོས་པ་མི་སྟེར་བར། །རང་གིས་སྤྱོད་པར་བྱེད་པ་ནི། །ལོག་ཞུགས་ཆེན་པོ་ཡིན་པས་ན། །ལོག་པར་འཚོ་བའི་མི་སྲུན་པའོ། །ཞེས་མི་སྲུན་པའི་རིགས་བྱམས་པས་འདུལ་ཐབས་སོགས་རྒྱས་པར་ཡོད་པ་མ་ཟད། རྒྱལ་པོ་རང་ཉིད་ལའང་རང་ཁྲིམས་གཅོད་དགོས་པ་སྟེ། །གལ་ཏེ་རྒྱལ་པོ་མི་སྲུན་པར། །གྱུར་ན་དེ་ལ་སུ་ཞིག་གིས། །ཆད་པས་བཅད་པར་འགྱུར་ཞེ་ན། །རྒྱལ་པོ་རང་གིས་རང་ཚར་གཅོད། །ཇི་ལྟར་ཞེ་ན་རང་ཉིད་ནི། །བག་མེད་སྙིང་རྗེ་མེད་གྱུར་ན། །རང་གི་ཤེས་རབ་ཀྱིས་བརྟགས་ནས། །མི་སྙན་ངན་སོང་འཇིགས་པ་བསམ། །ཞེས་གསུངས་སོ།

          ཕྱི་སྲིད་སྲུང་སྐྱོབ་ཇི་ལྟར་བྱ་ཚུལ། གལ་ཏེ་ཡོངས་རྫོགས་ཆོས་ལྡན་པའི༌། །རྒྱལ་པོ་དེ་ཡི་ཡུལ་དུ་ནི། །འཐབ་མོའི་གཡུལ་ནི་བྱུང་གྱུར་ཚེ། །ཇི་ལྟར་ནན་ཏན་བྱ་ཞེ་ན། །ཐོག་མ་བར་དང་ཐ་མ་ཡི། །དུས་གསུམ་ཐབས་མཁས་གསུམ་ལྡན་པས། །ཆོས་ལས་ཉམས་པར་མི་འགྱུར་བར། །དེ་ལྟར་ཡུལ་ཁམས་བསྲུང་བར་བྱ། །ཐབས་མཁས་རྣམ་གསུམ་གང་ཞེ་ན། །ཐོག་མར་རང་ངམ་བློན་སོགས་ཀྱིས། །མཛའ་བས་འདུམ་པར་འགྱུར་བའམ། །ཕན་གདགས་པའམ་སྡིག་པ་སོགས། །སྣ་ཚོགས་ཐབས་ལ་མཁས་པ་ཡིས། །འཐབ་མི་དགོས་པར་ཞི་བར་བྱ། །དེས་ཀྱང་ཞི་བར་མ་ནུས་པའི། །བར་གྱི་དུས་ལ་ཆོས་ལྡན་གྱི། །རྒྱལ་པོས་སེམས་གསུམ་བཞག་བྱས་ཏེ། །བཟློག་མེད་རྒོལ་བར་འཐབ་མོ་བྱ། །དང་པོ་ཆོས་ལྡན་རྒྱལ་པོ་ངས། །སྐྱེ་རྒུ་ཕུང་བྱས་མི་འགྱུར་གྲང༌། །ཕུང་ལས་མ་བཟློག་མེད་དམ་ཞེས། །སྐྱེ་རྒུ་བསྐྱང་བར་སེམས་བཞག་བྱ། །གཉིས་པ་ཕས་རྒོལ་དགྲ་རྣམས་ལས། །རྒྱལ་བའི་ཚུལ་ལ་སེམས་བཞག་གོ །གསུམ་པ་སྐྱེ་བོ་རྣམས་ཀྱི་ནི། །སྲོག་བཟུང་བ་ལ་སེམས་བཞག་སྟེ། །རང་གི་དཔུང་ཚོགས་བཞི་ལ་ནི། །གཡུལ་བཤམ་པར་ནི་བཀའ་སྩལ་བྱ། །ཞེས་དང། ལེགས་པར་གཡུལ་བཤམས་རྒྱལ་པོ་དེས། །གཞན་སྡེ་བཀུམ་མམ་རྨ་བྱུང་ཡང། ཁ་ན་མ་ཐོ་ཆུང་འགྱུར་ལ། །རྣམ་སྨིན་མྱོང་བས་ངེས་པའང་མེད། །ཅི་ཕྱིར་ཞེ་ན་འདི་ལྟར་དེས། །ཡོངས་སུ་མི་གཏོང་སྙིང་རྗེ་ཡིས། །ལས་དེ་མངོན་དུ་བགྱིས་པས་སོ། །གང་དེས་སྐྱེ་རྒུ་ཡོངས་བསྐྱང་དང། །བུ་དང་ཆུང་མ་རིགས་དོན་དུ། །བདག་དང་ལོངས་སྤྱོད་ཡོངས་བཏང་སྟེ། །ལས་དེ་བགྱིས་ཕྱིར་གཞི་དེ་ལས། །བསོད་ནམས་ཚད་མ་མཆིས་པས་འཕེལ། །ཞེས་ཆོས་མཐུན་གྱི་དམག་འཐབ་ཇི་ལྟར་བྱ་ཚུལ་ཡང་གསལ་བར་གསུངས་སོ།

          མདོར་ན། གོང་གི་ལུང་དོན་དེ་དག་ལས་ང་ཚོས་གསལ་པོར་ཤེས་ཐུབ་པ་ནི། རྒྱལ་སྲིད་ཆོས་བཞིན་སྐྱོང་པ་ལ། སྐྱོང་མཁན་རང་ཉིད་དམ་པའི་ཆོས་ལ་ཡང་དག་པར་གནས་པའི་ཐོག་མི་དམངས་ཀྱང་ཆོས་ལ་དད་ཅིང་འཇུག་པར་བྱེད་དགོས་པ་གཞིར་བཞག་ནས། རྒྱལ་འབངས་ལ་གནོད་པའི་མི་ངན་རིགས་འཇམ་རྩུབ་ཀྱི་ཐབས་ཚུལ་སྣ་ཚོགས་པས་འདུལ་དགོས་པ། ཕྱིའི་བཙན་འཛུལ་དམག་འཁྲུག་ཀྱང་ཞི་བའི་ལམ་ནས་འདུམ་ཐབས་ཅི་ནུས་བྱ་དགོས་ལ། གལ་ཏེ་མ་ཕན་ན་སྐྱེ་རྒུ་སྐྱོང་བའི་སླད་དུ་བྱམས་བརྩེ་སྙིང་རྗེས་ཟིན་པའི་སྒོ་ནས་དེ་ལའང་དེ་ལན་སྤྲོད་དགོས་པ་སྟེ། མདོར་ན་སྐྱེ་རྒུ་ཞི་བདེར་སྐྱོང་བའི་ཐབས་ཚུལ་དམ་པ་ཞིག་ཡིན་ནོ། དེ་བས་ན་ང་ཚོའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཞེས་པ་འདི་ཡང་ཁུངས་མེད་ལུགས་གསར་ཅིག་མིན་པར་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་ཐབས་ཚུལ་མཆོག་ཅིག་ཡིན་པ་རྟོགས་དགོས། འོན་ཀྱང་དེ་བཞིན་ལག་བསྟར་ཐུབ་མིན་ནི་ཆོས་ཀྱི་རྒྱལ་པོའི་མཚན་ཉིད་ཚང་མིན་དང་ཡུལ་དུས་ཀྱི་འགྱུར་བ་ལ་བསྟུན་ཚུལ་མ་ནོར་བ་དགོས་ངེས་སོ།།

 

          ཁ། བོད་ཀྱི་རྒྱལ་པོས་རྒྱལ་སྲིད་ཆོས་བཞིན་སྐྱོང་ཚུལ།

 

          ༡། སྲོང་བཙན་སྒམ་པོས་ཀྱང༌། མི་ཆོས་གཙང་མ་བཅུ་དྲུག་དང། ལྷ་ཆོས་དགེ་བ་བཅུའི་རྩ་ཁྲིམས་མཛད་ཐོག ཆོས་མཐུན་གྱི་གདམས་པ་དུ་མས་འཁོར་ཚོགས་བསྐྱངས་་མོད། དེ་འདྲའི་དར་ཁྱབ་དང་སྲ་བརྟན་ཞིག་བྱུང་མེད་པ་མ་ཟད། བསླབ་པ་གསུམ་རྟོགས་སླད་བོན་བཤད་པ་དང། སྒྲུང་དང་ལྡེའུའི་ཐབས་ཚུལ་སྤྱད་པ་བཅས་དོན་ལ་ཆོས་བོན་ལུགས་གཉིས་ཀྱིས་རྒྱལ་སྲིད་བསྐྱངས་ཤིང། ཕྱི་ལ་དམག་དང་ནང་ལའང་དྲག་པོའི་ཁྲིམས་ཡོད་པ་བཅས་དུས་བསྟུན་གྱི་སྲིད་ཐབས་ཁྱད་པར་ཅན་ཡིན་མཛད་དོ།

          ༢། ཁྲི་སྲོང་ལྡེའུ་བཙན་གྱིས་ཐོག་མར་རྒྱལ་སྲིད་ཆོས་བཞིན་སྐྱོང་བར་བན་བོན་གཉིས་རྩོད་བཅུག་ནས་སུ་རྒྱལ་བའི་ལུགས་འཛིན་པ་དང་ཅིག་ཤོས་འདོར་དགོས་པའི་བཀས་བཅད་པ་དང། རྗེས་སུ་ནང་པ་ནང་ཁུལ་ལྟ་བའི་ཆ་ནས་མ་མཐུན་པའི་སྐབས་ཀྱང་ཕན་ཚུན་རྩོད་བཅུག་ནས་ལེགས་ཉེས་བླང་དོར་ཕྱེས་ཤིང། བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་རབ་བྱུང་སྡེ་དང་བཅས་བཙུགས་ཏེ་འཚོ་བ་གཞུང་དང་འབངས་གཉིས་ནས་སྦྱོར་རྒྱུ་དང། ཕོ་མིག་མི་དབྱུང་བ་དང། མོ་སྣ་མི་གཅོད་པ། མཚང་ངན་ནམ་ཉེས་ཅན་མི་གསོད་པ་སོགས་དང། འབངས་ཚང་མས་རབ་བྱུང་བ་ལ་ཕྱག་མཆོད་བྱ་དགོས་པའི་ཆོས་ཁྲིམས་བཅས་ཤིང་ཀུན་གྱིས་དེ་བཞིན་བྱེད་རྒྱུར་བྲོ་བོར་བ་དང། དེ་ནས་རིམ་པར་ཆོས་དཔེ་དུ་མ་བསྒྱུར་བཅུག་པ་དང། རྒྱལ་པོ་རང་ཉིད་ནས་ཆོས་བསླབས་པ་དང་འབངས་ཐམས་ཅད་ཀྱང་ཆོས་ལ་འཇུག་པའི་ཕྱིར་དབུས་མཐའ་ཀུན་ཏུ་སློབ་དཔོན་བསྐོས་པ་སོགས་མཛད་པ་རྒྱ་ཆེ་སྟེ། །བཙན་པོ་རང་གི་གསུང་མགུར་ལས་ཀྱང། མེས་པོ་ཐོ་རུ་གཉན་བཙན་ཆོས་དབུ་བརྙེས། །སྲོང་བཙན་སྒམ་པོས་ཆོས་ཀྱི་སྲོལ་ཡང་བཏོད། ཁྲི་སྲོང་ལྡེ་བཙན་ཆོས་ཀྱི་གཞི་ཞིག་བཏིང། །བཟང་པོས་ཡར་འཐེན་ཡོད་པས་ང་རེ་དགའ། ཞེས་དང། བོད་ཀྱི་ལྷ་འདྲེ་མི་གསུམ་དམ་ལ་བཏགས། །བསམ་ཡས་མི་བས་ལྷ་འདྲེས་བརྩིགས་པ་མཐོ། །ང་ཡི་བསམ་ཡས་དབུ་རྩེ་རིགས་གསུམ་འདི། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ་སྟེ་དགའ། །ཕ་མའི་ངོར་ཡང་སྡིག་པའི་ལས་མི་བྱེད། །སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤོང། །ཚེ་འདིའི་དོན་དུ་རྒྱལ་སྲིད་ཆོས་བཞིན་སྐྱོང། །ཕྱི་ཡི་རྒྱལ་སྲིད་ཕྱུགས་ལུག་བཞིན་དུ་སྐྱོང། །ནང་གི་རྒྱལ་སྲིད་བུ་ཚ་བཞིན་དུ་སྐྱོང། །བར་གྱི་རྒྱལ་སྲིད་བྲན་འཁོལ་བཞིན་དུ་སྐྱོང། །རྒྱལ་པོའི་མངའ་ཐང་ཆོས་ལ་སྤྱོད་པས་དགའ། །ཞེས་གསུང་མགུར་བཞེངས་པ་བཞིན་ལགས་མོད། ཞང་ཞུང་དང་མི་ཚེས་རྒྱལ་པོའི་སྐུའི་བར་ཆད་སེལ་ཕྱིར་འདྲེ་སྲིན་འདུལ་བའི་དུས་བོན་བྱེད་པའང་ཡོད། མདོར་ན་སྲོང་བཙན་ལས་ཆོས་ཁྲིམས་ལེགས་སུ་ཕྱིན་པ་མཐོང་ངོ༌།

          ༣། མུ་ནེ་བཙན་པོས་འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམས་པ། ཚོང་པ་དང་མགྲོན་པོ་ལམ་འགྲོ་བ་ཚོས་རྒྱགས་ཕྱེ་འཁྱེར་མི་དགོས་པར་བླ་ནས་གནང་བ། རང་གི་འཚོ་བའི་ཕྱིར་ཕྱུགས་གསོད་པ་དང། བརྐུ་བྱེད་མི་དགོས་པའི་བདེ་བར་བཀོད་པ། ལྷ་ཁང་སོགས་བཞེངས་པ་གཙོ་ཆེ།

          ༤། ཁྲི་རལ་བ་ཅན་གྱིས་རབ་ཏུ་བྱུང་བ་རེར་ཁྱིམ་དུད་བདུན་རེ་ཕུལ་བ་དང་ཁྱིམ་པའི་འཚོ་ཚིས་ཀྱང་ཆོས་དང་མཐུན་པའི་ལམ་སྲོལ་མཛད་པ་དང། ལྷག་པར་རྒྱ་དམག་བོད་དུ་དྲངས་པར་ཞི་བའི་ལམ་ནས་འཇམ་འདུམ་གནང་ཐབས་བྱས་ཀྱང་མ་འགྲིག་པས་དམག་འཐབ་ནས་རྒྱ་ཆམ་ལ་ཕབ་རྗེས་སླར་ཡང་ཞི་བས་བསྡུམས་ཏེ་དཔང་ཡིག་རྡོ་རིང་ལ་བཀོད་པའི་མཛད་པ་བཅས་རྒྱ་ཆེ་མོད། ནོར་འཁྲུལ་ཚབས་ཆེན་ཞིག་བྱས་ཡོད་པ་ནི། སྲིད་ཀྱི་དབང་དགེ་འདུན་ལ་ཕུལ་བ་དང། རབ་བྱུང་བ་ཚོར་སྡིགས་མཛུབ་བཙུགས་ན་མཛུབ་མོ་བཅད་པ་དང། མིག་ལོག་བྱས་པར་མིག་ཕྱུང་བ་སོགས་མི་སྲུན་འདུལ་བའི་ཁྲིམས་ཆད་ཐལ་དྲགས་པས་ཞང་བློན་ནག་པོའམ་བོན་དད་ཅན་གྱི་བློན་རྣམས་འབངས་ཚོས་མཐར་རྒྱལ་པོ་བཀྲོངས་ཏེ་ཆོས་ཁྲིམས་བཤིག་ནས་རྒྱལ་ཁམས་འཐོར་བའི་ལོ་རྒྱུས་ཀྱི་རྐྱེན་རྩར་གྱུར་རོ།།

          ༥། འགྲོ་མགོན་འཕགས་པ་མཆོག་བཙན་རྒྱལ་ཆེན་པོ་ཧོར་གྱི་ཡུལ་དུ་བཞུགས་ནས་ཀྱང་བོད་ཆོལ་ཁ་གསུམ་དམ་པའི་ཆོས་ཀྱིས་བླུས་ཏེ་དབང་བསྒྱུར་ཚུལ་ནི་ཆེས་ལས་སླ་བོས་རང་དབང་རང་སྲིད་ཞི་བས་བསྐྱར་ལེན་བྱས་པ་འཛམ་གླིང་འདིར་གཅིག་ལས་གཉིས་མེད་པ་ཞིག་ཡིན། དེ་ལྟར་ཁོང་གིས་ཕྱི་འབྲེལ་ལམ་ལུགས་ཀྱི་ངོ་བོ་དེ་མཆོད་ཡོན་གྱི་རྣམ་པ་གསར་བ་ཞིག་གི་སྲོལ་བཏོད་དེ་རྒྱལ་ཁབ་ཞི་མཐུན་ལྷིང་འཇགས་སུ་བཀོད་ཅིང། ནང་སྲིད་ལའང་ཆོས་བརྒྱུད་རྣམས་སྔར་སྲོལ་རང་གནས་ཐོག སྔོན་མའི་ལྷ་ཆོས་དགེ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གཞིར་བཞག་གི་ཁྲིམས་སྲོལ་བཟང་པོ་བཙུགས།

          དེ་རྗེས་རིམ་པས་ཚུལ་མིན་འོས་མིན་གྱི་བསམ་སྤྱོད་ཀྱིས་ནང་སྲིད་དབང་ཐང་འཕྲོག་རྩོད་མང་ཙམ་བྱུང་སྟེ། ཕག་གྲུ་བ་དང༌། རིན་སྤུངས་པ། སྡེ་པ་གཙང་པ་བཅས་ཀྱི་སྐབས་ཆོས་ཀྱི་རྒྱལ་པོའི་མཚན་ཉིད་མ་ཚང་བ་འགའ་རེ་བྱུང་བལ་བརྟེན་ནས་བོད་ཁམས་ཆིག་སྒྲིལ་དང་མངའ་ཐང་ཡར་རྒྱས་ལ་གོད་ཆག་རིགས་བྱུང་བ་སོགས་ཆོས་མཐུན་མ་ཡིན་པའི་སྲིད་ལུགས་ཀྱང་བྱུང་ཡོད་མོད་རྩ་བའི་ཆ་ནས་ལུགས་གཉིས་ཡ་མ་བྲལ་བར་གནས་ཐུབ་ཙམ་བྱུང་འདུག

          ༦། ༧གོང་ས་ལྔ་བ་ཆེན་པོས་དབང་བཟུང་ནས། འགྲོ་མགོན་འཕགས་པའི་སྐབས་ཀྱི་ཁྲིམས་སྲོལ་བཟང་པོ་རྩ་བར་བཞག་ནས་ཉེས་ཅན་ལ་ཁྲིམས་ཆད་ཡང་བ་དང། འབངས་ལ་དཔྱ་ཁྲལ་ཉུང་བ། ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ། ཆོས་ལུགས་རིས་མེད་ཀྱིས་དགོན་སྡེ་དར་རྒྱས་དང། ཆོས་ཁྲིམས་དམ་གཙང་སོགས་ནང་སྲིད་ཁྱིམ་བཞིནབསྐྱངས་པ་མ་ཟད། ཕར་ལ་བཙན་འཛུལ་མི་བྱེད་པ་ཆོས་ཀྱི་རྒྱལ་པོའི་བཞེད་སྲོལ། ཚུར་རྒོལ་ཡན་པོར་མི་གཏོང་པ་སྲིད་ཀྱི་རྒྱལ་པོའི་བཞེད་སྲོལ། ཞེས་པ་ལྟར་འབྲུག་དང་ལ་དྭགས་ནས་ཡང་ཡང་རྒོལ་བར་ཆོས་ཀྱི་རྒྱལ་པོའི་སེམས་གསུམ་བཞག་ནས་རྣམ་པར་རྒྱལ་བ་དང། ལྷག་པར་དུ་ཡང་མན་ཇུ་དང་སོག་པོ་གཉིས་ལ་ཆོས་འབྲེལ་གྱིས་མཆོད་ཡོན་གྱི་འབྲེལ་ལམ་བཟང་པོའི་ལུགས་སྲོལ་བརྒྱུད་རྒྱལ་ཁབ་ཕན་ཚུན་དབར་ལ་དམག་འཁྲུག་མེད་པའི་བདེ་བར་བཀོད་པའི་མཛད་པ་ངོ་མཚར་ཆེ། དེ་ནས་བཟུང་༧རྒྱལ་དབང་བཅུ་བཞི་བའི་སྐབས་དབར་ལ་དགའ་ལྡན་ཕོ་བྲང་བས་རྒྱལ་སྲིད་ཆོས་བཞིན་ཡུན་རིང་བསྐྱངས་ན་ཡང། ཆོས་ཁོ་ན་གཙོ་བོར་བཟུང་ནས་རྒྱལ་ཁབ་ཀྱི་མངའ་ཐང་ཡར་རྒྱས་ཕྱོགས་ལ་འཛིན་སྐྱོང་མ་གནང་བའམ་འཐུས་ཤོར་སོང་བའི་ནོར་འཁྲུལ་ཡང་ཡོད་སྙམ།

          དེ་དག་ལས་དགའ་ལྡན་ཕོ་བྲང་གིས་བོད་ལ་དབང་སྒྱུར་ཚུལ་ནི་ཉེ་དུས་ཀྱི་ཆོས་སྲིད་ལམ་ལུགས་ཤིག་གི་ངོ་བོ་དང་དེ་དེང་དུས་ཀྱི་ཆོས་སྲིད་ཟུང་འབྲེལ་དམངས་གཙོའི་ལམ་ལུགས་སུ་གྱུར་པའི་གཞི་རྩའང་ཡིན་པས་དེའི་སྐོར་ཡང་བསྐྱར་གསལ་ཙམ་བརྗོད་ན།

གཅིག དགའ་ལྡན་ཕོ་བྲང་བའི་ཐོག་མའི་དབང་སྒྱུར་གྱི་ངོ་བོ།

          རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་རྩ་བའི་ཆ་རྐྱེན་རྒྱལ་པོ་དེ་ཉིད་ལ་ཆོས་ཀྱི་རྒྱལ་པོའི་མཚན་ཉིད་ཚང་མིན་དེ་ཡིན་པས་ཐོག་མར་སྡེ་བ་གཙང་བའི་དབང་འཕྲོག་མཁན་གུ་ཤྲིར་ཁང་དང་དབང་འཛིན་མཁན་གོང་ས་ལྔ་པ་ཆེན་པོ་གཉིས་ཀྱི་མཛད་སྤྱོད་རགས་ཙམ་རྟོགས་དགོས།

          ༡། གུ་ཤྲིར་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མཛད་སྤྱོད།

          དགུང་ལོ་བཅུ་གསུམ་ཐོག་ནས་དམག་སྣ་དྲངས་ཏེ་དཔའ་བོའི་གྲགས་པ་འབར་ཅིང། དེ་རྗེས་རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་ཨལ་ཏན་མཆོད་ཡོན་གྱིས་དམ་པའི་ཆོས་དར་བ་ཐོས་ནས་ཆོས་དར་སའི་ཕྱོགས་སུ་དཔྲལ་བ་སྐྲངས་པའི་བར་དུ་ཕྱག་བྱས་པ་དང། དགུང་ལོ་ཉེར་ལྔ་བར་ཡུམ་གྲོངས་པའི་དགེ་རྩར་སྦྱིན་པ་རྒྱ་ཆེན་བཏང་བ། ཁར་ཁ་དང་ཨོ་རོད་མ་མཐུན་པར་ཕན་ཚུན་འགྲུལ་བཞུད་དཀའ་བའི་དུས་སྙིང་སྟོབས་ཆེན་པོས་ཁར་ཁའི་ནང་ཕེབས་ཏེ་གཞུང་བཟླུམས་པར་མཛད་པ། དེ་རྗེས་གསེར་འོད་དམ་པ་སོགས་ཆོས་མང་དུ་བསྒྱུར་བའི་སྦྱིན་བདག་གནང་ནས་སོག་ཡུལ་དུ་དམ་པའི་ཆོས་ཀྱི་སྲོལ་བཏོད་པ། ཆོས་ལ་གནག་པའི་ཁར་ཁ་ཆོག་ཐུ་ཆམ་ལ་ཕབ་ཅིང་ལྷ་སར་ཕེབས་ཏེ་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་སྤེལ་བས་ྋརྒྱལ་དབང་ལྔ་པས་ཆོས་ཀྱི་རྒྱལ་པོ་ཆེན་པོའི་མཚན་གསོལ། དེ་རྗེས་ནག་ཕྱོགས་བེ་རི་དོན་ཡོད་རྒྱལ་པོ་བཙོན་དུ་བཅུག་ཅིང་ཉེས་མེད་བླ་དཔོན་ཁྲིམས་ལ་སྦྱར་བ་ཚང་མ་བཙོན་ལས་བཀྲོལ་ཅིང༌། ལོག་པར་སྤྱོད་པ་གཙང་སྡེ་སྲིད་ཁྲིམས་ལ་སྦྱར་ཏེ་བོད་ཁམས་ཡོངས་ཀྱི་དབང་བླངས་ཀྱང་རང་གི་ཡོད་ཚད་ཐམས་ཅད་བསྟན་པའི་བདག་པོ་མཚན་དོན་ཚང་བ་༧གོང་ས་ལྔ་ཆེན་པོར་ཕུལ་བའི་མཛད་སྤྱོད་དག་ལ་བསམ་ཚེ། ལྔ་བ་ཆེན་པོས། པཱནི་སྤྲུལ་པའི་རྒྱལ་པོ་ཞིག བོད་ཁམས་དར་ཅིག་བདེ་ལ་སྦྱོར་བ་འབྱུང༌། ཞེས་སོགས་ཀྱྀ་ལུང་བསྟན་པའི་རྒྱལ་པོ་ཡིན་ཞེས་གསུངས་པ་ཡང་དོན་ལ་གནས་པར་མཐོང་ངོ།

          ༢། རྒྱལ་དབང་ལྔ་པ་ཆེན་པོ་མཆོག་གི་མཛད་སྤྱོད།

          ཁོང་གི་ཞལ་ནས། དེ་ལྟ་ན་ཡང་ལྔ་བརྒྱའི་ནགས་ཀློང་ཁྲོད། སྐྱེས་མོད་གཞན་ལ་འཚེ་བ་ལྷུར་ལེན་པའི༌། །མ་རུངས་ཡལ་ག་འཁྱོག་པོ་མི་ལྡན་པ། ཁོ་བོའི་རང་བཞིན་འཁྲི་ཤིང་གཞོན་ནུ་འདྲ། །ཞེས་དང། རིགས་རུས་འཆི་མེད་དགའ་ཚལ་ན། །དལ་བརྒྱད་འབྱོར་བཅུ་ལྡན་པའི་ཤིང། །སོ་ཐར་ཁྲིམས་ཀྱི་རྩ་བ་བརྟན། །གཞན་ཕན་ལྷག་བསམ་ཡལ་ག་ཅན། །གནས་ལྔ་རིག་པའི་ལོ་འདབ་རྒྱས། །ཐོས་བསམ་སྒོམ་པའི་མེ་ཏོག་བཀྲ །ཚུལ་བཞིན་བསྒོམས་པའི་འབྲས་བུ་སྨིན། །དོན་ཀུན་གྲུབ་པའི་དཔག་བསམ་དབང། །ཞེས་གསུངས་པ་བཞིན་དོན་ལ་གནས་པ་ཡོངས་གྲགས་ལོ་རྒྱུས་སུ་གསལ་མོད་འདིར་བརྗོད་དགོས་པ་ཞིག་ནི། གཙང་ཕུན་ཚོགས་རྣམ་རྒྱལ་གྱིས་སྔ་ཕྱིར་དགེ་ལུགས་པ་དང་ཡབ་ཡུམ་སྐུ་འཁོར་བཅས་པར་རྡབ་གསིག་བྱས་མོད་ཀྱང༌། རྒྱལ་དབང་ཉིད་གཙང་བའི་ཁྲིམས་འོག་ནས་ཐར་ཐབས་ཙམ་ལས་དམག་བྱེད་འདོད་དང་ལྷག་པར་དབང་འཛིན་དགོས་སྙམ་པ་མེད་ཀྱང་འོག་ནས་བྱེད་ཐལ་རྐྱེན་གྱིས་དབང་དེ་མ་བསམས་ས་ནས་བྱུང། དེ་ཡང་ཁོང་གི་ཞལ་ནས། འདི་རིགས་དམ་ཆོས་སྒྲུབ་པའི་གྲོགས་སུ་ནི་ག་ལ་འགྲོ་འོན་ཏེ་བོད་འདིར་མགོ་ཆིངས་ཤིག་ཡོད་ན་དུས་ཀྱང་བདེ་ཞིང། ས་ཀར་རྙིང་གསུམ་སོགས་གྲུབ་མཐའ་གཞན་རྣམས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་མི་འདེབས་པར་ཕན་ནམ་སྙམ་པ་བྱུང༌། ཞེས་གསུངས་པ་དོན་དང་མཚུངས་པ་འདིས་གཡོ་སྒྱུས་མ་ལྷད་པའི་དགོངས་པ་རྟོགས་ཐུབ་ཅིང། གཞན་ཡང༌། སྤངས་རྟོགས་ཡོན་ཏན་ནོར་བུས་གང་མིན་ཡང། །དུག་གསུམ་རླངས་པོའི་ཆུ་སྲིན་མི་རྒྱུ་བར། །དགེ་བའི་སྤྱོད་ཚུལ་ཡོལ་མེད་རླབས་ཕྲེང་ཅན། །རྟོགས་བརྗོད་ཟླ་བའི་མ་མ་དེང་འདིར་བསྐྲུན། །ཞེས་པ་བཞིན་རང་རྣམས་ཀྱི་པོད་གསུམ་གྱི་ནང་དོན་ཕལ་མོ་ཆེ་དམ་པའི་ཆོས་སྤྱོད་ཁོ་ན་ཡིན་པ་མ་ཟད་སྲིད་དོན་དང་འབྲེལ་བའི་མཛད་པ་དག་ཀྱང་རྒྱལ་སྲས་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དང་ཡོངས་སུ་མཐུན་པ་ཤིན་ཏུ་གསལ་ལོ།

          དེས་ན། དགའ་ལྡན་ཕོ་བྲང་བས་དབང་བསྒྱུར་ཚུལ་ནི་གཟུ་བོར་གནས་པ་སུས་ཀྱང་ངན་བརྗོད་དུ་མེད་པའི་མི་ཆོས་ལྷ་ཆོས་གཉིས་དང་མཐུན་པའི་ལུགས་སྲོལ་གཙང་མ་ཡིན་ནོ།

          ༣། སྡེ་པ་གཙང་པའི་དབང་ཆ་ཤོར་དགོས་པའི་དོན་རྩ།

          གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དང་ལྷག་པར་ཀརྨ་བསྟན་སྐྱོང་དབང་པོས་དགེ་ལུགས་པར་བསུན་གཙེར་བྱས་པས་སྐྱ་སེར་མང་པོ་མ་དགའ་བའི་རྒྱུ་བྱས་ཤིང། སྣེ་གདོང་གོང་མ་དང་སྐུ་ཤང་ཡར་རྒྱབ་པ་སོགས་སྡེ་དོན་མང་པོར་མཐའ་ངན་བྱས་པས་རྐྱེན་བྱས་ཐོག དགེ་ལུགས་པའི་བླ་ཆེན་རྒྱལ་དབང་སྐུ་གོང་མ་དག་སོག་པོ་དང་ཆོས་འབྲེལ་ཆེ་བས་རྒྱབ་རྩ་བརྟན་པས་རྒོལ་ལན་བསློགས་པའི་སྟོབས་ཤུགས་བཙན་པ་བཅས་ཀྱིས་རང་སྲིད་རང་བརླག་པའི་དུས་ལ་བབས་སོ།

 

གཉིས། ྋགོང་ས་ལྔ་པ་ཆེན་པོས་རྒྱལ་སྲིད་ཆོས་བཞིན་བསྐྱངས་ཚུལ།

 

          དབང་ལུང་སྒྱུར་ཚུལ་གྱི་རྩ་དོན། རང་རྣམ་ལས། རང་ཕྱོགས་ཀྱི་དགོན་པ་དང་ས་རིས་ཕར་ཤོར་བ་རྣམས་ནི་ཚུར་ལེན་དགོས་པ་གཞིར་བཅས་དེ་ཕྱིན་བསྟན་དོན་ལ་རྒྱར་མི་བཏུབ་པ་དང་ཚུར་རྒོལ་གྱི་ཞབས་འདྲེན་མ་བྱུང་ཕྱིན་གྲུབ་མཐའ་མཐའ་དག་རང་འཇགས་སུ་བཞག་ན་རང་གཞན་ཚང་མར་སླེབས་ཆེ་ཚུལ་ཆོས་ཀྱི་རྒྱལ་པོ་འཕགས་པའི་རྣམ་ཐར་དཔེར་དྲངས་ནས་མཆོད་ཡོན་གཉིས་གར་ཞུས་པས་རྒྱལ་པོ་ནི་ཐུགས་ཀར་ཐལ་མོ་སྦྱར་ནས་དབུ་ཁུག་ཁུག་མཛད་འདུག ཅེས་གསུངས་པ་བཞིན་དྲང་སྙོམས་ཀྱི་ལམ་ལུགས་ཆོས་མཐུན་གནང་སྟེ། ༡༦༤༢་ལོ་དགུང་ལོ་༢༦ནས་༡༦༨༢་བར་ལོ་བཞི་བཅུར་ཆོས་སྲིད་བསྐྱངས།

          ཁ། ཞི་དྲག་ཟུང་འབྲེལ་གྱི་ཐབས་ཚུལ། དོན་གནད་གལ་ཆེན་རིགས་ལྷ་མོར་གཟན་བརྟག་བསྒྲིལ་བ་དང། གནས་ཆུང་དང་ཚངས་པ་དུང་ཐོད་ཅན་ལ་སློབ་སྟོན་ཞུ་བ།

          གུ་ཤྲིས་བེ་རི་དོན་ཡོད་ལ་དམག་རྒྱག་སྐབས་དྲག་པའི་ལས་སྦྱོར་ཚན་ཆེ་གནང་ཞིང་དེ་བཞིན་གཙང་ལ་དམག་དྲངས་སྐབས་ཀྱང་མངོན་སྤྱོད་ཀྱི་ལས་སྦྱོར་གནང། གཞན་ཡང་ནང་གི་འབྱུང་བོའི་ཆོ་འཕྲུལ་རིགས་བཟློག་ཐབས་དང༌། ཕྱི་བལ་བོད་བདེ་གཟར་སོགས་ཀྱི་སྐབས་སུའང་འཕྲིན་བཅོལ་སོགས་སྤྱི་སྒེར་གཉིས་ནས་ཆོས་ཕྱོགས་ཀྱི་བཅའ་བ་མང་པོ་བསྒྲུབས་ཡོད།

          གཙོ་བོ་ཞི་རྒྱས་ཀྱི་ཐབས་ཚུལ་མཆོག་ལ་བསྟེན་ནས། རྟག་ཏུ་རང་ངོས་ནས་རིས་མེད་ཀུན་ལ་ཆོས་སྦྱིན་གྱི་ཆར་ཕབ་ཅིང༌། ཐུན་མོང་ནས་རྒྱལ་འབངས་བདེ་ཐབས་ཀྱི་རིམ་གྲོ་རྒྱ་ཆེར་བསྒྲུབས་པ་དང། མན་ཇུ་རྒྱལ་པོ་དང་སོག་པོ་གཉིས་ལ་མཆོད་ཡོན་གྱི་འབྲེལ་ལམ་བསྐྱངས་ཏེ་མི་དམངས་ཀྱི་སེམས་དགེ་བར་ཕྱོགས་པ་དང་རྒྱལ་ཁབ་ཕན་ཚུན་ཞི་བདེ་ལྷིང་འཇགས་ལ་གནས་པའི་མཛད་འཕྲིན་དགེ་ཞིང་རྒྱས་སོ།

          ནང་སྲིད་ཡར་རྒྱས་ཀྱི་མཛད་ཕྱོགས། ༡། ནང་སྲིད་ཀྱི་བྱ་བའི་འགན་གཙོ་བོ་སྡེ་སྲིད་ལ་བཞག་པ་དང། བརྗེ་ལེན་རྒྱལ་དབང་རང་གིས་གནང་བ།

          ༢། ས་མི་ཞིབ་བཤེར་སོགས་ཀྱིས་དཔྱ་ཁྲལ་རན་པར་བསྡུས་ཏེ་ཡུལ་དམག་གི་ཕོགས་ཐོབ་གནང་བ།

          ༣། རྒྱལ་སྲིད་ཀྱི་ལྟེ་གནས་སྲ་བརྟན་ཡར་རྒྱས་སླད་ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་ཀྱི་ཐུགས་བཀོད་གནང་བ།

          ༤། ཁྲིམས་ལུགས་དང་བླང་དོར་བསླབ་བྱ་རིམ་གནང་གིས་མི་སྤྱོད་ཡ་རབས་སུ་འཁྲིད་ཐབས་གནང་བ། དེ་ཡང༌། ཁོང་གིས། བྲན་འཁོར་རྣམས་ལ་བསླབ་བྱ་ནན་ཏན་བསྐྱེད། ཅུང་ཟད་ནོངས་ལ་བློ་ཁོག་ཡངས་བྱ་ཞིང། ཤེས་བཞིན་ཁྱད་དུ་གསོད་པའི་རེངས་པོ་དག བདེན་འཛིན་ལེགས་ཉེས་སྤང་བླང་བྱེད་པར་རིགས། ཞེས་གསུངས་པ་བཞིན་བསླབ་བྱ་དྭངས་ཤེལ་མེ་ལོང་དང། མེས་པོའི་ཞལ་ལུང། མུ་ཐི་ལའི་ཕྲེང་བ་སོགས་མཛད་དེ་དེ་ལུགས་གཞིར་བཟུང་གིས་ཁྲིམས་སྲོལ་བཟང་པོ་དང། ཡང་ན་ལེགས་ཉེས་དཔྱད་དཀའི་རིགས་ལ་ལྷ་སྲུང་གཉན་པོ་དཔང་བཙུགས་ཏེ་བདེན་པ་བདར་ནས་མནའ་སྐྱེལ་དམ་འབུལ་ཞུ་སྲོལ་སོགས་ཀྱང་མཛད་ཟེར།

          གཞན་ཡང། རྒྱལ་སྲིད་བརྟན་སྲུང་ཚགས་ཚུད་སླད་སྐུ་གཤེགས་པ་གསང་རྒྱ་དགོས་པའི་ཞལ་ཆེམས་གནང་བ་སོགས་ཐབས་བྱུས་དགེ་བ་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་བསྐྱངས།

 

གསུམ། རྒྱལ་དབང་སྐུ་ཕྲེང་དྲུག་པ་ནས་བཅུ་གཉིས་བར་གྱི་ལམ་ལུགས།

 

          སྡེ་སྲིད་ཀྱིས་སྔར་སྲོལ་ལམ་ལུགས་རྒྱུན་འཁྱོངས་ཐབས་དང། མི་སེར་གྱི་འཚོ་གནས་ལ་གསང་བས་ཞིབ་དཔྱོད་གནང་བ་དང། ལྷ་བཟང་ཁང་གིས་སྡེ་སྲིད་དང་རྒྱལ་དབང་དྲུག་པའི་མཛད་སྤྱོད་ལ་མ་དགའ་བར་དམག་བརྒྱབ་ནས་དབང་འཕྲོག་སྟེ་ཆོས་སྡེ་རིས་མེད་བསྐྱངས་ཤིང། ཧོར་མ་ནག་ཁག་བཞིའི་མི་སྡེ་ཡོངས་ནས་བར་ལམ་ལོ་དུས་དཔྱ་ཁྲལ་འབུལ་གྱི་མེད་པ་ལ་དམག་དྲངས་བ་དང། ལྷོ་འབྲུག་ལ་དམག་གི་འཇིགས་བསྐུལ་གྱིས་ས་མཚམས་བརྟན་སྲུང་བྱས་ཤིང་ཇུན་གར་བས་བཙན་འཛུལ་ལ་འགོག་རྒོལ་བཅས་ཀྱི་དམག་འཐབ་རིམ་པར་བྱས།

          ཁ། རྒྱལ་དབང་སྐུ་ཕྲེང་བདུན་པ་རྒྱལ་བ་བསྐལ་བཟང་རྒྱ་མཚོས། ༡༧༥༡ ལོ་དགུང་ལོ་༤༤ ནས་༡༧༥༧བར་ལོ་སོ་དགུ་ཙམ་ལ་ལུགས་གཉིས་ཐུགས་འགན་བཞེས་ཏེ་བཀའ་བློན་སེར་སྐྱ་བཞི་ཡོད་པའི་བཀའ་ཤག་གསར་འཛུགས་དང། གཞུང་ཞབས་ཆེ་ཕྲ་མང་པོ་གསར་བརྗེས་ཀྱིས་གཞུང་སྲོལ་གཏན་འབེབས་མཛད་པ་དགེ་མཚན་ཆེ།

          ཁོང་གིས་སྲིད་ཀྱི་འགན་མ་བཞེས་གོང་གི་ཐོག་མའི་གཞུང་འཛིན་དག་ཐེར་ཆེད་བོད་པ་གཉིས་དང། མན་ཇུ་བ་གཉིས། སོག་པོ་གསུམ་ཡོད་པ་བཅས་ཀྱི་ཞིབ་དཔྱོད་ལྷན་ཚོགས་བཙུགས་པ་དང། ལོ་གཅིག་རྗེས་དའི་ཆིང་པ་ཐུར་ཁང་ཆེན་ནས་དང། པེ་སེ་ང་ཕོད་པ། ལུམ་པ་བ། སྦྱར་བ་བ། ཕོ་ལྷ་བ་བཅས་མཉམ་འབྲེལ་གཞུང་འཛིན་པ་བཙུགས།

          དེ་རྗེས་ནང་འཁྲུག་བྱུང་ནས་ཕོ་ལྷས་མན་ཇུའི་རོགས་དམག་ལ་བརྟེན་ནས་རྒྱལ་སྲིད་བཟུང་ཞིང། སྲིད་སྐྱོང་འགྱུར་མེད་རྣམ་རྒྱལ་གྱིས་མན་ཇུའི་དབང་ནུས་བོད་ནས་མཐར་སྐྲོད་བཏང་སྟེ་རྒྱལ་མཚམས་བརྟན་སྲུང་གི་འཆར་གཞི་བཏང་བ། ཕ་བུ་གཉིས་ནས་གོང་ས་མཆོག་ལ་གུས་བཀུར་གྱི་རྣམ་པ་མེད་ཀྱང་སྤྱིར་རྒྱལ་བའི་བསྟན་པར་བྱ་བ་བྱས་ཡོད།

          རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས། ༡༧༨༡ ལོ་དགུང་ལོ་༢༤ཉེར་གསུམ་རིང་ལ་ལུགས་གཉིས་ཐུགས་འགན་གྱི་མིང་ཙམ་བཞེས། འདིའི་སྐབས་སུ་རྒྱལ་ཚབ་བླ་སྤྲུལ་གྱིས་སྲིད་སྐྱོང་བའི་ལམ་ལུགས་བྱུངཞིང། རྒྱལ་ཚབ་གཙོས་བཀའ་ཤག་ནས་གཞུང་གི་འཛིན་སྐྱོང་ཆ་ཚང་བྱས། གཞུང་རྒྱུག་པ་རྣམས་ལ་ཁྲལ་འཇལ་དྲང་བདེན་སླད་ལམ་ཡིག་གསར་བཟོ་དང། སློབ་གྲྭ་གསར་འཛུགས། མན་ཇུ་དང་སོག་པོ་བར་ལ་ཞི་འདུམ་གནང་བ་བཅས་ལུགས་གཉིས་དགེ

          ང། སྐུ་ཕྲེང་དགུ་བ་དང་བཅུ་བའི་སྐབས་ཀྱང་གཞུང་འཛིན་གོང་བཞིན་གནང་ཞིང། མདོ་ཁམས་ཁུལ་གྱི་ཇག་དམག་གིས་ཚོང་པ་དང་གནས་སྐོར་བར་འཕྲོག་བཅོམ་བྱེད་པ་འགོག་སླད་སྒར་དཔོན་དྲག་བདམས་ཀྱིས་སྲུང་སྐྱོབ་ཀྱི་སྲོལ་བཙུགས། ས་མཚམས་ཁག་ནས་ཕྱི་རྒྱལ་བའི་འགྲུལ་བཞུད་ལ་འགོག་སྡོམ་བྱས།

          བོད་ཤར་ཕྱོགས་ཀྱི་རྒྱལ་མཚམས་བརྟན་སྲུང་དགོས་པར་ས་གནས་འགོ་དཔོན་ཁག་ལ་བཀའ་ཤོག་གནང་བ་དང། སྟོད་མངའ་རིས་སྐོར་གསུམ་སོགས་ལ་ས་མི་ཞིབ་དཔྱོད་ཆེད་གཏོང་གིས་ཁྲལ་རིགས་འོས་སྙོམ་ཡོང་བར་ཞིབ་དཔྱོད་གཏན་འབེབས་མཛད་དེ་སྒྲིག་སྲོལ་ཅུང་གསར་བཅོས་ཀྱང་མཛད།

          ཅ། རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོས་༡༨༥༥་ལོདགུང་ལོ་༡༨ལུགས་ཟུང་ཐུགས་འགན་བཞེས་ཏེ་ལོ་ཕྱེད་ནས་སྐུ་གཤེགས། ཁོང་གི་སྐུ་དུས་སུ་ཡང་ཁྲལ་རིགས་མ་སྙོམ་ས་ཁག་ལ་ས་མི་ཞིབ་དཔྱོད་ཀྱིས་མེ་ལུག་ཞིབ་གཞུང་ཞེས་རྩིས་ཁང་ལས་ཁུངས་ཀྱི་རྩ་འཛིན་མ་དེབ་གཏན་འབེབས་གནང། གོར་དམག་གིས་ཚུར་རྒོལ་བྱས་པ་ཆམ་ལ་ཕབ་ཅིང་༡༨༥༦ལོར་ཞི་བའི་ཆིངས་ཡིག་བཞག

          ཆ། རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོས་༡༨༧༣་ལོ་དགུང་ལོ་༡༨ནས་༡༧༧༥་བར་ལོ་གཉིས་ལ་སྲིད་འགན་བཞེས། ཁོང་གི་དུས་སུ་སིང་པ་རྡོག་རའི་དམག་གིས་མངའ་རིས་སྐོར་གསུམ་ཕྱོགས་ལ་བཙན་འཛུལ་བྱས་པ་མཐར་སྐྲོད་ཀྱིས་མཐའ་མཚམས་བརྟན་སྲུང་བྱས། མདོ་སྟོད་ཁུལ་དུ་ཇག་དམག་གིས་འཕྲོག་བཅོམ་ཤུགས་ཆེར་བྱས་པ་གཞུང་དམག་གིས་ཆམ་ལ་ཕབ་ནས་རྒྱུ་དངོས་རྣམས་དོ་བདག་སོ་སོར་ཕྱིར་བསློགས་དང༌། དེ་ཁུལ་མི་མང་ནས་ཀྱང་༧གོང་ས་ལྔ་པའི་དུས་ལྟར་ཁྲལ་འཇལ་ཁྲིམས་བརྩི་བྱེད་དགོས་པ་བཅས་གཞུང་འབངས་ལ་རྒྱ་སོར་ཆུད་མཛད་པ་དང། བོད་ལྗོངས་ཚོགས་འདུ་རྒྱས་བསྡུས་གསར་འཛུགས་གནང།

 

          བཞི། ྋགོང་ས་བཅུ་གསུམ་པ་ཆེན་པོས་ལུགས་གཉིས་སྐྱོང་ཚུལ།

 

          རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་༡༨༩༥ལོ་དགུང་ལོ་༢༠ནས་༡༩༣༣་བར་མི་ལོ་སོ་བརྒྱད་ལ་ལུགས་གཉིས་འགན་བཞེས་གནང་བའི་མཛད་རྒྱས་ཆེ།

          ༡། སྔོན་མའི་བཀའ་ཤག་གི་སྒྲིག་སྲོལ་རྩ་འཛིན་གྱིས་མཁས་འཇོན་དྲང་ལྡན་གྱི་བཀའ་བློན་བསྐོ་བཞག་ལས་ཕ་གཞས་རྒྱུད་འཛིན་ལམ་སྲོལ་མེད་པའི་གཞུང་སྲོལ་གསར་གཏོད་གནང༌།

          ༢། ནང་སྲིད་བརྟན་སྲུང་དང་ཕྱི་འབྲེལ་གལ་ཆེར་དགོངས་ཏེ། ༡༩༠༤ ལོར་ལྷ་སར་དབྱིན་བོད་གཉིས་བར་ཚོང་དོན་དང་འབྲེལ་བའི་ཆིངས་ཡིག་བཞག་པ་དང། ༡༩༡༣་ལོར་བོད་སོག་རྒྱལ་ཁབ་འདྲ་མཉམ་གྱི་ཆིངས་ཡིག་བཞག ༡༩༡༤་ལོར་བོད་རྒྱ་དབྱིན་གསུམ་ནས་སིམ་ལར་ཆིངས་ཡིག་བཞག ༡༩༡༨་ལོར་ཟི་ཁྲོན་ཕྱོགས་ནས་རྒྱ་བོད་དམག་འཐབ་ལོ་ཤས་བྱས་མཐར་རྒྱ་མིའི་རེ་བསྐུལ་ལྟར་ཟི་ཁྲོན་གྱི་དབྱིན་གཞུང་ཚོང་དོན་བར་བཞུགས་ཐོག་དམག་མཚམས་འཇོག་པའི་ཆིངས་ཡིག་བཞག

          ༣། ༡༩༠༤་ལོར་དབྱིན་ཇིས་བཙན་འཛུལ་ཉེན་ཡོལ་དུ་༧གོང་ས་མཆོག་སོག་པོར་བཙན་བྱོལ་དུ་ཕེབས་པ་དང༌། ༡༩༡༠་ལོར་རྒྱ་ནག་མན་ཇུས་བཙན་འཛུལ་སྐབས་རྒྱ་གར་དུ་ཉེན་ཡོལ་ལ་ཕེབས་པ་དེ་ཡང་སྐུ་ཉིད་ཀྱི་སྲོག་ཉེན་ཙམ་མིན་པར་བོད་ལ་ཕྱིའི་བཙན་འཛུལ་བྱེད་ཀྱིན་པའི་རྣམ་པ་རྒྱལ་སྤྱིའི་ཐོག་གསལ་བསྒྲགས་དང། བོད་ལ་རྒྱལ་ཁབ་གཞན་དག་ནས་རོགས་མགོན་ཡོང་བ་སོགས་ཀྱི་ཆེད་དུ་ཡིན་ཏེ། རྒྱ་ནག་མན་ཇུ་རྒྱལ་པོ་ཀོང་ཤུ་དང་ཆེད་དུ་འབྲེལ་ལམ་གནང་ནས་༧གོང་ས་ལྔ་པའི་སྐབས་བཞིན་མཆོད་ཡོན་འབྲེལ་བ་དམ་འཛིན་ཡོང་བའི་རེ་བསྐུལ་དང། ད་དུང་པེ་ཅིང་དུ་བཞུགས་རིང་ཨུ་རུ་སུ་དང་དབྱིན་གཞུང། ཨ་རི། ཉི་ཧོང། འཇར་མན་སོགས་ཀྱི་གཞུང་ཚབ་སོ་སོར་དངོས་བརྒྱུད་གཉིས་ནས་འབྲེལ་ལམ་གནང་ཡོད། རྒྱ་གར་དུ་ཕེབས་དུས་ཀྱང་མན་ཇུ་གཞུང་ལ་དམག་ཕྱིར་འཐེན་དགོས་པའི་ཏར་འཕྲིན་ཐེངས་མང་བཏང་བ་དང། དབྱིན་གཞུང་ནས་སྔོན་མའི་ཆིངས་དོན་ལྟར་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་གནང་བ་དང། ཕྱོགས་གཅིག་ནས་མདོ་ཁམས་ཁུལ་གྱི་དཔོན་འབངས་ཡོངས་ལ་རྡོག་རྩ་གཅིག་སྒྲིལ་གྱིས་གཞུང་དོན་ལར་རྒྱར་ཕྱར་གྲུ་མཉམ་འདེགས་དགོས་པའི་བཀའ་རྒྱ་དང་སྐུ་ཚབ་ཆེད་གཏོང་གནང་བ་སོགས་རྒྱལ་ཁབ་བརྟན་སྲུང་གི་ཐུགས་བཀོད་འཐུས་ཤོར་མེད་པ་གནང་བ་བཅས་ཀྱིས་སྐབས་དེར་མན་ཇུའི་སྲིད་དབང་ཤོར་བ་དང་བསྟུན་དབུས་གཙང་ཡོངས་དང་མདོ་སྟོད་ཁུལ་ཕལ་མོ་ཆེ་ནས་མན་ཇུའི་ལས་བྱེད་དང་དམག་དཔུང་བཅས་ཞི་དྲག་གཉིས་ཀྱིས་ཕྱིར་ཕུད། དེ་མིན་རྒྱ་མི་ཚོང་པ་སོགས་རང་མོས་བཞིན་སྡོད་ཆོག་པ་དང་ཁྲིམས་མཐུན་གྱིས་བོད་ཀྱི་མི་སེར་བྱེད་ཆོག་པའི་ཀུ་ཡངས་ཁྲིམས་སྲོལ་བསྐྱངས།

          ༤། བོད་ཁམས་རང་སྲིད་རང་སྐྱོང་གི་བྱ་བ་འཐུས་ཚང་དང་སྲ་བརྟན་ཡར་རྒྱས་སླད་ཡོངས་ཁྱབ་རྩ་ཚིག་དོན་ཚན་ལྔ་ཅན་གསལ་བསྒྲགས་གནང་བའི་ནང་དོན་གནད་བསྡུས་ནི། རྒྱལ་བའི་བསྟན་པ་ཡུན་དུ་གནས་པ་དང། དགོན་སྡེ་ལྷ་ཁང་ཁག་ལ་ཉམས་གསོ་མཆོད་རྒྱུན་དང་འཛིན་སྤྲས་ལྷོད་མེད་བྱེད་པ་དང་གཅིག དགོན་སྡེ་ཁག་ཏུ་ཡང་རང་ལུགས་ཕྱག་བཞེས་མི་ཉམས་གོང་འཕེལ་དང་ཐོས་བསམ་སྒོམ་གསུམ། བཅས་ཁྲིམས་དམ་སྲུང་གནང་དགོས་པ་དང་གཉིས། ཕྱོགས་མཐའ་ཁག་གི་དཔོན་རིགས་ཚོས་ཁྲལ་བསྡུ་ཁྲིམས་གནོན་དྲང་སྙོམ་བྱེད་པ་ལས། ས་ཁང་གཞུང་ལེན་དང་དབང་བོ་ཡན་ལག་གཅོད་པ་སོགས་ཀྱི་ཆད་ལས་དྲག་པོའི་རིགས་མི་ཆོག་པ་དང་གསུམ། རྒྱལ་ཁབ་རང་སྲུང་ཐུབ་པའི་དམག་དཔུང་སྒྲིག་འཛུགས་རྒྱ་བསྐྱེད་དང། རྒྱལ་མཚམས་ཁག་ལ་ས་སྲུང་དམ་འཛིན་གྱིས་ཚང་མས་རྒྱལ་སྲུང་གི་བྱ་བར་རྡོག་རྩ་གཅིག་སྒྲིལ་དགོས་པ་དང་བཞི། རི་ཀླུང་བེད་མེད་རྣམས་ཞིང་ལས་དང༌། སྦྱར་ལྕང་སྐྱེ་ཚེར་ཡན་གྱི་སྐྱེ་ཤིང་འདེབས་འཛུགས་བྱེད་དགོས་པའི་སྐོར་དང་ལྔ་བཅས་ཁེ་ཉེན་ལ་བསམ་ཞིབ་ཀྱིས་ལྷ་ཆོས་དང་མི་ཆོས་ཀྱི་བླང་དོར་པོ་དང་ལེན་རྒྱུན་འཁྱོངས་དགོས་རྒྱུའི་རྩ་ཚིག་ཤིན་ཏུ་འགངས་ཆེན་ལགས་སོ།

          ༥། གཞུང་གི་སྒྲིག་འཛུགས་ལ་ལེགས་བཅོས་རྒྱ་བསྐྱེད་དང། བོད་དངུལ་ཤོག་ལོར་དང། གསེར་དངུལ་ཟངས་བཅས་ཀྱི་སྒོར་མོ། སྦྲག་ཐམ་དང་སྦྲག་རྟགས་བཅས་གསར་བསྐྲུན་གནང་བ་སོགས་དུས་བབ་ལམ་སྲོལ་ལེགས་བཅོས་ཀྱི་ཕྱག་རྗེས་སྐུ་དྲིན་མཛད་རྒྱས་ཆེ། ཡིན་ན་ཡང་བཀའ་ཤག་གི་མིག་རྒྱང་དང་འཇོན་ཐང་གིས་མ་འདང་བས་བོད་རྒྱའི་རྒྱལ་མཚམས་ཆེན་པོ་ཕར་ཞོག་འབྲི་ཆུའི་ས་མཚམས་ཙམ་ཡང་བརྟན་སྲུང་མ་ཐུབ་པར་རྗེས་སུ་རྒྱ་དམར་གྱིས་ལས་སླ་བོར་བཙན་འཛུལ་བྱས།

 

ལྔ། དགའ་ལྡན་ཕོ་བྲང་བའི་གཞུང་གི་སྒྲིག་འཛུགས་

སྤྱི་བཤད་རགས་བསྡུས།

          ༡། རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་འཛིན་པ། ལུགས་གཉིས་དོན་གྱི་བདག་པོ་ནི་རྒྱལ་བ་རིན་པོ་ཚེ་སྐུ་ཕྲེང་རིམ་བྱོན་ཡིན་པར་རང་བཞིན་ངོས་ལེན་བྱེད།

          ༢། དབང་འཛིན་རིམ་པ་གཉིས་པ་སྡེ་སྲིད་དམ་རྒྱལ་ཚབ། འདི་ནི་རྒྱལ་དབང་མཆོག་སྐུ་མ་བཞུགས་པ་སོགས་ཀྱི་སྐབས་ལ་བླ་སྤྲུལ་མཐོ་ཤོས་ཤིག་བདམས་བསྐོ་བྱེད་པ་དེ་ཡིན་ལ། དེས་རྒྱལ་བ་ཞལ་བཞུགས་པའི་སྐབས་མང་པོར་ཡང་ཆོས་ཕྱོགས་དང་རྒྱལ་ཁབ་ཀྱི་གལ་ཆེའི་དོན་གནད་མ་གཏོགས་ནང་སྲིད་ཀྱི་བྱ་བའི་ཕྱག་རོགས་ཀྱི་འགན་གཙོ་བོ་འཁུར་གྱིན་ཡོད།

          ༣། དབང་འཛིན་རིམ་པ་གསུམ་པ། སེར་མོ་གཅིག་དང་སྐྱ་བོ་གསུམ་ལས་གྲུབ་པའི་བཀའ་ཤག་ཡིན། འདིས་བྱ་བ་གང་ལའང་མཉམ་གྲོས་ཀྱིས་དབང་ཚད་བཀོལ་ནས་གཞུང་གི་རྐང་འཛིན་བྱེད་ཀྱིན་ཡོད། རྗེས་སུ་ཕྱི་སྲིད་དང། ནང་སྲིད། དྲག་པོ། དཔལ་འབྱོར་སོགས་ལ་སོ་སོར་དབང་ཚད་དམིགས་བསལ་ཡོད།

          ༤། དབང་འཛིན་རིམ་པ་བཞི་བ། སྐུ་བཅར་སྤྱི་ཁྱབ་མཁན་པོ་ཆགས་ཡོད། འདི་ལ་ཏཱ་ལའི་བླ་མའི་སྐུ་སྒེར་དང། ཆོས་དོན་ཡིག་ཚང་གི་དབུ་འཛིན། ནགས་ཚལ་བདག་གཉེར་གྱི་འགན་བཅས་ཡོད།

          ༥། དབང་འཛིན་རིམ་པ་ལྔ་པ་ལྟ་བུར་དགོན་སྡེ་དང་རྫོང་གཞིས་གཉེར་སྡོད་སོགས་ལ་རྩེ་སྡེ་དྲུང་ཆེ་བ་མཁན་དྲུང་བཞི་དང༌། ཁྲལ་སྡུད་སོགས་དཔལ་འབྱོར་འཛིན་སྐྱོང་ལ་སྤྱི་ཁབ་རྩིས་ཁང་དུ་རྩིས་དཔོན་བཞི།

          ༦། སྲིད་དོན་ཕྱོགས་ཀྱི་གལ་ཆེའི་དོན་གནད་ཐག་མི་ཆོད་པ་སྐོར་ལ་བོད་ལྗོངས་ཚོགས་འདུ་འཚོགས་དགོས། དེ་ནི་དྲུང་རྩིས་བརྒྱད་དང། གཞུང་ཞབས་མཁན་སྡེ་ཆེ་ཆུང་གི་འཐུས་མི། ཛ་ཏཱ་ཐའི་གསུམ་གྱི་འཐུས་མི། ཤོད་སྐོར་ཞི་དྲག་རིམ་བཞི་བའི་འཐུས་མི། གཞུང་ལས་ཁང་ཁག་གི་འགན་འཛིན་འཐུས་མི། འབྲས་སེ་གཉིས་ཀྱི་མཁན་པོ། དགའ་ལྡན་འཐུས་མི། རྩེ་ཞོད་དྲུང་སྤྱིའི་འཐུས་མི་བཅས་མི་གྲངས་དྲུག་ཅུ་ལྷག་ཡོད། འདི་ལ་བོད་ལྗོངས་ཚོགས་འདུ་ཧྲག་བསྡུས་རྒྱས་པ་ཟེར། གཞན་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཆེན་མོར་བཀྲིས་ལྷུན་པོ་དང་མདོ་ཁམས་ཕྱོགས་ཀྱི་འཐུས་མི་བཅས་མི་གྲངས་ལྔ་བརྒྱ་དྲུག་བརྒྱ་ཡོད་ཚོད།

          ཚོགས་འདུའི་ལས་རིམ་ནི། གྲོས་དོན་ཁག་བཀའ་ཤག་ནས་དྲུང་རྩིས་བརྒྱུད་གནང་བ་དང། ཡང་ན་ཁོ་ཚོ་ཐུན་མོང་ནས་གྲོས་གཞི་བཟོས་ཏེ་དྲུང་རྩིས་ཀྱིས་ཚོགས་འདུར་གསུང་གླེང་གིས་འཐུས་མི་ཚོས་དེར་ཞིབ་གྲོས་ཀྱིས་བསམ་འཚར་མཐུན་པའི་རིགས་ཚིག་ཐོར་བཀོད་དེ་གདན་ས་གསུམ་དང་རྩེ་ཞོད་དྲུང་སྤྱིའི་སྤྱི་ཐམ་ཕབ་ནས་བཀའ་ཤག་ཏུ་ཕུལ་བ་དགོངས་མཐུན་བྱུང་ན་རྒྱལ་བ་རིན་པོ་ཆེར་ཕུལ་ནས་ཆོག་མཆན་ཐོབ་ནས་ལག་ལེན་བྱེད་པ་དང༌། ཡང་བསམ་འཆར་མ་མཐུན་པ་རིགས་མང་པོ་བྱུང་ན་མང་མོས་འོས་ཤོག་ལྡུག་པ་དང། ལྷ་མགོན་ལ་གཟན་བརྟག་འཕེན་པའམ་གནས་དགའ་སོགས་ལ་ལུང་ཞུ་གནང་བ་ལྟར་ཐག་གཅོད་ཚུལ་ཡང་ཡོད།

          ༧། གཞན་ཡང། རྒྱ་ཁྱབ་སྤྱི་ཁྱབ་ཁག་དང། རྫོང་གཞིས་ཁག་ལ། མདོ་སྨད་སྤྱི་ཁྱབ། བྱང་བརྒྱུད་སྤྱི་ཁྱབ། གཙང་སྤྱི། ལྷོ་སྤྱི། སྟོད་སྤྱི། ཀོང་སྤྱི། འཕན་སྟག་སྤྱི་ཁྱབ་བཅས་ཁག་བདུན་དང། དེ་དག་རེ་རའི་ཁོངས་སུ། གཞིས་སྡོད། བླ་གཉེར། འགོ་པ། ཤོ་པ་སོགས་དང། དེ་དག་གི་འོག་ལའང་གཞུང་སྒེར་ཆོས་བཅས་ཀྱི་གཙོ་དྲག་དང། ལས་དྲུང་སོགས་མང་ངོ།

          ༨། གཞུང་གི་ཁྲིམས་སྲོལ་ནི། ཕར་ལ་བཙན་འཛུལ་མི་བྱེད་པ་ཆོས་ཀྱི་རྒྱལ་པོའི་སྲོལ་ལུགས་དང༌། ཚུར་རྒོལ་ཡན་པོར་མི་གཏོང་བ་སྲིད་ཀྱི་རྒྱལ་པོའི་ལུགས་སྲོལ། ཞེས་པ་དང༌། ངན་པ་རེངས་སུ་མི་འཇུག་པར་བཟང་པོའི་སྲོལ་གཏོད་པ་ཆོས་ཀྱི་རྒྱལ་པོའི་ལུགས་སྲོལ་ཟེར་བ་གཞིར་བཟུང༌། ཡབ་མེས་ནས་བརྒྱུད་པའི་མི་ཆོས་དང་ལྷ་ཆོས་ཀྱི་སྲོལ་བཟང་པོ་རྒྱུན་འཛིན་ཐོག་དུས་བསྟུན་བསླབ་བྱ་བཅས་སྒྱུར་བཅོས་ལམ་ལུགས་ཡོད་མོད། སྐབས་རེར་ནང་སྲིད་དབང་ཆ་འཕྲོག་རྩོད་སོགས་ཀྱིས་ཁྲིམས་ལ་དམ་ལྷོད་དང༌། མཐོ་རིམ་མི་སྣ་ཁག་ལ་ལར་ཁྲིམས་དོན་ཐག་གཅོད་མ་ཐུབ་པའི་རིགས་ཀྱང་བྱུང་ཡོད།

དྲུག རྒྱལ་དབང་སྐུ་ཕྲེང་རིམ་བྱོན་སྐབས་ཀྱི་ཞན་ཆའམ་ནོར་འཁྲུལ་འགའ།

 

          ༡། གོང་ས་ལྔ་པའི་སྐབས། ཁོང་གི་སྐུ་ཕྲེང་རྗེས་མ་སྲིད་ཁྲིར་མ་འཁོད་པའི་བར་དང༌། དགའ་ལྡན་ཕོ་བྲང་བས་མུ་མཐུད་རྒྱལ་སྲིད་འཛིན་སྐྱོང་སྤེལ་གསུམ་སྐོར་ལ་རྩ་འཛིན་ཁྲིམས་བཟོ་མེད་པ་དང༌། མདོ་ཁམས་ཕྱོགས་སུ་དབང་ལུང་བསྒྱུར་བ་མ་འདང་བ། ས་མཚམས་ཁག་ལ་སྲུང་སྐྱོབ་བརྟན་པོ་མ་ནུས་པ་བཅས་ཀྱི་དོན་གནད་འདི་དག་ལ་འཐུས་ཤོར་སོང་བས་སླད་ཀྱི་རྒྱལ་སྲིད་ལ་ཆག་སྒོའི་སྒོ་ཕྱེས་ཡོད།

          ༢། ལྷ་བཟང་ཁཱང་གི་དམག་གིས་གཞུང་ལ་རྒོལ་ནས་སྡེ་སྲིད་བཀྲོངས་པ་དང། རྒྱལ་དབང་དྲུག་པ་ཁྲི་ལས་ཕབ་པ་སོགས་ཐལ་ཆ་ཆེ་བའི་ཆག་སྒོ་བྱུང། དེའི་རྩ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་རྒྱལ་བ་གོང་མའི་ཆོས་ཁྲི་མ་ཟིན་པའི་གནད་དོན་ལ་ཐུག་ཡོད་སྙམ།

          ༣། སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་སྲིད་འགན་བཞེས་རྒྱུར་དལ་འགྱངས་ཕྱིན་པ་དང། ཞིབ་དཔྱོད་ཚོགས་པས་སྡེ་སྲིད་སྟག་རྩེ་བ་བཀྲོངས་པ་དང། མན་ཇུའི་དཔོན་རིགས་ལ་སོག་པོའི་དཔོན་རིགས་ཚོ་ལས་ཆེ་མཐོང་བྱས་པ། དབུས་གཙང་བར་ལ་དམག་འཁྲུག་བྱུང་བ་ཞི་འདུམ་འཐུས་ཚང་མ་ཡོང་བ། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་ྋགོང་ས་མཆོག་ལ་སྲིད་དབང་མ་སྤྲད་པར་རང་དབང་གང་འདོད་ཀྱིས་མན་ཇུའི་དཔུང་དམག་དང་ཨམ་བན་ཉར་བ། ཕ་བུ་གཉིས་ཀས་ྋགོང་ས་མཆོག་ལ་ལོག་མཐོང་བྱས་པས་གཞུང་འཛིན་ལམ་ལུགས་ཡང་དག་མ་བྱུང་བ་དག་གི་རྩ་བ་ནི་ྋགོང་ས་མཆོག་གིས་བློན་པོ་རྣམས་ནང་མ་འཆམ་པའི་གནས་ཚུལ་ལ་དུས་ལྟར་ཞིབ་འཇུག་དང་ཐག་གཅོད་བར་འདུམ་བྱེད་མ་ཐུབ་པར་ལྷོད་གཡེང་ཤོར་བའི་གནད་དོན་ལ་ཐུག་ཡོད་སྙམ།

          ༤། སྐུ་ཕྲེང་བཅུ་གཅིག་དང་བཅུ་གཉིས་པའི་སྐབས། རྒྱལ་ཚབ་ར་སྒྲེང་དང་སྡེ་སྲིད་བཤད་སྒྲ་དབར་གྱི་དབང་ཆ་འཕྲོག་རྩོད་དང། སྤྱི་མཁན་དཔལ་ལྡན་དོན་གྲུབ་ཀྱི་ཉོག་དྲ་བཅས་ནང་སྲིད་གནད་དོན་བྱུང་ཡོད།

          ༥། སྐུ་ཕྲེང་བཅུ་གསུམ་པའི་སྐབས། ཁོང་གིས་དུས་རབས་དང་མཐུན་པའི་སྤྱི་ཚོགས་གསར་འཛུགས་ཀྱི་མཛད་འཆར་ལ་ཆོས་ལུགས་མི་སྣས་དགག་བྱ་བྱས་པ་དང། གཞུང་འཛིན་མི་སྣ་དག་གིས་ཀྱང་རྒྱབ་སྐྱོར་རྗེས་སྐྱོང་མ་ནུས་པ་མ་ཟད། ད་དུང་ནང་སྲིད་འཐབ་རྩོད་ཀྱི་ཉོག་དྲས་བོད་ཀྱི་རང་དབང་རང་སྲིད་བྱ་བར་འཐུས་ཤོར་ཆེན་པོ་ཕྱིན་ཡོད།

          མདོར་ན། དགའ་ལྡན་ཕོ་བྲང་བའི་སྔོན་གྱི་ས་སྐྱོང་རྣམས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་བརྟེན་པ་དང་གཅིག ཆོས་ལུགས་གྲུབ་མཐའ་ལ་ཕྱོགས་ལྷུང་བསུན་གཙེར་བྱས་པ་དང་གཉིས་ཀྱི་ཚུལ་མིན་བྱེད་བབས་ཀྱིས་ཆག་སྒོའི་གཡབ་མོ་བྱས་པས་སྲིད་དབང་ཡུན་རིང་མ་བརྟན་པ་ཡིན་ལ། དགའ་ལྡན་ཕོ་བྲང་བ་ལ་སྐྱོན་དེ་གཉིས་མེད་པར་རྒྱལ་དབང་སྐུ་ཕྲེང་དང། སྡེ་སྲིད། རྒྱལ་ཚབ་བསྐོ་བཞག་གི་ལམ་ལུགས་དང། ཆོས་ལུགས་གྲུབ་མཐའ་ཚང་མར་རང་དབང་འདྲ་མཉམ། ནང་གི་ཆོས་ཁྲིམས་དམ་པ། དགྲ་ཚུར་རྒོལ་ཆམ་ལ་འབེབ་ཅིང་མཐུན་ལམ་བཟོ་བ། རྒྱ་སོག་གཉིས་ལ་རྒྱབ་བརྟེན་གྱི་མཆོད་ཡོན་བཟང་བ་བཅས་ཀྱིས་སྲིད་དབང་ཡུན་བརྟན་ཐུབ་པ་བྱུང་ཡང༌། ཆོས་ལུགས་གཙོར་བཟུང་ནས་ཆོས་ཀྱི་གཞི་རྟེན་རྒྱལ་ཁབ་བམ་སྤྱི་ཚོགས་གནས་བབ་ལ་བསམ་གཞིགས་ཡར་རྒྱས་གཏོང་མ་ཐུབ་པའི་སྲིད་དོན་ཐད་ལ་འཐུས་ཤོར་ཆེན་པོ་ཕྱིན་པས་ཐ་ན་བོད་ཀྱི་རང་སྲིད་རང་དབང་ཡང་ཤོར་བའི་མཐའ་འདི་འདྲ་ཞིག་ལ་སླེབས་པ་འདིས་སྡོམ་ཚིག་ཅིག་རྙེད་པ་ནི། ཆོས་ཇི་བཞིན་ལག་ལེན་བྱེད་མཁས་ན་འགྲོ་མགོན་འཕགས་པ་བཞིན་དུ་ཆོས་ཀྱིས་རྒྱལ་ཁབ་བླུ་ཐུབ་པ་ལྟ་བུའི་ནུས་པའམ་དགེ་མཚན་ཡང་ཆེ་ལ། གལ་ཏེ་ཆོས་ཇི་བཞིན་ལག་ལེན་བྱེད་མ་ཤེས་པའམ་མ་མཁས་པ་དང༌། ཆོས་ལས་ཀྱང་རྒྱལ་ཁབ་ཀྱི་མངའ་ཁོངས་བརྟན་སྲུང་གལ་ཆེན་གནང་མ་ཐུབ་པས་རང་གི་རྒྱལ་ཁབ་བཙོང་པའམ་ཤོར་བ་འདི་འདྲའི་ཕམ་ཉེས་ཆེན་པོའང་འབྱུང་བའི་གནས་ལུགས་དེའོ།།

 

བཞི། ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་སྐོར།

 

          ཆོས་སྲིད་ཟུང་འབྲེལ་དང་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་གཉིས་ཀྱི་ཁྱད་པར།

          དེ་ཡང༌། ༧གོང་ས་མཆོག་གིས། ལུགས་གཉིས་ནི་ཆོས་ཀྱི་ལུགས་དང། སྲིད་ཀྱི་ལུགས་དེ་གཉིས་ལ་ཟེར་བ་དང། ཟུང་འབྲེལ་ནི་ཆོས་སྲིད་ཀྱི་ལུགས་གཉིས་པོ་དེ་ཡ་མ་བྲལ་བར་འཛིན་སྐྱོང་བྱེད་པའི་དོན་ཡིན། ཞེས་གསུངས་པ་ལྟར་ཡིན་ལ། དེ་ལའང་མི་སྒེར་བའི་ཆོས་སྲིད་ཟུང་འབྲེལ་དང༌། གཞུང་གི་ཆོས་སྲིད་ཟུང་འབྲེལ་གཉིས་ཡོད།

          ཆོས་སྲིད་ཟུང་འབྲེལ་ལ་དཔྱད་པ་སྐལ་བཟང་སྒོ་འབྱེད་ལས། དགེ་བཅུའི་ཁྲིམས་ལུགས་མ་འཆོལ་བར་སྲུང་བའི་སྒོ་ནས་ཚེ་འདིའི་སྤྱི་སྒེར་གྱི་ཕན་བདེ་འཛིན་སྤེལ་བྱེད་པ་ཞིག་ལ་ཟེར། ཐེག་པ་ཆེན་པའི་ཆོས་སྤྱིའི་ཁྲིམས་ལུགས་ནི་གཞན་ཕན་གྱི་ཡན་ལག་ཏུ་མི་མང་གི་ཞི་བདེའི་མདུན་ལམ་གཞི་མར་བཟུངས་ནས་སྲོལ་བཏོད་པ་ཡིན་པས་སྲིད་ལུགས་དང་འབྲེལ་ལམ་ཤིན་ཏུ་ཆེ། ཞེས་གསུངས་པ་བཞིན་རང་རང་སྒེར་ངོས་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་བྱ་བའམ་དམ་པའི་ཆོས་དང་རྗེས་སུ་མཐུན་པའི་སྒོ་ནས་གཞུང་དམངས་ཀྱི་ཁེ་ཕན་སྒྲུབ་ཚུལ་ནི་མི་སོ་སོས་ཆོས་སྲིད་ཟུང་འབྲེལ་བྱེད་སྟངས་ཡིན།

          ཡང་དེ་ལས། གཞུང་གང་ཞིག་གིས་ཆབ་སྲིད་ཀྱི་ལས་འགན་ནང་དུ་ཆོས་དང་སྲིད་གཉིས་ཀྱི་འགན་ཁུར་མཉམ་དུ་བཞེས་པ་དང་ཆོས་སྲིད་ཉིས་ཀྱི་སྒྲིག་ཁྲིམས་མཉམ་དུ་སྐྱོང་བ་དེ་གང་ལ་ཚང་བའི་གཞུང་དེ་ནི་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞེས་བྱ་ལ། དེ་ལྟ་བུའི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་དམ་གཙོ་འཛན་ལ་ཆོས་སྲིད་ཟུང་འབྲེལ་གྱི་དབུ་ཁྲིད་ཅེས་བརྗོད་དོ། ཞེས་གསུངས་པ་བཞིན། གཞུང་གི་རྩ་ཁྲིམས་ནང་དུ་ལུགས་གཉིས་ཡ་མ་བྲལ་བར་སྐྱོང་ཚུལ་གསལ་བོར་བཀོད་པའི་ཐོག་ནས་ལག་ལེན་བྱེད་ཐུབ་པའི་གཞུང་ཞིག་ལ་གོ་ན་ཧ་ཅང་འཚམ།

          ཁ། ཆོས་སྲིད་ཟུང་འབྲེལ་ནི་ཆོས་སྲིད་ལུགས་གཉིས་ཀྱི་ལམ་དབུ་མ་ཞིག་ཡིན།

          གོང་དུ་དྲངས་པའི་བསྟན་པའི་བདག་པོ་སྟོན་པས་གསུངས་པའི་ལུང་དེ་དག་ཁོ་ནས་ཀྱང་ཆོས་སྲིད་ཟུང་འབྲེལ་དེ་ཆོས་ལུགས་དང་སྲིད་ལུགས་གཉིས་དང་མི་འགལ་བ་ཞིག་ཡིན་པ་ཤེས་ཐུབ་ལ། ཆོས་རྒྱལ་རིམ་བྱུང་གི་ལོ་རྒྱུས་དང༌། མཁས་ཆེན་དམ་པ་དུ་མའི་ལུགས་ཀྱི་བསྟན་བཅོས་མང་པོ་མཛད་པ་འདི་དག་གིས་ཀྱང་རྒྱལ་སྲིད་ཆོས་བཞིན་སྐྱོང་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ཡིན་པ་མཚོན་ཐུབ།

          སྐབས་འདིའི་ཆོས་སྲིད་ཟུང་འབྲེལ་གྱི་ཆོས་ནི་གཙོ་བོ་དགེ་བ་བཅུའི་ཚུལ་ཁྲིམས་ཡིན་ཞིང། དེས་སྲིད་ཁྲིམས་ཀྱི་ངོ་བོ་བཟང་དུ་བསྒྱུར་བར་རོགས་ཕན་ཐུབ་པ་ཡིན། མི་གསོད་རྒྱུ་འཕྲོག་སོགས་མི་ཆོག་པ་ལུགས་གཉིས་ཀྱི་ཐུན་མོང་གི་ཁྲིམས་ཤིག་ཡིན་པ་ལས་གཅིག་ལ་འཚམ་ཞིང་ཅིག་ཤོས་ལ་མི་འོས་པ་ཞིག་མིན། འོ་ན་ཆོས་སྲིད་གཉིས་གཅིག་པ་ཡིན་ནམ་ཞེ་ན། དེ་ཡང་མིན་ཏེ། དེ་གཉིས་ཀྱི་ངོ་བོ་ནི་བསམ་བློའི་འཛིན་སྟངས་ནས་འབྱེད་དགོས། དཔེར་ན། མི་གཉིས་འཁོན་ནས་ཤིན་ཏུ་ཁྲོས་ཚེ་གཅིག་གིས་གཅིག་ལ་འདི་བསད་ན་ང་ལ་རྒྱལ་ཁྲིམས་ཀྱི་ཆད་པ་འབབ་བསམས་ཏེ་ཚོད་འཛིན་པ་ནི་སྲིད་ཁྲིམས་ཁོ་ནས་ཡིན་ལ། འདི་བསད་ན་ངས་ལ་སྡིག་པ་ཆེན་པོ་བསགས་པ་ཡིན་སྙམ་ནས་བཟོད་པ་སྒོམ་པ་ནི་ཆོས་ཁོ་ནས་ཡིན། དེ་བཞིན་གཞུང་དོན་ཞིག་བྱེད་པ་ཡིན་ནའང་འདི་མ་བྱས་ན་ངའི་ལས་འགན་མ་བསྒྲུབས་པ་དང་ང་ལ་དངུལ་དངོས་ཀྱི་ཆད་པ་སོགས་གཅད་ཡོང་འདི་ལེགས་པར་བསྒྲུབས་ན་ང་ལ་བྱ་དགའ་དང་གོ་གནས་སོགས་འཕར་ཡོང་བསམས་པ་འམ་ཡང་ན་གཞུང་ལ་ཤ་ཚ་ནས་ལས་དེ་ལ་འཇུག་པ་ནི་སྲིད་དམ་འཇིག་རྟེན་པའི་བསམ་བློ་ཁོ་ནས་དང། གལ་ཏེ་འདི་མ་བྱས་ན་ངས་ལས་རྒྱུ་འབྲས་དང་མི་མཐུན་པ་བྱས་པ་རེད་མི་འགྲིགས། འདི་ལེགས་པར་བྱས་ན་ངས་གཞན་ཕན་དགེ་བ་བསྒྲུབས་པ་དང་བསོད་ནམས་བསགས་པ་ཡིན་བསམས་ནས་འཇུག་པ་ནི་ཆོས་ཁོ་ནས་ཡིན། དེ་བས་གཅིག་གི་ལས་དེ་སྲིད་དོན་ནམ་འཇིག་རྟེན་མི་ཆོས་ཙམ་ཡིན་ལ། ཅིག་ཤོས་ཀྱི་ལས་དེ་ལྷ་ཆོས་སུ་འགྲོ་བ་ཡིན། ལྷག་པར་ལྷ་ཆོས་སུ་འགྲོ་བའི་ལས་དེས་ཅིག་ཤོས་ཀྱི་བྱ་བ་དེ་ཡང་ཞོར་དུ་གྲུབ་པ་ཡིན་པས་རང་ལ་མཚོན་ན་ཡང་ཁེ་ཕན་འདི་ཉིད་ཆེ་བ་ཡིན། འོ་ན་མི་དེ་གཉིས་སོ་སོ་ནས་གཅིག་གིས་ཆོས་དང། གཅིག་གིས་སྲིད་དོན་བྱས་པས་ཆོས་སྲིད་ཟུང་འབྲེལ་ཇི་ལྟར་ཡིན་ཞེ་ན། མི་སོ་སོ་ལ་ལོྟས་ནས་དེ་འདྲ་ཡིན་ཡང་སྤྱི་ཚོགས་ཤིག་ལ་མཚོན་ན་དེ་ཡང་ཆོས་སྲིད་ཟུང་འབྲེལ་ལས་མ་འདས། གལ་ཏེ་མི་ཞིག་གིས་དེ་གཉིས་ཀར་བསམས་ནས་ལས་དེ་བསྒྲུབ་ན་ཡང་རང་དང་སྤྱི་ཚོགས་གཉི་གའི་ཆོས་སྲིད་ཟུང་འབྲེལ་ཆགས་པ་ཡིན་མོད། ཆོས་སེམས་ཤུགས་ཆེ་བ་མིན་ན་ཆོས་གཙང་མ་ཞིག་མིན། དེས་ན་ཆོས་དད་ཅན་གྱི་མི་དེར་འདི་ཕྱི་གཉིས་ཀྱི་བཅའ་ཁྲིམས་ཡོད་པས་འདུལ་སླ་བ་དང། མི་གཞན་ལས་ཡ་རབས་ཆགས་ཀྱི་ཡོད་པ་རེད། བོད་པ་རྣམས་ཡག་པོ་འདུག་ཟེར་བ་དེ་ཡང་གནད་འདི་འདྲར་ཐུག་ཡོད་སྙམ། གལ་ཏེ་འདི་འདྲའི་ཁྲིམས་ལུགས་སྦྲགས་མ་ཞིག་མེད་ན་བྲག་སྲིན་ལས་མཆེད་པའི་ཤ་གཟན་གདོང་དམར་འདི་ནི་ཆེས་འདུལ་དཀའ་བའི་མི་རིགས་གཏུམ་པོ་ཞིག་ཡིན་པ་ལོ་རྒྱུས་ལས་དཔོག་ཐུབ་བོ།

          གཞན་ཡང་དགོན་སྡེ་རྣམས་ཀྱིས་བསྟན་པ་དང་འགྲོ་བ་སྤྱི་དང་སྒོས་སུ་རང་གི་རྒྱལ་ཁབ་ཞི་བདེ་ལྷིང་འཇགས་ངང་ཡར་རྒྱས་ཡོང་བར་སྨོན་ལམ་ཚུན་ཆད་ནས་རང་གི་ཆོས་སྤྱོད་དང་མ་འགལ་བར་སྲི་ཞུ་བསྒྲུབ་པ་དང། དེ་བཞིན་གཞུང་ནས་ཀྱང་ཆོས་ལུགས་སྲུང་སྐྱོབ་དང་དར་སྤེལ་ལ་འགན་ཁུར་ཅིང༌། རྒྱལ་འབངས་དཔལ་འབྱོར་གྱི་ལམ་ལུགས་སོགས་འཐུས་ཚང་གོང་སྤེལ་གཏོང་བ་དང། ཁྲིམས་ལུགས་ཀྱང་ཆོས་ཀྱི་ལྟ་བའི་རྗེས་སུ་མཐུན་པར་སྐྱོང་ཚུལ་སོགས་ནི་ལུགས་གཉིས་ཟུང་འབྲེལ་ལམ་རྒྱལ་སྲིད་ཆོས་བཞིན་སྐྱོང་ཚུལ་ཡིན་ལ།  ལྷག་པར་ང་ཚོ་བོད་ལ་མཚོན་ནའང་རིག་གཞུང་གི་ཉིང་བཅུད་དམ་མི་དམངས་ཀྱི་བདེ་རྩ་ཡང་གཙོ་བོ་འདི་ལ་ཐུག་ཡོད་པས་འདི་ཉིད་ཤིན་ཏུ་གལ་ཆེ་བ་ཡིན།

          གཞན་ཡང་ཐེག་པ་ཆེན་པའི་གང་ཟག་སོ་སོ་རང་ངོས་ནས་དེ་བས་ཀྱང་མྀའི་རིགས་དང་འགྲོ་བ་ཀུན་ལ་འཕྲལ་ཕུགས་ཀྱི་ཕན་བདེ་རྒྱ་ཆེན་པོ་སྒྲུབ་ཚུལ་ཧ་ཅང་མང་བས་རང་གི་སྤྱི་ཚོགས་ཙམ་མ་ཟད་འཛམ་གླིང་ཧྲིལ་བོར་ཞབས་འདེགས་ཞུ་ནུས་སོ། དེས་ན་ཆོས་སྲིད་ཟུང་འབྲེལ་ནི་ལུང་རིགས་དཔེ་གསུམ་ནས་བརྟགས་ཀྱང་ཆོས་ལུགས་དང་སྲིད་ལུགས་ལ་འགལ་བའམ་གནོད་གཞི་ཞིག་གཏན་ནས་མིན་པར་ཡིད་ཆེས་རྙེད་འགྱུར་ཞིང། ཆོས་སྲིད་ལུགས་གཉིས་ཀྱི་ལམ་དབུ་མ་དེ་ཡང་ང་ཚོའི་བརྒྱུད་དང་བརྒྱུད་བཞིན་པའི་ལམ་འདི་ཉིད་ལས་གཞན་ཞིག་མེད། འོན་ཀྱང་ཆ་མ་ཚང་བའམ་ཅུང་མི་འོས་པའི་སྐྱོན་དང་ཞན་ཆ་ནི་ཡོད་ངེས་ལ། དེ་ནི་འཇིག་རྟེན་གྱི་ལས་རིགས་ཀུན་ལ་ཡང་ཡོད་པ་ཞིག་ཡིན་ནོ།

 

ལྔ།༽ འབྱུང་འགྱུར་བོད་རང་སྲིད་རང་སྐྱོང་གི་ཆོས་སྲིད་ཟུང་འབྲེལ་བྱ་ཕྱོགས་སྐོར།

 

          བོད་ལ་ད་དུང་ཡང་ལུགས་གཉིས་ཟུང་འབྲེལ་དེ་བཞིན་འཚམ་མམ་ཞེ་ན། ༧གོང་ས་མཆོག་གིས། ང་རང་ཚོ་བོད་ལ་སྲིད་ག་ཚད་ཀྱིས་དར་བ་དེ་ཙམ་དུ་ཆོས་དེ་དར་རྒྱས་ངེས་པར་དགོས་པ་ཡིན། འདི་ནི་ང་ཚོ་བོད་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་རེད། ང་རང་ཚོའི་སྤོ་བོའི་སྤོ་བོ། མི་རབས་གོང་མའི་གོང་མ། མེས་པོ་གོང་མའི་གོང་མ་རྣམས་ཀྱི་སྐབས་ནས་གོམས་གཤིསསུ་ཡོད་པ། འཇིག་རྟེན་འདི་དང་ཕྱི་མ་གཉིས་ཀར་བདེ་སྐྱིད་འབྱུང་བའི་གཞི་ཐབས་བྱུས་འགྲན་ཟླ་བྲལ་བ་ཞིག་རེད། ཅེས་གསུངས་ཡོད་ལ། དེ་ཡང་ལུགས་སྲོལ་ཙམ་མིན་པར་ད་དུང་ཡང་བོད་མི་རིགས་ཕལ་མོ་ཆེ་ཆོས་ལ་དད་པ་དང། ལྷག་པར་དེང་སང་མི་རིགས་གཞན་དག་མང་པོས་ཀྱང་ནང་ཆོས་ལ་དད་མོས་དང་ཚོད་ལྟ་བྱེད་ཀྱིན་པས་ནང་ཆོས་ཀྱི་འཕྲིན་ལས་དར་བའི་དུས་རབས་གསར་བ་ཞིག་ཏུ་སླེབས་བཞིན་པ་རེད་ལ། དངོས་ཡོད་འཚོ་བར་ཁེ་ཕན་སྒྲུབ་ཐུབ་ལ་ད་ལྟའི་འཛམ་གླིང་ཞི་བདེ་བཟོ་བའི་མཐུན་རྐྱེན་ཡག་ཤོས་ཤིག་ཡིན་པ་བཅས་ཀྱིས་ཀྱང་ཆོས་སྲིད་ཟུང་འབྲེལ་འོས་ཤིང་འཚམ་པར་མཐོང། དེ་ཡང་གཞུང་གི་ཆེས་མཐོའི་དབུ་ཁྲིད་སོགས་ཆོས་དད་ཅན་ཡིན་ན་རབ་དང༌། མིན་ནའང་ཆོས་ཀྱི་གོ་རྟོགས་གང་འཚམ་ཞིག་ལྡན་དགོས། འོན་ཀྱང་གཞུང་ཞབས་ཚོ་ཆོས་དད་ཡོད་མེད་ལ་ཁྱད་པར་མེད། དེ་ཡང་མི་དམངས་ཀྱི་ཆོས་དད་རང་མོས་སྤེལ་བར་གཞུང་གི་འཛིན་སྐྱོང་ཡང་ངེས་པར་ཆོས་ལ་བསྟུན་དགོས་པ་མིན་ལ། གལ་ཏེ་དམངས་གཙོ་ཡང་དག་ཅིག་ཏུ་གནས་ཐུབ་ན་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་མིན་ནའང་འགྲིགས། གཙོ་བོ་མི་དམངས་སོ་སོའི་ངོས་ནས་ལུགས་གཉིས་མཉམ་འབྲེལ་མ་ནོར་བ་ཞིག་བྱེད་རྒྱུ་བྱུང་ན་དེས་མ་འགྲིགས་པ་མེད་སྙམ།

          གཞན་ཡང། ཆོས་ལུགས་དད་མོས་ཀྱི་སྟོབས་ཀྱིས་དམངས་གཙོ་འཕེལ་རྒྱས་ལ་གནོད་པར་འདོད་མཁན་ཚོས་ཆོས་དད་ཁོ་ན་བྱས་ན་དེ་དང་འགལ་བའམ་ལྟ་ཚུལ་གཞན་པའི་སྨྲ་བརྗོད་རང་དབང་ལ་ལམ་མེད་པར་འདོད། གནད་དོན་འདི་སྔར་དེང་གི་དོན་དངོས་ལག་ལེན་ལས་བདེན་དཔང་བྱས་ཡོད། འོན་ཀྱང། གནད་དོན་གྱི་གནད་དོན་དེ་བཙལ་ན། དེ་ནང་ཆོས་ཀྱི་ངོ་བོའི་སྐྱོན་ཞིག་མིན་པར་ཆོས་བྱེད་མི་སྣའི་བསམ་བློ་མ་སྨིན་པའི་གནད་དོན་ཞིག་ཡིན་པ་གསལ་རྟོགས་ཐུབ། གལ་ཏེ་ཆོས་ཀྱི་དད་སྟོབས་དང་དེའི་བག་ཆགས་ཀྱིས་འགོག་རྐྱེན་བྱེད་པ་དངོས་ཡིན་ན་ཆོས་བྱེད་མི་སྣ་ཚང་མ་དང་ལྷག་པར་རྒྱལ་བ་པཎ་ཆེན་ལྟ་བུའི་བླ་ཆེན་རྣམས་ལ་དེའི་དྲི་མ་མང་ཙམ་འགོས་དགོས་མོད་དེ་འགོས་ཀྱི་མེདཔ་མ་ཟད། ཁོང་ཚོའི་བསམ་བློ་ཚན་རིག་པ་སོགས་དང་འགྲན་ཟླ་བྱེད་ཐུབ་པ་ཞིག་ཆགས་ཡོད། དོན་ལ་ནང་པའི་ཆོས་འདི་འཚེ་མེད་གཞན་ཕན་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ཡིན་པས་རེད། ང་ཆོས་རང་གི་བསམ་བློ་ངན་པ་རྣམས་འདུལ་བ་དང་མཉམ་དུ་གཞན་དོན་ལ་ཆོག་ཤེས་མེད་པའི་འབད་བརྩོན་བྱེད་དགོས་པ་ཞིག་ཡིན་ལ། དེ་ཡང་ཚེ་འདི་ཕྱི་གང་ལ་གང་ཕན་གྱི་བྱ་བ་ཚང་མ་བྱ་དགོས་པས། ཆོས་བྱེད་མི་སྣས་མིའི་རིགས་ཀྱི་འཚོ་བ་ཡར་རྒྱས་དང་སྤྱི་ཚོགས་བདེ་ཐབས་ལ་ལྷག་པར་འགན་འཁུར་དགོས་པ་ནི་འོས་བབ་ཅིག་ཡིན། དེ་བས་ཚན་རིག་གིས་གཙོས་པའི་དགོས་ཕན་གྱི་བྱ་བ་ཚང་མ་དང་ལྟ་བ་ཚང་མར་ཆོས་བྱེད་མི་སྣས་དགག་བྱ་དང་རྒོལ་ལན་སློག་པ་དེ་ལམ་གོལ་ཡིན། དེ་བས་ཆོས་རིག་གི་སློབ་གསོའི་བྱ་བ་ཆ་ཚང་ཞིག་ཡོངས་ཁྱབ་ལག་ལེན་བྱེད་ཐུབ་ན་གནད་དོན་དེ་བསལ་ཐུབ་པ་ཞིག་ཡིན།

          ཁ། སྲིད་གཞུང་གི་ངོ་བོ། དེ་ནི་བཅའ་ཁྲིམས་ལས། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག རང་དབང་དང། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཅིག་ཏུ་བྱ་རྒྱུ་ཡིན། ཞེས་དང། མ་འོངས་བོད་ཀྱི་ཡུལ་ཁམས་འཚེ་མེད་ཞི་བའི་བསྟི་གནས་སུ་གནས་རྒྱུ་དང༌། གོ་མཚོན་དུག་རླངས་རིགས་ཀྱི་ཐོན་སྐྱེད་ནམ་ཡང་མི་བྱེད་པ། ཞེས་བཀོད་པ་བཞིན་ལུགས་གཉིས་ཕན་ཚུན་རོགས་འདེགས་ཀྱིས་དམག་འཐབ་སྤོང་བའི་ཞི་བདེའི་ཡུལ་ཁམས་ཤིག་ཏུ་གནས་པའི་ལམ་ཕྱོགས་འཛིན་རྒྱུ་ནི་རྒྱལ་ཁམས་ཀུནབདེའི་གསོས་སུ་འགྱུར་རོ།

          འཛིན་སྐྱོང་ཇི་ལྟར་བྱ་ཚུལ་སྐོར། གཅིག རྒྱུན་འཁྱོངས་བྱ་འོས་པའི་སྔར་སྲོལ་རྩ་དོན་གསུམ།

          མི་དགེ་བཅུ་སྤོང་ངམ་དགེ་བཅུ་དང་མཐུན་པའི་ཁྲིམས་སྲོལ་རྒྱུན་འཁྱོངས་བྱེད་པ། འདི་ནི་ཆོས་སྲིད་ཟུང་འབྲེལ་གྱི་རྨང་གཞི་འམ་རྩ་དོན་ཡིན་པས། ཆོས་ཀྱི་གོ་རྟོགས་གོང་མཐོར་སྤེལ་རྒྱུར་འགན་འཁུར་དགོས་པ་དང་འབྲལ་ཐབས་མེད་པ་དང་གཅིག དེ་བཞིན་འཇུ་མི་ཕམ་གྱིས། གསར་རྙིང་གྲུབ་མཐའི་ཆོས་ལུགས་ནི། །ཡབ་མེས་དུས་ཀྱི་སྲོལ་གང་ཡིན། །དེ་ཉིད་ཁོ་ན་གཙོ་བོར་འཛིན། །གཞན་དུ་གྱུར་ན་མི་བདེ་འཕེལ། །ཞེས་གསུངས་པ་བཞིན། ཆོས་ལུགས་གྲུབ་མཐའ་སོ་སོའི་རང་དབང་ལ་བརྩི་སྲུང་བྱེད་དགོས། དེ་ནི་མི་དམངས་མཐུན་པའྀ་རྩ་བ་ཡིན་པ་དང་གཉིས། གཞན་ཡང། འཛིན་སྐྱོང་འཐུས་ཚང་ཡོང་བར་གཞུང་འཛིན་དཔུང་ཁག་ནང་དུ་ཆོས་བྱེད་མཐོ་རིམ་མི་སྣ་ཚད་ལྡན་དགོས་པ་དང་གསུམ་པོ་ནི་རྒྱུན་འཁྱོངས་བྱ་འོས་པའི་རྩ་དོན་ཞིག་ཡིན་སྙམ།

          གཉིས། ངེས་པར་གལ་ཆེ་བའི་ལུགས་གསར་འགའ། དེང་དུས་རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ལག་ལེན་བྱེད་ཀྱིན་པའི་དམངས་གཙོའི་ལམ་ལུགས་ཚད་ལྡན་དུ་འགྱུར་བ་དང་གཅིག ཚན་རིག་སོགས་དེང་དུས་ཤེས་བྱ་མ་ལག་ཚང་བའི་སློབ་གྲྭ་དང་གཉིས། ཚན་རིག་ཁོ་ན་སློབ་སྦྱོང་བྱ་སའི་སློབ་གྲྭ་རྒྱ་ཆེན་པོ་ཞིག་འཛུགས་དགོས་པ་མ་ཟད་ཆེད་ལས་ཚན་རིག་ལག་རྩལ་རིགས་སྦྱོང་སའི་སློབ་གྲྭ་དང་གསུམ། རིག་གནས་གསར་རྙིང་གཉིས་ཀ་མཉམ་བསྲེས་དང་སྐྱ་སེར་ཕོ་མོ་མཉམ་བསྲེས་ཀྱི་སློབ་གྲྭ་དང་བཞི།  བཟའ་བཏུང་གོན་པ་ཡོ་ཆས་སོགས་ཡང་བའི་བཟོ་ལས་རིགས་ཀྱི་བཟོ་གྲྭ་མང་པོ་འཛུགས་དགོས་པ་དང་ལྔ་བོ ནི་དུས་རབས་གསར་བའི་སྤྱི་ཚོགས་འཛུགས་སྐྲུན་བྱ་བར་མེད་ཐབས་མེད་པའི་ཆ་རྐྱེན་ཞིག་རེད།

 

          གསུམ། དུས་བསྟུན་འགྱུར་བ་གཏོང་དགོས་པ་འགའ།

          ༡། ཆོལ་ཁ་གསུམ་ཞེས་པའི་མིང་བསྒྱུར་དང་མངའ་སྡེ་བསྐྱར་བགོ་བྱ་དགོས། དེ་ཡང༌། ཆོལ་ཁ་གསུམ་ཕན་ཚུན་མཉམ་བསྲེས་ཀྱིས་མི་གྲངས་དང་ས་ཁུལ་ཆེ་ཆུང་འཚམ་པའི་མངའ་སྡེ་ཁག་ལྔ་དྲུག་ཙམ་བགོ་འོས། མ་འོངས་པར་ཆོལ་ཁའི་ཕྱོགས་ཞེན་མི་འོང་པར་ཕན།

          ༢། སྤྱི་འཐུས་ཀྱི་གྲངས་འབོར་ཇེ་མང་དང་འོས་འདེམས་ལམ་ལུགས་ལའང་འགྱུར་བ་གཏོང་དགོས།

          ༣། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་བཅའ་ཁྲིམས་གསར་བཟོ་བྱ་དགོས།

          ༤། མངའ་ཁོངས་སྲུང་སྐྱོབ་བྱེད་པ་ནི་ཤིན་ཏུ་གལ་ཆེ་ལ་དེ་ལ་བདག་སྐྱོང་ཡག་པོ་ཞིག་མ་ཐུབ་ན་ཉོག་དྲ་ཆེན་པོའི་གཞི་ཞིག་ཡིན་པས། ས་ཆ་ཚང་མ་གཞུང་ལ་དབང་བ་བྱས་ནས་ཆ་སྙོམ་བགོ་བཤའ་བྱས་ཏེ་ས་ཁྲལ་ཉུང་ཟད་ཙམ་འཇལ་དགོས་པ་དང། ས་ཆ་ཉོ་ཚོང་ཡང་ཡོད་པའི་ལམ་ལུགས། འོན་ཀྱང་ས་གཏེར་དང་ཤིང་ནགས་སོགས་གཞུང་ཁོ་ནར་དབང་བ་བྱ་དགོས།

          ༥། ད་ཡོད་འབྲོག་ཁྱིམ་སོ་སོའི་སྒོ་ཕྱུགས་ཀྱི་མ་རྩའི་ཕྱེད་ཀ་གཞུང་བཞེས་བྱ་དགོས།

          ༦། རང་སྟོབས་རང་སྤེལ་གྱིས་ཕྱུག་པོ་བཟོ་བའི་སྒེར་འཚོའི་ལམ་ལུགས་གཞིར་བྱས་ཐོག རང་མགོ་མི་ཐོན་པའི་དབུལ་པོ་རྣམས་ལ་ཐུན་མོང་ངལ་རྩོལ་ལམ་ལུགས་ལག་ལེན་གྱིས་ཕྱོགས་སྒྲིལ་འཚོ་བ་སྐྱེལ་ཐུབ་པ་བྱ་བ། དཔེར་ན་ཞིང་ལས་སམ་བཟོ་ལས་སོགས་ཅི་རིགས་པའི་ལས་ཀ་སྣ་ཚོགས། དེ་བཞིན་སློབ་ཡོན་མི་དགོས་པའི་དམིགས་བསལ་སློབ་གྲྭ་ཡང་དགོས། དེ་ལྟར་བྱས་ན་སྤྲང་པོའི་སྒོ་ཡང་འགོག་ཐུབ།

          ༧། སྤྲུལ་སྐུ་ཕལ་བའི་རིགས་དང་རབ་ཏུ་འབྱུང་བར་ཚོད་འཛིན་གྱིས་དགེ་འདུན་གྱི་སྡེ་སྤུས་དག་བཟོ་དགོས། དེ་ཡང་ནང་ཆོས་སློབ་གཉེར་བྱ་འདུན་རྣམས་ལ་ཐོག་མར་རབ་ཏུ་འབྱུང་མི་དགོས་པར་ནང་དོན་རིག་པའི་སློབ་སྦྱོང་ཁག་ཆ་ཚང་ཐོག་དེང་དུས་ཤེས་བྱ་ཁག་ཀྱང་གང་འཚམ་སྤྲོད་ཐུབ་པའི་སྔོན་འགྲོའི་སློབ་གྲྭ་བཙུགས་ཏེ་རིམ་པས་སོ་སོའི་ལོ་ཚོད་དང་དད་མོས་ལྟར་དགེ་བསྙེན་དང༌། དགེ་ཚུལ་སོགས་ཀྱི་སྡོམ་ཁྲིམས་བླངས་ནས་གྲྭ་ས་འགྲིམས་ཐུབ་ན་རབ་དང་མ་ཐུབ་ན་ཡང་ཆོས་མཐུན་གྱི་མི་ཚེ་ཞིག་སྐྱེལ་ཐུབ་པས་སྐྱོན་མེད། དེ་བཞིན་གཡུང་དྲུང་བོན་དང༌། ཆོས་བརྒྱུད་ཆེན་པོ་རྣམས་ཐུན་མོང་ཐོག་སློབ་གཉེར་ཆ་ཚང་བྱེད་སའི་ཆོས་བོན་གྱི་སློབ་གྲྭ་ཆེན་མོ་ཡང་འཛུགས་འོས། འདིས་ཕན་ཚུན་ཤེས་རྟོགས་ཐུབ་པ་བརྒྱུད་རིམ་བཞིན་གྲུབ་མཐའ་རིས་མེད་ཡོང་བའི་དགེ་མཚན་ཆེ།

          ༨། གཞུང་དང་ལས་ཁུངས་ཁག་ནས་ལྷ་མཆོད་འདྲེ་གསོལ་བྱེད་པར་སྤྱི་ནོར་མང་གཏོང་བྱེད་པའི་ལམ་སྲོལ་དེར་ཡང་སྒྱུར་བཅོས་བྱ་འོས།

          ༩། ལྷ་མོ་འཁྲབ་སྟོན་སོགས་རིག་རྩལ་རྙིང་བ་རིགས་མ་ཉམས་པ་བྱེད་རྒྱུ་གལ་ཆེ་ན་ཡང༌། དེའི་ཐོག་ལ་ད་དུང་དུས་རབས་གསར་བའི་འཚོ་བ་མཚོན་པའི་གློག་བརྙན་སོགས་དུས་བསྟུན་རིག་རྩལ་གསར་རྩོམ་བྱ་རྒྱུའང་ཤིན་ཏུ་གལ་ཆེ།

          ༡༠། རིག་གནས་སྒྱུ་རྩལ་རིགས་གསར་རྩོམ་བྱ་རྒྱུ་ནི་མི་རིགས་ཀྱི་ཤེས་རིག་ཡར་རྒྱས་གཏོང་བ་དང་སྤྱི་ཚོགས་འཚོ་བའི་དགོས་མཁོ་གལ་ཆེན་ཞིག་ཡིན་ན་རྒྱལ་ཁབ་གཞན་པ་བཞིན་རྩོམ་པ་པོ་གསོ་སྐྱོང་དང་དེའི་བརྩམས་ཆོས་ལ་མཐོང་ཆེན་བྱེད་པའི་ལུགས་སྲོལ་ཆགས་དགོས་སྙམ་པ་བཅས་རེ་ཞིག་དེ་ཙམ་མོ།། །།

 

 ༢༠༠༠།༡༡།༢༤།

 

 

<<ནོར་མཛོད>>ནང་བཀོད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php