<བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར> ནི་དམངས་གཙོ་མི་དགོས་པའི་རང་སྐྱོང་ཞིག་མིན།

 

    ཉེ་ལམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་དབུ་ཁྲིད་རྣམ་པ་ནས་མི་དམངས་དཀྱུས་མའི་བར་གྱི་མ་རྟོགས་ལོག་རྟོག་པ་ཅི་རིགས་ཤིག་གིས་བཀའ་ཤག་སྔོན་མས་རྒྱ་ནག་དབུས་གཞུང་ལ་ཕུལ་བའི<རང་སྐྱོང་བསམ་འཆར>དེའི་ནང་ན་དམངས་གཙོའི་དགོས་འདུན་བཏོན་མེད་པ་དང། དམངས་གཙོ་བརྩད་ན་རང་སྐྱོང་སྐོར་གྲོས་མོལ་གནང་དཀའ་ཚུལ་སོགས་མདོར་ན་དམངས་གཙོ་མི་དགོས་པའི་རང་སྐྱོང་ཞིག་ཡིན་པའི་རྟོག་འཆར་ཞིག་གྲོས་ཚོགས་ར་བ་ནས་མང་ཚོགས་ཁྲོད་བསྒྲགས་པས་བདག་གིས<རང་སྐྱོང་བསམ་འཆར>གང་དེ་དམངས་གཙོའི་ངོ་བོ་ཅན་ཞིག་ཡིན་པའི་རྒྱུ་མཚན་གཙོ་བོ་འགའ་འདིར་སླར་ཡང་རགས་བསྡུས་སུ་འགོད་དགོས་པར་མཐོང་ངོ།

    (<བོད་ཀྱི་དུས་བབ>དྲ་ངོས་སུ་བཀོད་པ་དེར་སླར་ཡང་ཁ་སྣོན་ཅུང་བྱས་སོ།)

 

    ཀ༽དབུ་མའི་ལམ་ནི་དམངས་གཙོའི་སྙིང་པོ་ཅན་གྱི་རང་སྲིད་རང་སྐྱོང་ཞིག་ཡིན་པ།

 

 ཁོང་གིས་ད་བར་དུ་དམངས་གཙོ་ལེགས་བཅོས་ཀྱིས་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་དེ་དམངས་གཙོའི་ལམ་སྲོལ་ཡང་དག་ཅན་ཞིག་ཡོང་རྒྱུར་གོམ་པ་རིམ་བགྲོད་ཀྱིས་བཅའ་ཁྲིམས་བཟོ་བཅོས་ཀྱིས་མཚོན་པའི་ཕྱག་ལེན་དུ་མ་ཞིག་གནང་བ་དང་འབྲེལ་བཀའ་སློབ་ཡང་དུ་མ་ཞིག་ཡོད་པ་ལས་དཔེར་མཚོན་གཅིག་རང་འདིར་འགོད་ན།

    "་་་་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་བའི་དགོས་དམིགས་གཙོ་བོ་ནི་མང་ཚོགས་ཀྱི་ཕུགས་བསམ་མང་ཚོགས་རང་ཉིད་ཀྱི་བསྒྲུབ་རྒྱུའི་འགན་དབང་འཁྱེར་ཐུབ་པའི་མང་ཚོགས་ཚད་ལྡན་ཞིག་བསྐྲུན་ཏེ་བོད་དོན་བདེན་མཐའ་མ་གསལ་བར་བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱི་ལས་དོན་ཐོག་ལྷོད་གཡེང་དང་འཐུས་ཤོག་མི་འབྱུང་པ་དང་། བོད་དོན་བདེན་མཐའ་གསལ་བའི་རྗེས་སུའང་མང་གཙོའི་ལམ་སྲོལ་གྱི་ཉམས་མྱོང་གི་སྐྱེས་བཟང་འབུལ་བའི་ཆེད་ཡིན་པ་་་་"ཞེས་སྐབས་བཅུ་བཞི་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དང་པོར་བསྩལ་བའི་གསུང་འཕྲིན་དུ་གསལ་བ་བདག་གི་སེམས་སུ་ད་དུང་ངེས་སོ།

    དེ་བཞིན་དུ དབུ་མའི་ལམགྱི་ཤིང་རྟ་བ་ཆེན་མོ་བཀའ་ཁྲི་ཟུར་བ་ཟམ་གདོང་བ་རིན་པོ་ཆེསདབུ་མའི་ལམགྱི་དགོངས་དོན་ལ་དམིགས་བསལ་ཁྱད་ཆོས་བཞི་ཚང་དགོས་པའི་ནང་གི་ཆབ་སྲིད་ལམ་སྲོལ་གྱི་ཆ་ནས་གང་འདྲ་ཞིག་ཡོད་དགོས་པའི་ཐད་ལ།

    “ཕྱི་ལོ་༡༩༥༩་སྔོན་གྱི་གཞུང་དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་སྐྱོང་སྟངས་ཀྱི་ལམ་སྲོལ་དེ་མཐའ་གཅིག་རེད། ད་ལྟ་རྒྱ་ནག་དང་བོད་ནང་གུང་བྲན་ཚོགས་པས་དབང་ཆ་ཚང་མ་གཅིག་སྡུད་དང།   དེའི་ནང་ནས་མི་གཅིག་གིས་གཅིག་སྡུད་དབང་འཛིན་གྱིས་འཛིན་སྐྱོང་བྱེད་པ་དེ་མཐའ་གཞན་པ་དེ་རེད། མཐའ་དེ་གཉིས་དང་མི་མཐུན་པར། ཁྲིམས་བཟོ་དང།  འཛིན་སྐྱོང།  ཁྲིམས་ལུགས་དབང་འཛིན་གསུམ་སྡེ་ཚན་ཐ་དད་དུ་ཕྱེ་བ་དང། དེ་རྣམས་མང་ཚོགས་ཀྱིས་མང་མོས་འོས་འདེམས་ཀྱི་ཐོག་ནས་ཡོང་དགོས་པའི་མང་གཙོའི་རིང་ལུགས་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་ཡོད་པ་དེ་ཆབ་སྲིད་ལམ་སྲོལ་གྱི་ཆ་ནས་དབུ་མའི་ལམ་དེ་རེད། ཅེས་ཧ་ཅང་གསལ་བར་གདམས་ཡོད། དེ་བས་ཁོང་ཉིད་ཀྱིས་གཙོ་འགན་བཞེས་པའི་བཀའ་ཤག་གི<རང་སྐྱོང་བསམ་འཆར>དེ་ཡང་མང་གཙོའི་ལམ་ལུགས་དེ་ལྡན་ཞིག་ཡིན་དགོས་པ་བཤད་ཅི་ལ་དགོས།

 

    ཁ༽ང་ཚོའི་བཅའ་ཁྲིམས་ཀྱི་ངོས་ནས་ཀྱང་མ་འོངས་བོད་དེ་དམངས་གཙོའི་ལམ་ལུགས་ཅན་གྱི་སྤྱི་ཚོགས་ཤིག་ངེས་པར་ཡིན་དགོས་པ་བསྟན་ཡོད།

 

    བཅའ་ཁྲིམས་ཀྱི་དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་ དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ། ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང༌། ཞེས་བཀོད་ཡོད། དོན་ཚན་འདིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཙམ་གྱི་ཆབ་སྲིད་རང་བཞིན་ལས་འདས་ཏེ་གཙོ་བོ་མ་འོངས་པའི་བོད་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ངོ་བོ་གསལ་སྟོན་བྱས་ཡོད་པས་<རང་སྐྱོང་བསམ་འཆར>དེའང་བཅའ་ཁྲིམས་ཀྱི་གཞི་རྩའི་ལམ་སྟོན་འདི་ལས་འདའ་མི་འོས་སོ།

 

    ག༽རང་སྐྱོང་བསམ་འཆར་གྱི་གཞི་འཛིན་ས་ཀྲུང་གོའི་རྩ་ཁྲིམས་ཀྱི་ངོས་ནས་ཀྱང་དམངས་གཙོའི་རང་སྐྱོང་ཅན་ཞིག་ཡིན་དགོས་པ་གསལ་ཡོད།

 

    ཀྲུང་གོ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་རྩ་ཁྲིམས་ཀྱི་དོན་ཚན་དང་པོར་གཏན་ལ་ཕབ་ཡོད།

    ད་དུང་དོན་ཚན་གཉིས་པར། རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་མི་དམངས་ཀྱི་ཡིན་པ་དང། མི་དམངས་ཀྱིས་དབང་ཆ་སྤྱོད་པའི་ལས་ཁུངས་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ཡིན་པ་བཀོད་ཡོད།

    དོན་ཚན་གསུམ་འི་ནང་ལ་རྒྱལ་ཁབ་ཀྱི་སྒྲིག་གཞིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བྱ་རྒྱུ་བཤད་ཡོད།

    དོན་ཚན་རེ་གཉིས་པ་སོགས་སུ་གྲོས་ཚོགས་ལ་ཁྲིམས་བཟོའི་དབང་ཆ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཙོ་གཞོན་འདེམས་བསྐོ་དང་དེ་དག་གནས་དབྱུང་གཏོང་བའི་དབང་ཚད་སོགས་ཡོད་པ་བཀོད་ཡོད།

    ལེའུ་གཉིས་པར། རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དང། མི་དམངས་ལ་འདེམས་བྱེད་དང་གདམ་བྱའི་ཐོབ་ཐང་ཡོད་པ། གཏམ་བརྗོད་དང། དཔེ་སྐྲུན། ཚོགས་འཛུགས། རྔམ་སྟོན་ཁྲོམ་སྐོར། ཆོས་ལུགས་དད་མོས་སོགས་ཀྱི་རང་དབང་ཡོད་པ་བཀོད་ཡོད།

    གོང་གསལ་འདི་ཙམ་གྱིས་ཀྱང་རྩ་ཁྲིམས་ཀྱི་ངོ་བོ་དམངས་གཙོའི་རང་བཞིན་ཅན་ཡིན་པ་མཚོན་ཐུབ། དེ་བས་སྤྱི་ཚོགས་རིང་ལུགས་དེ་དམངས་གཙོའི་སྲིད་དབང་ཅན་ཞིག་ཡིན་དགོས། སྤྱི་ཚོགས་རིང་ལུགས་དང་དམངས་གཙོ་གཉིས་འགལ་བར་གྱུར་བ་ཞིག་གཏན་ནས་མིན། མར་ལེའི་དགོངས་པ་དངོས་ལྟར་ན་སྤྱི་ཚོགས་རིང་ལུགས་དེ་དམངས་གཙོ་རིང་ལུགས་ལས་ཚད་མཐོ་དགོས།

    ད་དུང་དོན་ཚན་༡༡༢ པར། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ཡིན། ཞེས་པ་འདིས་མི་རིགས་ས་གནས་རང་སྐྱོང་དག་ནི་དམངས་གཙོའི་ལམ་སྲོལ་ཅན་ཡིན་པ་བསྟན་ཡོད་པས། ང་ཚོའི་རང་སྐྱོང་བསམ་འཆར་དེ་དམངས་གཙོ་མ་ཡིན་པའི་རང་སྐྱོང་ཞིག་ཡིན་སྙམ་པ་ནི་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རང་བཞིན་ཧ་མ་གོ་བའི་རྨོངས་འཆར་ཙམ་མོ།

 

    ང༽<རང་སྐྱོང་བསམ་འཆར>ནང་ལ་དམངས་གཙོའི་ལམ་ལུགས་ཀྱི་གྲུབ་ཆ་ཚང་དགོས་པ་བསྟན་ཚུལ།

 

   "མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པའི་ནང་བོད་མིར་སོ་སོའི་དགོས་མཁོ་དང་ཁྱད་ཆོས་དང་འཚམས་པའི་ས་གནས་གཞུང་དང་། གཞུང་གི་སྒྲིག་འཛུགས་ཁག དེ་བཞིན་ལམ་ལུགས་བཅས་བཟོ་རྒྱུའི་ཐོབ་ཐང་ཡང་ཚུད་ཡོད། རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་ནང་ཁུལ་གྱི་གནད་དོན་ཚང་མའི་༼རང་སྐྱོང་གི་གནད་དོན་གོང་དུ་གསལ་བ་རྣམས་ལ་གོ༽ཐོག་ཁྲིམས་བཟོ་རྒྱུའི་དབང་ཆ་དང་། རང་སྐྱོང་གཞུང་གི་ལས་ཁུངས་ལག་བསྟར་དབང་ཆ་དང་རང་དབང་གི་སྒོ་ནས་ཐག་གཅོག་བྱེད་རྒྱུའི་དབང་ཆ་ཡོད་དགོས་པ་ཡིན།"ཞེས་བཀོད་པ་འདི་དམངས་གཙོའི་ལམ་ལུགས་མཐོ་ཚད་ཅིག་ཡིན།

    དེ་བས<རང་སྐྱོང་བསམ་འཆར>ནང་ལ་དམངས་གཙོའི་དགོས་འདུན་དངོས་སུ་བཏོན་མེད་པ་ཙམ་གྱིས་དམངས་གཙོ་མི་དགོས་པར་སྒྲུབ་ཐབས་མེད་ལ། <རང་སྐྱོང་བསམ་འཆར>གྱི་ཕྱོགས་ངོས་དུ་མ་ནས་དོན་གྱིས་དམངས་གཙོའི་ངོ་བོ་ཅན་དུ་གྲུབ་ཡོད་པས་དམངས་གཙོའི་རིང་ལུགས་ལག་ལེན་བསྟར་རྒྱུའི་དགོས་འདུན་དམིགས་བསལ་དུ་འདོན་དགོས་གལ་མེད་དོ།

 

    དེ་ཡང་གོ་བདེ་བོར་བཤད་ན། <རང་སྐྱོང་བསམ་འཆར>ནང་ལ་གཤམ་གསལ་དམངས་གཙོའི་ཁྱད་ཆོས་གལ་ཆེན་འགའ་ལྡན་པ་ཞིག་ཡིན།

    ༡༽སྨྲ་བརྗོད་རང་དབང། གསར་འགོད་དང་རྩོམ་འབྲིའི་རང་དབང། ཆོས་ལུགས་དད་མོས་ཀྱི་རང་དབང་སོགས་ལྡན་དགོས།

    ༢༽སྐད་ཡིག་གིས་གཙོས་པའི་བོད་ཀྱི་རིག་གཞུང་དར་སྤེལ་གྱི་དབང་ཚད་ཡོད་དགོས།

    ༣༽བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་དབང་ཚད་ཀྱང་གང་འཚམ་ལྡན་དགོས།

    ༤༽གཞི་རིམ་མང་ཚོགས་ཀྱི་མང་མོས་འོས་འདེམས་རང་དབང་ངེས་པར་དུ་དགོས།

    ༥༽མི་དམངས་ཀྱིས་ཐད་ཀར་འོས་འདེམས་གནང་བའི་སྤྱི་འཐུས་ལྷན་ཚོགས་དགོས།

    ༦༽སྤྱི་འཐུས་ལྷན་ཚོགས་ལ་རང་སྐྱོང་ཁྲིམས་སྲོལ་གཏན་འབེབས་སོགས་ཀྱི་དབང་ཚད་ལྡན་དགོས།

    ༧༽རང་སྐྱོང་དབུ་ཁྲིད་དང་པོ་(སྲིད་སྐྱོང) མི་དམངས་ཀྱིས་འོས་འདེམས་བྱེད་དགོས།

    ༨༽འཛིན་སྐྱོང་ལས་ཁུངས་དང་ཁྲིམས་ཞིབ་ཁང་གི་དབུ་ཁྲིད་གཙོ་གཞོན་རྣམ་པ་སྤྱི་འཐུས་གྲོས་ཚོགས་བརྒྱུད་དེ་གཏན་ལ་འབེབས་དགོས།

    ༩༽གོང་གསལ་འཛིན་སྐྱོང་དེ་ཡང་ཆོལ་ཁ་གསུམ་ཡོངས་སུ་ཁྱབ་པ་ཞིག་ཡིན་དགོས།

    ༡༠༽དུས་ནམ་ཡང་དབུས་གཞུང་ནས་རང་སྐྱོང་གི་ནང་སྲིད་་ཐད་ཀར་བཀའ་བཀོད་བྱེད་མི་ཆོག་པ་བཅས་ཀྱི་ཆ་རྐྱེན་དེ་དག་མ་ཚང་བའི་རང་སྐྱོང་ཞིག་ང་ཚོར་དགོས་དོན་མེད། དེ་དག་ཡོངས་སུ་ལྡན་ན་དེ་ནི་དམངས་གཙོའི་ལམ་ལུགས་ཅན་གྱི་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡིན་ནོ།

 

    གལ་ཏེ་<རང་སྐྱོང་བསམ་འཆར>འདི་འདྲ་ཞིག་རྒྱ་གཞུང་གིས་ངོས་ལེན་གནང་ཚེ་ང་ཚོར་སྤྱིར་བཏང་གི་མི་རིགས་རང་སྐྱོང་ཙམ་ཞིག་ལས་འདས་ཏེ་མི་རིགས་རང་བདག་གི་དམངས་གཙོའི་སྤྱི་ཚོགས་ཤིག་ཀྱང་ཐོབ་ཡོད། དཔེར་ན་ད་ལྟའི་བཙན་བྱོལ་སྒྲིག་འཛུགས་འདི་ལྟ་བུའོ། དེ་བས། རང་བཙན་ཐོབ་ན་མ་གཏོགས་དབུ་མའི་ལམ་གྱི་དགོངས་དོན་རང་སྐྱོང་ལམ་ལུགས་འདིས་མི་རིགས་རང་སྐྱོང་ཚད་ལྡན་ཞིག་སྐྱོང་མི་ཐུབ་པར་འདོད་པའི་རྣམ་རྟོག་རིགས་ཀྱང་ཞོར་དུ་ཞི་བའི་རེ་བ་ཡོད་དོ།

ཅ༽གནད་དོན་ཀུན་སེལ་གྱི་ཐབས་མཆོག་དམངས་གཙོ།

 

    “ནད་བརྒྱ་ལ་ཕན་པའི་སྨན་ཞིག་ཡོད་པ་རེད། སྨན་དེ་ག་རེ་ཆགས་ཀྱི་ཡོད་པ་རེད་ཅེ་ན། རྒྱ་ནག་དམངས་གཙོ་ཆགས་པ་ཡིན་ན་གནད་དོན་མང་པོ་ཞིག་རང་བཞིན་གྱིས་སེལ་འགྲོ་བ་རེད། ཅེས་པའི་ཡིད་བཞིན་ནོར་བུའི་མན་ངག་འདི་ང་ཚོའི་སེམས་ལ་བཅངས་ཏེ། རྒྱ་ནག་གིས་རང་ལ་ཡོད་པའི་དམངས་གཙོའི་ཆ་ཤས་ཚང་མ་ལག་བསྟར་ཡང་དག་གནང་དགོས་པར་མ་ཟད་དམངས་གཙོ་ཚད་མཐོར་གཏོང་དགོས་པར་སྐུལ་འདེད་བྱེད་རྒྱུ་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་མངོན་འདོད་དང་མཐུན་པའི་བྱ་བ་བཟང་པོ་ཞིག་ཡིན། གནད་དོན་མཐའ་དག་སེལ་ནུས་ཀྱི་ཐབས་མཆོག་དམ་པ་དེ་ལགས་སོ།

    མཐའ་དོན། ང་ཚོ་དམངས་གཙོ་གལ་ཆེ་ཤོས་ཀྱིས་བོད་དོན་འཐབ་རྩོད་བྱེད་མཁན་གྱི་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་དང་ལྷག་པར་རྒྱ་ནག་གི་མི་རིགས་རང་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་འདི་དག་དམངས་གཙོ་ཚད་ལོངས་ཤིག་མེད་པའི་གནད་དོན་ཡིན་པ་ཤེས་བཞིན་དུ་དམངས་གཙོ་རྩོད་མི་དགོས་པའམ་རྩོད་མི་འོས་པ་ཞིག་ཡིན་པར་དགོངས་པ་ནི་བདེན་དོན་འཐབ་རྩོད་ཀྱི་གཞི་རྩའི་ཐབས་ཚཱུ་ནོར་བའོ།

    དེ་བས་དམངས་གཙོའི་ཀ་བ་གསུམ་ལྡན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས། ང་ཚོས་དམངས་གཙོའི་དགོས་འདུན་ཞུ་གིན་མེད་དང། ལྷག་པར་རང་སྐྱོང་བསམ་འཆར་ནི་དམངས་གཙོ་མི་དགོས་པ་ཞིག་ཡིན་ཚུལ་ནམ་ཡང་མ་གསུང་རོགས། དེ་ཆེས་མི་འོས་པ་ཞིག་ཡིན་པར་མ་ཟད་བོད་དོན་རྒྱབ་སྐྱོར་བའི་ཐད་ནས་ཀྱང་སྐྱོན་ཡོང་གཞི་ཞིག་རེད་ཅེས་ཞུ་འདོད་བྱུང་།

   མདོར་ན། དམངས་གཙོ་མེད་ན་ཅི་ཡང་འཐོབ་དཀའ་ལ། དམངས་གཙོ་ཡོད་ན་ཅི་ཡང་འཐོབ་སྲིད་པའི་གནས་ལུགས་འདི་ཚང་མའི་ཐུགས་ལ་འཇགས་པར་འཚལ་ལོ།།

 

སླར་སྨྲས་པ།

ཀྲུང་གོའི་རྩ་ཁྲིམས་རང་གི་བཅའ་ཁྲིམས་དང། དབུ་མའི་ལམ་གྱི་དབུ་ཁྲིད་མཆོག་དག་གི

རང་སྐྱོང་ངོ་བོ་དམངས་གཙོ་ཡིན་ངེས་ན། དམངས་གཙོ་མི་རྩོད་མི་དགོས་མ་གསུངས་ཀྱེ།

 

༢༠༡༣།༡༠།༢༠ ལ་སྦྱར་བར་སླར་ཡང་ཁ་གསབ་འགའ་བྱས་པའོ།།

             

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php