༄༅།།ཆུ་གླང་རྩ་ཚིག་ཆེན་མོ་ལྔ་དང་མེ་ཡོས་རྩ་ཚིག་ཆེན་མོ་ལྔ།

 

 

       ༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་དང་བཅུ་བཞི་བ་ཆེན་པོ་མཆོག་གི་ཆེས་རླབས་ཆེའི་བཀའ་རྩ་ཁྱབ་བསྒྲགས་ཀྱི་རྩ་ཆིག་ལྔ་རེ་འདི་ང་ཚོས་དོན་ངོ་མ་འཁྲུལ་བྲལ་ཡང་དག་གི་ལམ་སྟོན་ཞིག་ཡིན་པར་ངོས་ཟིན་ཡོད་དམ། འཛིན་གྱིན་ཡོད་དམ། བཟུང་སྟེ་ཅི་ཞིག་བྱས་སམ། ཇི་ལྟར་བྱེད་ཀྱིན་ནམ། ཅི་ཞིག་བྱ་ཐུབ་བམ། འདི་ནི་ཁྱོད་ལ་དྲིས་པའི་ཐོག་མའི་བསམ་གཞིགས་སོ།

 

    ད་ལོ་ནི་ཆུ་གླང་རྩ་ཚིག་ཆེན་མོ་བསྒྲགས་ནས་ལོ་བརྒྱ་ཐམ་པ་འགོར་བའི་དུས་དྲན་གྱི་ལོ་ཞིག་ལ་བརྩི་གིན་འདུག དེ་རིང་ང་ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་གནང་བའི་རྩ་ཚིག་ཆེན་མོ་ལྔའི་སྐོར་གྱི་བགྲོ་གླེང་དང་མཛད་སྒོར་མགྲོན་འབོད་གནང་བ་ལྟར་ཞུགས་པ་ཡིན། དེ་ཡང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་མིང་ཐོག་ནས་གཤམ་གྱི་གཏམ་བཤད་འདི་བྱས་པ་ཡིན།

 

    ཆུ་གླང་(༡༩༡༣) ལོར་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གིས་དོན་ཚན་ལྔ་ཅན་གྱི་བཀའ་རྩ་ཞིག་ཁྱབ་བསྒྲགས་གནང་བ་དེས། ཕྱི་ཕྱོགས་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གནས་ཡོད་པ་ཧ་གོ་ཕྱིར་དང་ནང་ཁུལ་ནས་བོད་རང་བཙན་བརྟན་སྲུང་དང་ལམ་ལུགས་ལེགས་བཅོས་ཀྱི་གསར་བརྗེ་ཞིག་དགོས་པའི་ཆེས་གལ་འགངས་ཆེ་བའི་གནད་དོན་ཞིག་གསལ་བཤད་གནང་ཡོད། དེ་བས་ངས་འདི་ལ"བོད་རྒྱལ་ཁབ་བརྟན་སྲུང་ལེགས་བཅོས་ཀྱི་ཆུ་གླང་རྩ་ཚིག་ཆེན་མོ"ཞེས་གདེང་འཇོག་དང་དད་གུས་བྱེད་ཀྱིན་ཡོད།

    འོན་ཀྱང་གསལ་བསྒྲགས་འདི་གནང་ནས་ལོ་སོ་བདུན་ཙམ་ལས་གནས་མ་ཐུབ་པར་བོད་རང་བཙན་ཤོར་བ་རེད། ཤོར་ནས་མི་ལོ་རེ་གསུམ་འགོར། མི་ལོ་རེ་གསུམ་དེ་སྡུག་བསྔལ་གྱི་ལོ་ཟླ་ཞིག་ཡིན་པའི་ཐོག་ལ་མི་ལོ་སོ་བདུན་དེ་ཡང་ཧ་ཅང་ཕངས་སེམས་སྐྱེ་ཞིང་འཁང་ར་བྱེད་དགོས་པ་ཞིག་ཡིན། རྒྱུ་མཚན་ནི་༡༩༣༢ ལོར་སྐུ་གོང་མས་ཐུགས་ཕམ་ཆེན་པོ་ཞིག་གིས་ཆུ་སྤྲེལ་ཞལ་གདམས་སམ་ཡང་ན་ཞལ་ཆེམས་ཆེན་མོའམ་ལུང་བསྟན་དམར་རྗེན་མ་དེ་གནང་ནས་ཕྱི་ལོར་སྐུ་གཤེགས་པར་མ་ཟད་དེའི་མུར་ནང་ཁུལ་འགལ་ཟླའི་འཁོར་ལོ་བསྐོར་ནས་ཞལ་ཆེམས་དྲོན་མོ་དེ་ལ་བདག་པོ་རྒྱག་མཁན་མ་བྱུང་། དེ་བས་རིང་བོ་མ་འགོར་བར་ལུང་བསྟན་དམར་རྗེན་མ་དེ་བོད་མི་མཆོག་དམན་ཚང་མའི་མགོ་ལ་ཐོག་ལྟར་བབས་ནས་དམྱལ་བ་མངོན་སུམ་དུ་མྱོང་དགོས་བྱུང་། ལེ་ལན་འདི་སུ་ལ་འདེད་དམ། འགྱོད་གདུང་འདི་ཇི་ལྟར་སངས་སམ། ངོ་མ་སྙིང་ན་ནི་ཞིག་རེད་ལ་ཡིད་འཆད་ནི་ཞིག་ཀྱང་ངོ།

 

    མེ་ཡོས་(༡༩༨༧།༩།༢༡)ལོར་༸གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་གནང་བའི་"ཞི་བདེའི་སྔོན་འགྲོའི་གྲོས་འཆར་ལྔ"ཞེས་པའི་བཀའ་རྩ་ཁྱབ་བསྒྲགས་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རང་བཙན་བསྐྱར་གསོའི་འཐབ་རྩོད་དེ་རྨི་ལམ་ལྟ་བུར་གཟིགས་ནས་བོད་རྒྱ་ཞི་མོལ་གྱི་ལམ་ནས་དབུ་མའི་ལམ་ཆེན་ཞིག་འཚོལ་རྒྱུའི་ཐོག་མའི་གསལ་བརྡ་ཉི་གཞོན་བསུ་བའི་སྐྱ་རེངས་ལྟ་བུ་དེ་ཡིན། དེ་ནི་བོད་ཀྱི་འཕྲལ་ཕུགས་གཉིས་ལ་ཕན་པ་ཙམ་དུ་མ་ཟད་རྒྱ་ནག་རང་དང་བཅས་པའི་ཤར་གླིང་ཡོངས་ལ་ཡང་དགེ་མཚན་ཡོང་བའི་ཐབས་མཁས་ཐུགས་རྗེའི་དགོངས་གཞི་རླབས་ཆེན་ཞིག་ཡིན་པར་མཐོང་ནས་མཐའ་གཅིག་ཏུ་གུས་བརྩི་དང་རྒྱབ་སྐྱོར་མཐར་སྐྱེལ་ཞུ་བའི་ཁུལ་ཡིན།

    ཡིན་ན་ཡང་ཆེས་ཡིད་ཕངས་པ་ཞིག་ལ། རྒྱ་ནག་གཞུང་གིས་དངོས་ཐོག་བདེན་འཚོལ་གྱི་ཡ་ལན་མ་བྱས་པར་མུ་མཐུད་བོད་ལ་མིང་ཙམ་གྱི་རང་སྐྱོང་སྲིད་ཇུས་ཇེ་སྡུག་ཏུ་བཏང་བ་དང། དེའི་མཚུངས་བཙན་བྱོལ་ནང་གི་ལྟ་བ་མཁྲེགས་འཛིན་པ་མི་ཉུང་བ་ཞིག་གིས་ཐོག་མཐའ་བར་གསུམ་དུ་དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་པར་མ་ཟད་བཀའ་དྲིན་བསམ་ཤེས་མེད་པར་ ༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དབང་ལ་ཡང་འགྱུར་བ་གཏོང་དགོས་པའི་རྣམ་འགྱུར་དངོས་ཤུགས་བརྒྱུད་གསུམ་ནས་བསྟན། དེ་འདྲའི་ཐུགས་ཕམ་དགོས་པའི་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས་དུས་ལ་གཟིགས་ཏེ་སྲིད་ཁྲི་ལས་བྱོལ་ནས་ད་ལྟ་ཁོང་ཉིད་བླ་བྲང་ཙམ་གྱི་གནས་བབ་ཏུ་བཞུགས་ཡོད། འོན་ཀྱང་གཞིས་ལུས་བོད་མི་ཡོངས་ལ་ཁོང་ཉིད་ཅི་འདྲའི་རྩ་ཆེ་ཚུལ་ནི་ཚེ་སྲོག་གི་མཆོད་འབུལ་ཆེན་པོའི་འབོད་སྒྲ་དེ་དག་གིས་བདེན་དཔང་བྱེད་ཐུབ།

 

    གོང་གསལ་རྩ་ཚིག་ཆེན་མོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐད་ཁོ་ན་ནས་བལྟས་ན་གཅིག་ནི་བོད་རྒྱལ་ཁབ་ཆེན་པོ་བརྟན་སྲུང་སྐོར་དང་ཅིག་ཤོས་ནི་བོད་ས་གནས་མི་རིགས་རང་སྐྱོང་ཆེན་པོ་རྩོད་ལེན་གྱི་རྣམ་པ་ཞིག་ཡིན་པས་འགལ་ཟླར་མཐོང་སྲིད། དེ་ལྟར་ཆབ་སྲིད་ཀྱི་ངོ་བོ་མི་འདྲ་ན་ཡང་དགོས་དམིགས་ནི་བོད་བསྟན་སྲིད་དཔལ་འབྱོར་རིག་གནས་དང་བཅས་པ་དུས་དང་བསྟུན་པའི་ལེགས་བཅོས་ཀྱིས་ཞི་བདེའི་བོད་གསར་བ་ཞིག་བསྐྲུན་རྒྱུ་ནི་གཅིག་མཚུངས་ཡིན་ལ། དགོས་རྒྱུའི་སྙིང་བོ་ཡང་ཡིན།

    ཕྱོགས་གཞན་ཞིག་ནས་ཆབ་སྲིད་ཀྱི་ངོ་བོ་ལ་འགྱུར་བ་མི་འགྲོ་ཀ་མེད་ཅིག་ཆགས་ཡོད་པ་ཡང་ཚང་མས་གསལ་རྟོགས་དགོས་ཏེ། གཅིག་བཙན་འཛུལ་དྲག་དཔུང་གིས་ཁྱུར་མིད་གཏོང་བཞིན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་དེ་དགུང་ལོ་བཅུ་དྲུག་གི་བྱིས་པ་ཞིག་གི་ཕྲག་ལ་བཀལ་བ་དང། གཉིས་ནས་བདག་དབང་ཡོངས་སུ་ཤོར་བའི་གནས་སྟངས་ཤིག་གི་འོག་ནས་རྒྱ་གར་དུ་བཙན་ བྱོལ་ལ་ཕེབས་དགོས་བྱུང་བ། གསུམ་ནས་(༡༩༥༩།༤།༡༨)བོད་རང་བཙན་སླར་གསོའི་གསལ་བསྒྲགས་གནང་སྟེ་ལོ་ཉི་ཤུ་ལྷག་ ལ་མཐོ་མཉམ་འབྲེལ་རྒྱ་ཚོགས་ནས་དམའ་བོད་དོན་རོགས་སྐྱོར་པ་དག་གི་བར་ལ་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་གནས་བབ་གསལ་བསྒྲགས་དང་བཅས་བོད་སྐྱོབ་རོགས་མགོན་གང་ཡོང་ཅི་ཙམ་ཞུས་ན་ཡང་དོན་ཕན་ལྡན་པའི་རྒྱབ་སྐྱོར་ཆེན་པོ་ཞིག་གནང་མཁན་མ་བྱུང་བ། བཞི་ནས་བོད་ནང་དུ་གནས་བབ་ཇེ་སྡུག་ཇེ་ཐུར་སོང་བས་སླར་ཡང་འཛམ་གླིང་གི་འགྱུར་འགྲོས་དང་རྒྱ་ནག་གི་སྟོབས་ཤུགས་དང་བོད་རང་གི་ཁ་སྟབས་སྐྱོ་བོ་འདི་དག་ལ་གཞིགས་ཏེ་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་བོད་སྐྱོབ་ཀྱི་ཐབས་ལམ་གཞན་འདི་མི་འཚོལ་ཐབས་མེད་བྱུང་བ་ལགས་སོ།

 

    མདོར་ན། ༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གི་སྐབས་དང་༸གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གི་སྐབས་གཉིས་ནི་ཡུལ་དུས་གནས་བབ་གང་ཐད་ནས་གནམ་སའི་བར་ཁྱད་ཤོར་བ་ཞིག་ཡིན།     

        གཅིག སྐུ་གོང་མ་ཚང་ནི་རང་གི་རྒྱལ་ཁབ་ཀྱི་རྒྱལ་ས་ལྷ་སར་བཞུགས་པའི་རང་ཡུལ་རང་བདག་གི་ཡུལ་ཞིག་ཡིན་ལ། འདི་བ་ཚང་ནི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་རི་སྒང་ཆུང་ངུ་ཞིག་ཏུ་བཞུགས་པའི་གཞན་ཡུལ་གནས་ཚང་གི་ཡུལ་ཞིག་རེད།

       གཉིས།  སྐུ་གོང་མའི་སྐབས་ནི་འཛམ་གླིང་སྤྱི་ལ་མཚོན་ན་བཙན་རྒྱལ་རིང་ལུགས་པ་དག་གིས་དྲག་ཤུགས་ལ་བསྟེན་ནས་གཅིག་འོག་གཅིག་སྒྱུར་གྱི་འགྲན་རྩོད་དམག་འཁྲུག་ཆེན་པོའི་དུས་ཤིག་ཡིན་ལ། འདི་བ་ཚང་ནི་འཛམ་གླིང་གི་དམག་འཁྲུག་ཆེན་པོ་མཇུག་རྫོགས་ཏེ་འཛམ་གླིང་ཞི་བདེ་དང་གོ་ལ་གཅིག་གྱུར་གྱི་ཞི་བདེར་ཕྱོགས་པའི་གནས་བབ་ཅིག་རེད། བྱེ་བྲག་བོད་གཅིག་པུར་མཚོན་ན་ཡང་སྐུ་གོང་མའི་དུས་ནི་དགའ་ལྡན་ཕོ་བྲང་བས་བོད་ལ་དབང་ལུང་བསྒྱུར་བའི་ལམ་ལུགས་རྙིང་པའི་དུས་ཤིག་རེད་ལ། ད་ལྟ་ནི་དམངས་གཙོའི་ལམ་ལུགས་ཀྱི་ཁྲིམས་སྲོལ་གསར་བའི་ལུགས་ཀྱི་དུས་སྐབས་ཤིག་རེད།

       གསུམ།  སྐུ་གོང་མའི་གནས་སྟངས་ནི་དམག་འཁྲུག་དང་བཙན་འཛུལ་གྱི་འཇིགས་ཉེན་དག་ལས་ཐར་བའི་བོད་རང་དབང་རང་བཙན་གྱི་གནས་བབ་ཅིག་ཡིན་ལ། འདི་བ་ཚང་ནི་རྒྱ་དམར་གྱིས་ཡོངས་སུ་བཙན་འཛུལ་དབང་སྒྱུར་བྱས་ཏེ་འཁོར་འབངས་ཉུང་ངུ་ཞིག་དང་བཅས་བཙན་བྱོལ་དུ་བཞུགས་དགོས་པའི་གནས་བབ་ཅིག་ཆགས་ཡོད།

    གོང་གསལ་ཡུལ་དུས་གནས་བབ་གསུམ་པོར་བར་ཁྱད་འདི་འདྲ་ཞིག་ཡོད་པས་ན་སྐུ་གོང་འོག་གཉིས་ཀྱི་བོད་དོན་བདག་སྐྱོང་བྱེད་ཐབས་དང་འགན་ནུས་ལ་ཡང་རང་བཞིན་གྱིས་ཁྱད་པར་ཆེན་པོ་ཞིག་ཤོར་ཡོད་ལ། བཤད་སྟངས་གཞན་ཞིག་ནས་བརྗོད་ན། སྐུ་གོང་མའི་མཛད་འཕྲིན་ལ་ཕམ་ཉེས་བྱུང་བ་དེར་སླར་ཡང་ཐབས་ལམ་གཞན་ཞིག་གིས་ཉམས་གསོ་གནང་སྟེ་རྒྱལ་ཁ་གསར་བ་ཞིག་བསུ་བའི་མཛད་འཕྲོ་སྐྱོང་ཐབས་ཤིག་ཏུ་བདག་འདོད་དོ།

 

    དུས་ཚོད་ཀྱི་དབང་གིས་ཡོད་ཚད་ལ་འགྱུར་བ་འགྲོ་དགོས་པ་ནི་འཇིག་རྟེན་འདིའི་ཆོས་ཉིད་རེད། དེས་ན་བོད་ཀྱི་གནས་བབ་འདིར་ཡང་ཡུལ་དུས་གནས་བབ་ལ་དཔག་པའི་འཆར་གཞི་དང་ལག་ལེན་ཞིག་དགོས་པ་ལས་རྙིང་ཞེན་མཁྲེགས་འཛིན་དང་ཨུ་ཚུགས་མཐར་སྐྱེལ་གྱིས་ཉི་མ་གསར་བ་ཞིག་བསུ་ཐབས་བྲལ།

 

    མཇུག་གི་རེ་སྐུལ་ནི། ༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གི་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་དམར་རྗེན་མ་དེར་བསམ་བློ་ཡག་པོ་ཞིག་བཏང་ནས་ང་ཚོ་བོད་མི་རང་ངོས་ཀྱི་སྐྱོན་ཆ་དང་ཞན་ཆ་ངོ་ཤེས་ཐུབ་དགོས། དེའི་མཚུངས་༸གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གལ་ཆེན་འདི་དག་ཀྱང་བོད་མི་རིགས་ཀྱི་འཕྲལ་ཕུགས་གཉིས་སྨན་ལ་མ་འོངས་མངོན་གཟིགས་ཀྱི་འཁྲུལ་བྲལ་ཐབས་མཁས་མཛད་འཕྲིན་ཞིག་ཡིན་པར་སྙིང་དབུས་ནས་ཡིད་ཆེས་དང་བཅས་དད་གུས་ལག་ལེན་གང་ཐུབ་རེ་གནང་རྒྱུ་ནི་བོད་མི་རིགས་འདི་སླར་ཡང་ཕངས་འགྱོད་ཆེན་པོའི་གནས་བབ་ཅིག་ཏུ་མི་ལྷུང་བའི་རྒྱུ་ཉག་གཅིག་ཡིན་པ་ཅིས་ཀྱང་ཤེས་པར་མཛོད་ཅིག་ཅེས་སྔར་ཡང་ཡང་ཡང་ཞུས་ཡོད་ལ་ད་ཡང་ཞུ་བ་ལགས་སོ།།

    ལྷ་དང་བླ་མའི་ལམ་སྟོན་མི་བརྩི་བའི། །དད་མོས་ཙམ་དེ་རང་མགོ་སྐོར་བྱེད་ཡིན། །འཛམ་གླིང་དུས་ཀྱི་འགྱུར་བར་མི་བསྟུན་པའི། །བདེན་པའི་ཨུ་ཚུགས་དེ་ཡང་བསླུ་བྱེད་ཉིད།

 

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས།

 

༢༠༡༣།༢།༡༤ལ་བྲིས་པ་དགེའོ།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php