༄༅། །བག་ཆགས་ཀྱི་འཕག་འཚག

 

 

གླེང་སློང

 

          མི་རིགས་འདི་ལ་ལར་ཞེན་དང་ཤ་ཚ་ཅན་མང་པོས་སྤོབས་པ་ཆེན་པོས་བསམ་ཚུལ་གླེང་སློང་དང༌། ཤེས་འཇོན་དཔུང་ཤེད་ངོམ་པའི་སྟ་གོན་ལ་རྩོམ་པའི་སྐབས་འདིར་རུ་དཔུང་དེ་དག་གི་གྲལ་དུ་ཨུ་ཚུགས་ཀྱིས་འཚང་འདོད་པ་ཁོ་བོས་ཀྱང་ལྟ་ཚུལ་རེ་གཉིས་རེ་གླེང་སྟེགས་ཀྱི་ཁྲོམ་རར་བཤམས་པ་འདི། སུ་ཞིག་གི་ལྟ་བར་རྒྱབ་གནོན་དང་གང་ཞིག་གི་འདོད་ཚུལ་ལ་ངོ་ཡ་བྱས་པ་གཏན་ནས་མིན་པར་དུས་རབས་ཤིག་གི་དགོས་མཁོའམ་མི་རིགས་ཤིག་གི་དེ་རིང་དང་སང་ཉིན་གྱི་ལས་སྐལ་གསར་བར་བསམ་གཞིགས་བྱས་པའི་ཁུལ་ཡིན་པ་ནི་ཐོག་མ་ནས་སེམས་ལ་འཛིན་རོགས་ཞུའོ།

          ང་ཚོ་གངས་ཅན་པ་རྣམས་དུས་རབས་གསར་བའི་ལོ་རྒྱུས་འཕེལ་རྒྱས་ཀྱི་དཔྱིད་མགོ་ཚེས་པ་དང་མཉམ་དུ་རྒྱ་ནག་དམར་པོའི་བཙན་འཛུལ་གྱི་སྒྱོགས་ཆེན་ཞིག་གིས་ཡོད་ཚད་གཏོར་ཤིག་བཏང་བའི་དགུན་ཁ་ཞིག་མི་འདོད་བཞིན་སླེབས། དེ་བས་ང་ཚོའི་ཁ་སང་གི་ཕམ་པའི་ངོ་གདོང་དེ། དེ་རིང་ད་དུང་ཡང་འཛུམ་མདངས་མེད་པའི་སྐྱོ་གདོང་ཞིག་ཡིན་པ་ང་ཚོ་རང་ཉིད་ཙམ་མིན་པར་རྒྱལ་སྤྱིའི་སྤྱན་གྱིས་ཀྱང་མཐོང་བཞིན་ཡོད། ང་ཚོར་ཆབ་སྲིད་ཀྱི་ཁེ་དབང་མེད་པས་ཁེ་ལས་ཡོད་ཚད་ཀྱི་སྒོ་མོ་བརྒྱབ་པ་མིན་ན་ཡང། མིའི་རིགས་ཀྱི་འཚོ་བའི་ཁོར་ཡུག་ཡངས་པོའི་གྲུ་ཟུར་ཅིག་ཏུ་ཕུད་པ་ཡིན་པ་ནི་ཆབ་སྲིད་ཀྱི་སྤྱན་ལྡན་ཀུན་གྱིས་མཐོང་ངེས། དེ་བས་མིའི་རིགས་ཧྲིལ་བོས་དེང་རབས་ཀྱི་འཚོ་གནས་གསར་བའི་གཞུང་ལམ་བཟོ་སྐྲུན་ཁོ་ན་ལ་ཤི་འཐབ་རོ་འཐམ་བྱེད་ཀྱིན་པའི་དུས་འདིར་ང་ཚོར་ལས་སྐལ་བཟང་བོ་དེའི་སྐལ་ཆད་ཡོད་པས་ཁོ་ཚོར་མིག་ཅེར་ནས་འགྲམ་ཆུ་ལྡང་བཞིན་སྡོད་དགོས་པ་ཞིག་ཆགས་ཡོད་ན་ཡང། ང་ཚོས་རང་ཉིད་མ་ཤི་བར་འཚོ་སྡོད་ཐུབ་ཙམ་གྱི་ཆེད་དུ་རྐང་གཡུག་ལག་གཡུག་གི་འཕག་འཚག་ཆད་མྱོང་མེད། གལ་ཏེ་ང་ཚོས་འཕག་འཚག་བརྒྱབ་མེད་ན་ང་ཚོས་དེ་རིང་གི་ཞོགས་ཀ་གསར་བ་འདིར་འཚོ་གནས་གསར་བའི་སྐོར་གླེང་བའི་ལྕེ་རྩེ་འདི་གང་ནས་ཐོབ།

          བོད་མི་རིགས་ནི་མ་ཤི་བར་འཕག་འཚག་རྒྱག་ཐུབ་མཁན་གྱི་མི་རིགས་ཤིག་རེད། ང་ཚོར་ཁོར་ཡུག་གི་བཙིར་གནོན་ཆེན་པོ་ཞིག་ཡོད་བཞིན་དུ་ཡང་རང་གི་ཡན་ལག་རྐྱོང་སྐུམ་ཐུབ་ཀིན་ཡོད། ང་ཚོས་དཔལ་འབྱོར་གྱི་ལག་པ་གཡུག་གིན་ཡོད་ལ་ཆབ་སྲིད་ཀྱི་རྐང་བ་ཡང་གཡུག་གིན་ཡོད། འོན་ཀྱང་ཆབ་སྲིད་ཀྱི་རྐང་པ་ཐུང་དྲགས་པའམ་ལམ་ག་དོག་དྲགས་པས་ང་ཚོའི་ལག་པ་ཅི་ཙམ་རིང་ཡང་ས་མཚམས་དེ་ཙམ་ལས་བརྒལ་མི་ཐུབ། ཧི་མ་ལ་ཡའི་ཕར་རྒྱབ་ན་ཡོད་པ་ཚོས་ལག་པ་ལས་རྐང་པ་དེ་ཙམ་གཡུག་ཐུབ་ཀྱིན་མེད་ལ། ཧི་མ་ལ་ཡའི་ཚུར་རྒྱབ་ཀྱི་བྱེས་འཁྱམ་པ་ཚོས་རྐང་པ་ལས་ལག་པ་དེ་ཙམ་གཡུག་ཐུབ་ཀྱིན་མེད། ནམ་ཞིག་ང་ཚོས་ཅི་དགར་ཡོད་དགུ་རྩལ་སྤྲུགས་ཀྱིས་རྐང་ལག་གཡུག་སྐྱོམ་ཐུབ་པའི་དུས་དེ་ནས་བཟུང། ད་གཟོད་ང་ཚོས་དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་དམ་བཅའ་ངོ་མ་དེ་འཇོག་ཐུབ་ལ་ཁ་གཡང་གསར་བའི་མཆོད་བརྗོད་ཀྱང་བྲིས་ཆོག

          ང་ཚོས་མུ་མཐུད་དེ་ཧི་མ་ལ་ཡའི་ཕར་ཚུར་ནས་རྐང་པ་གཡུག་དགོས། མི་ཚེའི་འགྲུལ་བཞུད་ཁྲོད་དུ་རྐང་པ་མེད་ན་གང་དུ་ཡང་མི་སླེབས། རྐང་པ་མེད་པའི་ལག་གཡུག་ནི་སློང་མོ་བ་ལས་ཀྱང་ཐུ། དེས་ལྟོགས་སྐོམ་ཙམ་ཡང་སེལ་དཀའ། དེ་བས་ང་ཚོར་རྐང་པ་གཙོ་བོ་ཡིན། བཙན་འཛུལ་གྱི་སྒྱོགས་ཆེན་གྱིས་ང་ཚོའི་རྐང་པ་བཅད་པ་ནས་བཟུང། ང་ཚོ་ཡུན་རིང་བོར་རང་གི་སྒོ་འགྲམ་ཁོ་ནར་ཉལ་ནས་ལག་གཡུག་ཁོ་ན་བྱས། འདི་ནི་གསོན་ཐབས་ཁོ་ནའི་ཆེད་ཙམ་ལས་གང་ཡང་མིན། ད་ལྟ་ང་ཚོར་རང་ཉིད་གསོན་ཐབས་ཙམ་གྱིས་མི་ཆོག་པའི་ཧམ་སེམས་གཞན་ཞིག་སྐྱེ་གིན་ཡོད། འདི་ནི་ཧི་མ་ལ་ཡའི་ཚུར་རྒྱབ་འདིར་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་འཁྱམ་པོ་འགའ་ཞིག་གིས་རྐང་པ་གཡུགས་པའི་རྩལ་ཤུགས་ཏེ་བོད་དོན་གྱི་ལྒང་ལི་རྒྱལ་སྤྱིའི་འགྲན་སྡུར་གྱི་རྩེད་ཐང་དུ་གཡུགས་ཐུབ་པས་ཡིན། ང་ཚོར་རླབས་ཆེན་གྱི་ལམ་སྟོན་པ་ཞིག་ཡོད་པས་ང་ཚོས་ཁོང་གི་རྗེས་སུ་འབྲངས་ཏེ་རྒྱང་བཞུད་ཀྱི་གོམ་མཚམས་འཇོག་གིན་མེད་ན་ཡང་རྒྱང་རིང་གི་ཕུགས་འདུན་སྒྲུབ་པའི་ནུས་པ་ཉམ་ཆུང་ཡིན། གང་ལྟར་རྒྱལ་སྤྱིའི་སྤྱན་གྱིས་ང་ཚོ་གཟིགས་ཐུབ་ཀིན་ཡོད་ལ། སྤུན་ཟླ་མི་རིགས་མང་པོས་ང་ཚོར་རྐང་པ་གཡུག་རོགས་དང་མཉམ་དུ་ལག་པ་གཡུག་རོགས་ཀྱང་བྱེད་ཀིན་ཡོད། འདི་ནི་ང་ཚོའི་རེ་བའི་ཆ་ཤས་གཙོ་བོ་ཤིག་ཀྱང་རེད།

          ང་ཚོའི་འཚོ་གནས་ཀྱི་གནས་སྟངས་འདི་ལ་གཞིགས་ནས་ང་ཚོའི་སྐབས་སུ་བབ་པའི་འོས་འགན་གཙོ་བོ་གང་ཡིན་དང་ཕལ་བ་གང་ཡིན་མ་ནོར་བ་བྱེད་དགོས། ལ་ལས་མི་རིགས་ཤིག་གི་བླ་སྲོག་ནི་རང་གི་རིག་གཞུང་ཁོ་ན་ཡིན། དེ་མ་བརླགས་པར་ཉར་ཚགས་བྱ་རྒྱུ་འདི་མི་རིགས་ཀྱི་སྲོག་སྐྱོབ་ཡིན་ཟེར། འགའ་རེས། རིག་གཞུང་རྙིང་པས་བསླད་པའི་བག་ཆགས་རྙིང་པ་གཏོར་དགོས་པ་འདི་མི་རིགས་ཤིག་གི་འཚོ་གནས་ཀྱི་རྩ་གནད་ཡིན་ཟེར། ཁ་ཤས་ཀྱིས། ཆབ་སྲིད་ཀྱི་རང་དབང་བརྩོན་རྒྱུ་ཁོ་ན་མི་རིགས་ཀྱི་མཐར་ཐུག་གི་ཁེ་ཕན་ཡིན་ཟེར། ཡང་ལ་ལས། ཚན་རིག་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་འདི་བདེ་སྐྱིད་ཀྱི་གཞི་རྩ་ཡིན་ལུགས་མང་པོ་བརྗོད། ལྟ་བ་གཙོ་བོ་འདི་བཞི་ལས་དང་པོ་གཉིས་ནི་འགལ་བར་གྱུར་བའི་ལྟ་ཚུལ་རེ་རེ་ཡིན་ལ། ལྷག་པར་ལྟ་ཚུལ་གཉིས་པ་དེ་ང་ཚོར་ཕོག་ཐུག་ཆེ་བའི་བསམ་ཚུལ་གསར་བའི་གྲས་ཤིག་ཡིན་པས་ང་ཚོས་ང་ཚོའི་ཆེད་དུ་བླླང་དོར་མ་ནོར་བ་ཞིག་ཇི་ལྟར་བྱེད་རྒྱུར་བསམ་གཞིགས་ཡང་ཡང་བྱེད་འོས།

          དེ་རིང་གི་ང་ཚོས་རིག་གཞུང་རྙིང་པའི་བག་ཆགས་ཀྱི་འཕག་འཚག་རྒྱག་གིན་ཡོད་ལ། རིག་གསར་བག་ཆགས་ཀྱི་འཕག་འཚག་ཀྱང་རྒྱག་གིན་ཡོད། ལྷག་པར་ཆབ་སྲིད་དཔལ་འབྱོར་གྱི་བག་ཆགས་ཀྱི་འཕག་འཚག་ཤུགས་ཆེ་ཙམ་ཡོད། གོང་གི་ལྟ་ཚུལ་དེ་དག་ནི་དུས་རབས་དང་མཐུན་ལ་མི་རིགས་ཤིག་འཚོ་གནས་ཀྱི་གནས་བབ་དངོས་དང་མཐུན་པའི་ལྟ་ཚུལ་རིགས་འགའ་ཡིན་པས་ང་ཚོས་བསམ་ཚུལ་དེ་དག་ལ་ད་དུང་དཔྱད་ཞིབ་དང་འདོར་ལེན་བྱེད་དགོས། དོན་དངོས་ཐོག་བསམ་ཚུལ་དེ་དག་བསམ་ཚུལ་སྟོང་བ་ཙམ་མ་ཡིན་པར་ད་ལྟའི་ལག་ལེན་དངོས་ཀྱི་གནས་ཚུལ་ཞིག་ཀྱང་ཡིན་པས་ང་ཚོ་མི་རེ་རེའམ་ཚོགས་པ་རེ་རེ་ནས་མི་རིགས་ཀྱི་འགན་ཁུར་དང་ལེན་གྱིས་བྱ་བ་ལེགས་པར་སྒྲུབ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་ལས། གཅིག་གཅིག་གི་བསམ་ཚུལ་མ་མཐུན་པ་སོགས་ལ་སྐྱོན་བརྗོད་ཁོ་ནས་ཉི་མ་ཕུད་ན་ཕན་ཐོགས་གང་ཡང་མེད།

          འགྲོ་བ་མིའི་འཚོ་གནས་ཟེར་བ་འདི་ཧ་ཅང་རྒྱ་ཆེ་ལ་འཚོ་གནས་འཕེལ་རྒྱས་གཏོང་བའི་འདོད་ཧམ་ལ་ནམ་ཡང་ཚིམ་པ་མེད། དེ་བས་རིག་གནས་ཕྱོགས་རེ་བ་དང་ལྟ་བ་གཅིག་ཁོ་ནས་དུས་ནམ་ཡང་མིའི་རིགས་ཀྱི་རེ་བ་བསྐང་ཐབས་མེད། ཁྱེད་ལ་མི་མཁོ་བ་དེ་ང་ལ་མཁོ་བ་དང། ང་ལ་མཁོ་བ་གང་ཁྱེད་ལའང་མཁོ་བའི་ངེས་པ་མེད། མི་རིགས་ཤིག་ཡིན་ན་ཡང་དེ་འདྲ་ཡིན་ལ། རྒྱལ་ཁབ་ཅིག་ཡིན་ན་ཡང་དེ་འདྲ་ཡིན། དེ་ཡང་གཙོ་བོ་བསམ་བློའི་དཔལ་ཡོན་གྱི་ཕྱོགས་ནས་ཡིན། དེ་བས་ཁོ་བོས་འདིར་ང་ཚོའི་ཆབ་སྲིད་ཀྱི་ཁེ་དབང་བརྩོན་ལེན་སྐོར་དང་རིག་གཞུང་རྙིང་པའི་བག་ཆགས་གསོ་སེལ་སྐོར་གཉིས་འགངས་ཆེར་བརྩིས་ནས་བསམ་ཚུལ་འགའ་གླེང་ན་འདོད། །

 

གཅིག རིག་གནས་བག་ཆགས་ཀྱི་འཕག་འཚག

 

          བག་ཆགས་ནི་བག་ཙམ་བག་ཙམ་རེ་བགས་ཀྱིས་ཡུན་རིང་བསགས་ཉར་གྱིས་ཆགས་པའི་སེམས་ཀྱི་ཡོན་ཏན་ཡིན། སེམས་ཀྱི་ཤེས་རིག་གི་གཏེར་མཛོད་ཡིན། བག་ཆགས་ག་ཚོད་ཀྱིས་ཕྱུག་པའི་མི་ལ་དེ་ཙམ་གྱིས་སེམས་ཁམས་ཀྱི་ནུས་པ་འཛོམས་པོ་ཡོད། རྣམ་དཔྱོད་ཀྱི་རྩལ་ཤུགས་རྒོད། སེམས་སྟོབས་ཀྱི་ནུས་པ་ཆེ། འཇོན་ཐང་གི་ལག་རྗེས་མང་བ་སྟེ། མདོར་ན། དབང་བོ་རྣམ་ལྔའི་བེད་སྤྱོད་ཀྱི་མཐུ་སྟོབས་གཞན་ལས་ལྷག་པ་ཡོད་པས་གཞན་ལས་འཕག་འཚག་གི་ནུས་པ་ཡང་ཤུགས་ཆེ། སྲོག་ཆགས་གཞན་ལས་མིའི་ནུས་པ་ཆེ་བ་འདི་ཡང་བག་ཆགས་ཀྱི་དབུལ་ཕྱུག་ལས་བྱུང་བ་ཞིག་ཡིན།

          ང་ཚོས་ནམ་རྒྱུན་བཤད་ཀིན་ཡོད་པ་དང་བྱེད་ཀིན་ཡོད་པའི་རིག་གཞུང་རྙིང་པའམ་སྲོལ་རྒྱུན་རིག་གནས་དེ་ནི་སྦྲང་དཀར་རྩམ་པ་བཞིན་དུ་མགོ་ནག་རྩམ་གཟན་ཚང་མས་དགའ་མོས་བྱེད་ས་དང་ཚང་མར་བསམ་བློ་དང་འབྲེལ་བའི་ཆ་ནས་ཕན་ཐོགས་ཀྱང་ཆེན་པོ་ཡོད་པ་ཞིག་ཡིན། གལ་ཏེ་ཕན་མེད་གནོད་བྱེད་ཅིག་ཡིན་ན་དང་པོར་བོད་དུ་བཙན་གྱིས་སྤེལ་བའི་དཀའ་ངལ། བར་དུ་ལོ་པཎ་དུ་མས་སྒྱུར་འཆད་སྒྲུབ་པའི་ཐུགས་ལས། ད་བར་བོད་མིས་སྲོག་བཞིན་སྲུང་ཞིང་སྤེལ་བའི་འགྲོ་གྲོན་ཆེན་པོ་འདི་འདྲ་ཞིག་བཏང་ཡང༌། ད་དུང་ཕངས་སེམས་དང་བློ་འགྱོད་སྤུ་ཙམ་མེད་པ་མ་ཟད་ཡིད་ཆེས་བློས་འགེལ་གྱིས་རིག་གཞུང་འདིའི་ཆེད་དུ་འབད་པའམ་འཚོ་བ་འདི་འདྲ་ཅི་ལ་སྲིད། ལྷག་པར་འཇིག་རྟེན་པ་རྣམས་འདི་ལ་རེ་དགོས་དོན་དང་འདི་ལ་བརྟེན་དགོས་དོན་མེད། གནད་འགག་འདིའི་ཐོག་ནས་ང་ཚོས་ང་ཚོར་རིག་གཞུང་རྙིང་པའི་བག་ཆགས་གཏིང་ཟབ་པ་ཙམ་མ་ཡིན་པར་དེར་ཐུན་མོང་མ་ཡིན་པའི་ཁེ་ཕན་གྱི་ནུས་པ་ཅི་ཞིག་ཡོད་པ་ཡང་ཚོད་དཔག་བྱེད་ཐུབ། འོ་ན་དེའི་ནུས་པ་དེ་གང་ཡིན་ནམ་ཞེ་ན། བག་ཆགས་སྤྲུགས་ནས་མི་ཡལ་བ་ཞིག་འགོས་ཡོད་པ་དེ་ག་རང་ཡང་དེའི་ནུས་པ་ཞིག་མིན་ནམ། ནུས་པ་དེ་འདྲ་ཞིག་ཇི་ལྟར་ཡོད་ཚུལ་ཤེས་དགོས་པ་དེ་ནི་རིག་གཞུང་དེའི་རིན་ཐང་གི་ཚད་གཞི་འཇལ་བྱེད་ཁོ་ན་ཡིན། དེ་ཤེས་བར་བྱེད་པ་ལ་ཐབས་ཤེས་གཉིས་ལས་མེད། གཅིག་ནི་རང་གིས་རིག་གཞུང་དེ་ལག་བསྟར་གྱིས་ཉམས་སད་ལེན་རྒྱུ་དང། གཉིས་ནི་རིག་གཞུང་དེས་འཚོ་མཁན་མི་རྣམས་ཀྱི་འཚོ་གནས་ལ་ཞིབ་འཇུག་མཐིལ་ཕྱིན་བྱ་རྒྱུ་དེ་ཡིན། མིའི་རིགས་ཀྱི་འཚོ་གནས་ནི་སྲོག་ཆགས་གཞན་པའི་འཚོ་གནས་ཏེ་རང་ཁ་གསོ་ཐུབ་ཙམ་དང། འཇིག་རྟེན་འདི་ཉིད་ཁོ་ན་ལས་འཇིག་རྟེན་གཞན་པ་མི་མཐོང་བའམ་མི་དྲན་པའི་འདུ་ཤེས་ཅན་ཞིག་གཏན་ནས་མིན།

          ང་ཚོ་ཚང་མར་ཐུན་མོང་དུ་བག་ཆགས་མཐུག་པོ་རྙིང་དྲི་ཁ་བ་ཞིག་ཡོད་པ་ནི་རང་ཉིད་བདེ་འདོད་དང་སྡུག་བསྔལ་མི་འདོད་པ་འདི་རང་ཡིན། དེས་ན་ང་ཚོས་ཅི་ཞིག་གི་ཆེད་དུ་འབད་ཀིན་ཡོད་པ་ཡང་ཧ་ཅང་གསལ་བོ་རེད། ཅི་ཞིག་བྱེད་ན་ཡང་བསམ་པས་ཐོག་དྲངས་ནས་བྱེད་ཀིན་ཡོད། བདེ་འདོད་ཀྱི་བསམ་བློ་དེས་ང་ཚོ་སྡུག་གི་ལམ་དུ་སྐྱོད་འདོད་ཅིག་ནམ་ཡང་སྐྱེ་རུ་འཇུག་མི་སྲིད། ང་ཚོས་སྡུག་འདོར་བདེ་སྒྲུབ་ཀྱི་ཆེད་དུ་ཇི་སྲིད་འཚོ་བའི་བར་དུ་འབད་པ་བྱེད་ངེས། འོ་ན་ང་ཚོའི་འདོད་པའི་བདེ་བ་དེ་གང་ཡིན་དང་བདེ་བ་ཇི་ལྟར་འཚོལ་བ། བདེ་བའི་ཆེ་ཆུང་སོགས་ང་ཚོ་འགྲོ་བ་མི་རྣམས་ལ་གདམ་ག་གང་མང་བྱེད་རྒྱུ་ཡོད་ན་ཡང། གཟུགས་པོ་བདེ་ཐང་དང་སྣང་བ་སྐྱིད་པོ་དེ་ང་ཚོའི་བདེ་སྐྱིད་མ་རེད་ཅེས་སུས་བརྗོད། འོ་ན་གཟུགས་པོའི་བདེ་ཐང་ནི་གཙོ་བོ་ཕྱིའི་འཇིག་རྟེན་ལ་བརྟེན་པ་དང། སྣང་བ་སྐྱིད་པོ་ཡང་དེར་རག་ལས་ན་ཡང་ནང་བསམ་བློའི་སེམས་ཁམས་ཀྱི་འཇིག་རྟེན་གྱི་རང་བཞིན་ནི་གཞན་ཞིག་ཡིན་པས། གསེར་ཁྲིའི་སྟེང་དུ་བཞུགས་མཁན་གྱི་སྣང་བ་ཡང་གསེར་འོད་འཕྲོ་བ་ཞིག་ཡིན་པའི་ངེས་པ་ཅི་ལ་ཡོད། ང་ཚོར་བསམ་བློའི་འཚོ་བཅུད་ཧ་ཅང་གལ་ཆེ། རིག་གནས་ཀྱི་བག་ཆགས་ཀྱི་འཚོ་བཅུད་དེ་དག་འགྲོ་བ་མི་ལ་ཧ་ཅང་མཁོ་གལ་ཆེ། དེ་འདྲ་མིན་ན་ཆོས་ལུགས་དང་གྲུབ་མཐའ་མང་པོ་འདི་འདྲ་ཞིག་ཡོད་དགོས་དོན་མེད་ལ། ང་ཚོས་མུ་མཐུད་དེ་གྲུབ་མཐའ་གསར་བ་དང་བསམ་བློ་གསར་བ་གཏོང་དགོས་དོན་མེད། ང་ཚོས་དེ་རིང་དང་སང་ཉིན་གྱི་འཚོ་བ་དག་གླེང་དགོས་དོན་ཡང་ཅི། དེ་བས་ང་ཆོས་འདོར་ཐབས་མེད་པ་ནི་འདོད་ཆགས་ཀྱི་བག་ཆགས་ཡིན་ལ། ང་ཚོར་འབྲལ་ཐབས་མེད་པ་ནི་བདེ་འདོད་ཀྱི་བག་ཆགས་ཡིན། ང་ཚོར་མཁོ་བ་ཡང་དེ་ཡིན། དེ་འདྲའི་བག་ཆགས་བཟློག་ཏུ་མེད་པ་ཞིག་ཡོད་པའི་ཐོག་དུས་རབས་ཀྱིས་འཕུད་རྒྱག་བྱེད་ཀིན་ང་ཚོའི་གོམ་པ་ཡང་མདུན་ལ་སྐྱོད་མགོ་ཚུགས་ཡོད་པས་ང་ཚོའི་འཚོ་གནས་ཀྱི་རེ་བ་ཉམས་པ་དང། འཚོ་གནས་ཀྱི་མགོ་མི་ཐོན་པར་རྒྱུད་ཆད་འགྲོ་བའི་སེམས་ཁུར་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ལས་མ་འདས། དེའི་སྒྲུབ་བྱེད་ནི་ཁ་སང་དེ་རིང་གི་གྲྭ་བའི་མི་ཚེའི་འགྱུར་བ་གཅིག་པུས་བདེན་དཔང་བྱེད་ཐུབ།

འདོད་ཆགས་དང་བདེ་འདོད་ཀྱི་བག་ཆགས་ནི་བག་ཆགས་ཐམས་ཅད་ཀྱི་རྟེན་གཞིའམ་བག་ཆགས་ཐམས་ཅད་ཀྱི་རྙིང་ཤོས་དེ་ཡིན། གལ་ཏེ་བག་ཆགས་འདི་བཟློག་པར་གྱུར་ན་ང་ཚོའི་འདོད་པ་དང་བདེ་སྐྱིད་ཀྱི་ངོ་བོ་ཡང་གཞན་ཞིག་ཡིན་པས་ཁོང་ཚོས་དེའི་ཆེད་དུ་ད་དུང་འཚོ་གནས་བྱེད་དགོས་ལ་བྱེད་ཀྱང་ཐུབ་པ་ཡིན། གཞན་གྱི་བཙན་དབང་དང་ཁོར་ཡུག་གི་འགྱུར་བ་མ་གཏོགས་པར་རང་ངོས་ནས་འཚོ་བའི་ནུས་པ་མ་འདང་བར་ཉམས་རྒུད་སོང་བའི་མི་རིགས་ཤིག་མེད། ཡ་ཐོག་མིའི་རིགས་འཚོ་གནས་ཐུབ་ནས་ལོ་རྒྱུས་ཀྱི་འཁོར་མཚམས་འདི་འདྲ་ཞིག་ལ་སླེབས་ཤིང། ང་ཚོ་གདོང་དམར་སྤྲེལ་ཕྲུག་ཚོ་ཡང་མགོ་ནག་རྩམ་གཟན་གྱི་མི་རིགས་འདི་འདྲ་ཞིག་ཏུ་གྱུར་ཡོད། ང་ཚོའི་འཚོ་བའི་གནས་བབ་གང་ཐད་ནས་སྔོན་མ་ལས་ཉམས་རྒུད་འགྲོ་གིན་ཡོད་དམ། ཁ་སང་ལ་བསྡུར་ནས་ང་ཚོ་ཡང་དེང་རབས་ཅན་དུ་སླེབས་ཡོད་ལ་འདིས་ཀྱང་མ་ཚིམ་པར་སྔོན་ཐོན་དཔལ་འབྱོར་ལ་འགྲམ་ཆུ་ལྡང་གིན་ཡོད་པས་ངས་མི་རིགས་ཀྱི་འཚོ་གནས་ལ་རིག་གནས་རྙིང་པས་ཉམས་དམས་བྱེད་ཀིན་ཡོད་པ་མི་མཐོང། དེ་ལས་རིག་གསར་གྱི་བཙན་འཛུལ་གྱི་ཉེན་ཁ་ཆེ་བར་མཐོང། ཁྱེད་ཚོས་དེང་རབས་ཅན་གྱི་རྒྱལ་ཁབ་གཞན་ལ་བསྡུར་ནས་བཤད་ཀིན་ཡོད་ན་ང་ཚོ་རྗེས་ལུས་ཡིན་པ་བདེན་པ་རེད། འོན་ཀྱང་དེ་ལ་ཉམས་རྒུད་ཀྱི་གོ་དོན་མེད། ཆུང་ས་ནས་བྱིས་པའི་རྩེད་རྡོ་འཕྲུལ་ཆས་རྩེད་རིགས་ལ་བརྗེས་པ་ནས། ཞིང་པས་རྨོན་དོར་གྱི་མཛོ་གཡག་འཕྲུལ་འཁོར་ལ་སྒྱུར་བ། འབྲོག་པས་རྟ་ཕོ་གཡུགས་ནས་འཕྲུལ་རྟ་ཞོན་པ་དང་སྦྲ་གུར་ཁང་པར་བསྒྱུར་ཅིང་དེང་རབས་ཡོ་ཆས་སྤྱོད་པ་སོགས་དང། དཔོན་ཆུང་ཚོ་དཔོན་ཆེན་དུ་འགྱུར་འདོད་དང༌། རྒྱུ་ཡོད་ཚོ་སྦྱིན་བདག་ཆེན་པོར་འདོད། ཐ་ན་གྲྭ་རྐྱང་ཚོ་ཡང་མི་ཚང་ལྟ་བུ་དང་དེང་རབས་འཚོ་བར་འགྱུར་བཞིན་པ་འདི་དག་གིས་ང་ཚོའི་འཚོ་བའི་གནས་བབ་སྔ་སོར་རང་གནས་ལ་འདུག་རྩིས་མིན་པའང་གསལ་བོར་རྟོགས། ལྷག་པར་ང་ཚོའི་གཡས་གཡོན་ཚང་མ་ནས་དེང་རབས་འཕྲུལ་ཆས་སྣ་ཚོགས་པས་འཚང་ག་དང་འགྲན་སྡུར་བྱས་ནས་ཡོང་བཞིན་པས་ང་ཚོའི་འདོད་པའི་རྐྱལ་བའི་ཁ་མི་གྲོལ་རང་གྲོལ་དང། ང་ཚོའི་རྐང་ལག་མི་གཡུག་རང་གཡུག་ཆགས་ཀིན་ཡོད། དེ་བས་ང་ཚོ་སུ་ཞིག་གིས་བཙན་གྱིས་བཀག་ན་ཡང་མི་ཁོག་པར་གནམ་གྲུ་དང་མཚོ་གྲུའི་རྗེས་སུ་རྒྱུག་རྒྱུ་ཡིན་པར་སུ་ལ་ཡང་ཐེ་ཚོམ་མེད།

          ཡིན་ན་ཡང། དེ་ནི་ང་ཚོ་རང་གི་ལག་པས་བཟོས་པ་མིན་ལ་ང་ཚོས་བཟོ་མི་ཐུབ་པས་གཞན་གྱི་དངོས་པོས་མི་ཕན་ཟེར་ན་ཡང་ཆ་ཚང་བདེན་པ་མིན། ང་ཚོས་བཟོ་མ་ཤེས་ཀྱང་ང་ཚོས་བཀོལ་ཤེས་ན་འགྲིགས། དཔེར་ན་རང་གིས་བཟོས་པའི་གནམ་གྲུ་ཞིག་བཏང་བ་དང་གཞན་གྱིས་བཟོས་པའི་གནམ་གྲུ་ཞིག་བཏང་བ་གཉིས་ལ་བཀོལ་སྤྱོད་ཀྱི་རིན་ཐང་འདྲ་མཉམ་ཡིན། ནང་དུ་བསྡད་པའི་ཚོར་སྣང་གི་བདེ་བར་ཁྱད་པར་མེད། ང་ཚོས་དེང་རབས་ཀྱི་ལག་ཤེས་དང་ཚན་རིག་གི་རྗེས་ཟིན་སོང་ཟེར་བའི་བསྒྲགས་གཏམ་ལ་སྒུག་དགོས་དོན་མེད། ང་ཚོས་དེང་རབས་ཀྱི་ཉེར་སྤྱོད་ཚང་མ་བཀོལ་ཐུབ་ན་ང་ཚོར་དོན་དངོས་ཀྱི་འཚོ་བ་གསར་བ་ཡོད་པ་ཡིན། གོམ་པ་དང་པོ་དེ་ང་ཚོས་གཞན་གྱི་དངོས་པོ་ཉོས་ནས་སྤྱོད་རྒྱུ་དེ་ཡིན། དེ་ལ་སྦྱོང་བརྡར་སྤྲོད་རྒྱུ་ནི་དེ་ཙམ་དཀའ་བ་མིན། ཐ་ན་ཡི་གེ་ཀ་གཅིག་མི་ཤེས་མཁན་གྱིས་ཀྱང་འཕྲུལ་འཁོརགཏོང་ཤེས་པའི་ལག་རྩལ་པ་ང་ཚོར་མེད་པ་མིན། སློབ་གྲྭ་ཆེན་མོ་ཐོན་པ་ཚང་མས་རང་ཡུལ་དུ་དེང་རབས་འཕྲུལ་ཆས་བཀོལ་བའམ་དེང་རབས་ཀྱི་བཟོ་གྲྭ་ཚུགས་དང། ཚོང་པ་སྟོབས་ཆེན་ཡོད་ན་དེ་འདྲར་སྦྱིན་བདག་གྱིས་དང། མི་འཇོན་པོ་ཡོད་ན་དེ་འདྲའི་ལས་མགོ་རྩོམས་དང། ད་ལྟ་ང་ཚོས་དངོས་གསར་བེད་སྤྱོད་བྱེད་པའི་ལས་ལམ་ལ་ཞུགས་པ་ལས་གསར་གཏོད་དང་གསར་སྐྲུན་གྱི་སྟོང་གཏམ་ཤོད་དེ་སྡོད་དོན་ཅི།

          ང་ཚོར་བག་ཆགས་འཐོལ་བ་ཞིག་ཡོད་པ་ནི་ལས་དབང་གི་བག་ཆགས་དང། རྙིང་ཞེན་གྱི་བག་ཆགས། ཆོག་ཤེས་ཀྱི་བག་ཆགས། རྣམ་རྟོག་གི་བག་ཆགས་བཅས་ཡིན། བག་ཆགས་འདི་རིགས་མཐུག་དྲགས་པས་བཙན་དབང་དང་གཡོ་སྒྱུ་དང་ཐེར་འདོན་སོགས་གང་གིས་ཀྱང་དབྲལ་དཀའ་བ་ཞིག་ཡིན། གལ་ཏེ་སུ་ཞིག་གིས་མི་རབས་རྙིང་པའི་ཀླད་པ་གསར་བརྗེ་བྱེད་རྒྱུ་ཟེར་ན་དེ་ནི་སྟོང་བསམ་རང་ཡིན། ཡིན་ན་ཡང་ང་ཚོས་མི་རབས་གསར་བ་དང་གསར་བའི་ཀླད་པ་གློག་ཀླད་གསར་བ་ཞིག་ཏུ་སྒྱུར་རྒྱུ་ཟེར་ན་དེ་ནི་འགྲུབ་མི་སྲིད་པ་ཞིག་མིན་ན་ཡང་ཁོང་ཚོ་རིག་གཞུང་རྙིང་བ་དང་ཁ་འབྲལ་འཇུག་དགོས་པས་ལས་སླ་བོ་ཞིག་གཏན་ནས་མིན། བག་ཆགས་ནི་འབྲས་བུ་ཞིག་ཡིན་པས་དེ་འགོག་པར་དེའི་རྒྱུ་རྐྱེན་རྣམས་འགོག་དགོས་པ་སྨྲ་ཅི་དགོས། གང་ལྟར་ང་ཚོས་ཁ་སང་དེ་རིང་ཁ་གཡང་གསར་བ་འདི་སྒྲོག་གིན་ཡོད་ལ་འདིས་བག་ཆགས་གསར་བ་ཡང་འཇོག་གིན་ལོས་ཡོད། དེ་ལྟར་མུ་མཐུད་དེ་གང་ཐུབ་ཐུབ་སྒྲོག་རྒྱུ་ཙམ་ཡང་ང་ཚོའི་འོས་འགན་ཞིག་ཏུ་བརྩིས་ཆོག འོན་ཀྱང་ལག་ལེན་ནང་དུ་བྱེད་ཁག་པོ་ཡིན་ལ་གལ་ཏེ་བྱེད་དགོས་ན་ཡང་བླང་དོར་ལེགས་ཉེས་ཞིབ་དབྱེ་བྱས་ནས་འཇུག་དགོས།

          ལས་དབང་གི་བག་ཆགས་ཀྱིས་ལས་དབང་ལ་མགོ་སྒུར་བཅུག་པ་ཡིན་ནམ། འདི་ནི་བརྟག་དཔྱད་བྱེད་དགོས་པའི་གནད་དོན་དང་པོ་ཡིན། ལས་དབང་ནི་འཚོ་བའི་ཕམ་ཉེས་ལས་བྱུང་བའམ་སེམས་པའི་དྲན་འཆར་ལས་དབང་བཙན་པའི་དངོས་པོའི་གསང་བའི་ཆོས་ཉིད་ཅིག་ཏུ་འདོད་ཚུལ་འདི་སྔར་མེད་གསར་བཤད་ཅིག་ཡིན་པས་དེ་འདྲའི་ལས་དབང་དེ་ནང་ཆོས་ལས་གསུངས་པའི་ལས་དབང་གི་གོ་དོན་གཏན་ནས་མིན་ལ། ང་ཚོས་ནམ་རྒྱུན་བཤད་པའི་ལས་དབང་གི་དོན་དང་ཡང་མི་མཐུན། ལས་དབང་དང་རྒྱུ་རྐྱེན། རྟེན་འབྲེལ་གསུམ་དོན་མཐུན་ཡིན། ལས་འབྲས། རྒྱུ་འབྲས་གཉིས་དོན་མཐུན་ཡིན། ང་ཚོས་ལས་ཅི་འདྲ་ཞིག་བྱས་པ་ཡིན་ན་འབྲས་བུ་དེར་མཐུན་ཞིག་འབྱུང་བ་ནི་ཆོས་ཉིད་ཡིན་ཏེ། སོ་ནམ་བྱས་པའི་ལས་ཀྱིས་སྟོན་ཐོག བཟོ་ལས་བྱས་པས་གྱོན་གོས་སོགས། ཕན་བཏགས་པའི་ལས་ཀྱིས་བདེ་བ། གནོད་པའི་ལས་ཀྱིས་སྡུག་བསྔལ་བ་འབྱུང་བ་ཡང་ལས་དེ་དག་བྱས་པའི་དབང་གིས་བྱུང་བ་ཡིན་ལ། ནགས་ཚལ་བཅད་ཚབས་ཆེ་བས་གནམ་གཤིས་སམ་ཁོར་ཡུག་ལ་འགྱུར་བ་འགྲོ་བ་སོགས་དང། ཁྱེད་མར་ལེ་རིང་ལུགས་པའི་ལྟ་བར་གོམས་པའི་དབང་གིས་དམར་པོའི་ལྟ་བའི་བག་ཆགས་འབྱུང་ལ། ངས་ནང་ཆོས་སྦྱངས་པའི་ལས་ཀྱི་དབང་གིས་ཆོས་ཀྱི་བག་ཆགས་འབྱུང། མདོར་ན་ལུས་ངག་ཡིད་གསུམ་གྱིས་ལས་གང་ཞིག་བྱས་པའམ་བསགས་པའི་ཉེར་ལེན་གྱི་དབང་གིས་མཐའ་འབྲས་དེ་འདྲ་ཞིག་ཚེ་འདི་འམ་ཕྱི་མ་གང་རུང་ཞིག་ཏུ་སྨིན་ངེས་པས་ན་རྒྱུ་རྐྱེན་གང་ཞིག་གི་དབང་གིས་བྱུང་དང་འབྱུང་བཞིན་པ་སྟེ། སྣོད་བཅུད་འཇིག་རྟེན་འདི་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དུ་གྲུབ་པ་ཁས་ལེན་ན་ལས་ཀྱི་དབང་བཙན་པ་ནི་གཏན་ཚིགས་ཡང་དག་པ་ཞིག་ཡིན་པ་ཅིས་མི་གོ དེ་བས་ང་ཚོས་ལས་ཀྱི་རྣམ་གྲངས་གྲངས་མེད་པའི་ནང་ནས་ལས་དེ་བྱས་པའི་འབྲས་བུ་དེ་རང་རེད་ཅེས་སུས་བརྗོད་ནུས། ལྷག་པར་ང་ཚོའི་དབང་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པའམ་མི་མངོན་པའི་ལས་ཀྱི་མཐའ་འབྲས་ལ་འགྲེལ་བཤད་ཀྱང་རྒྱག་པར་དཀའ་བས་རྨོངས་དད་ཅན་ཚོས་ལས་དབང་ནི་གསང་བའི་སྟོབས་ཤུགས་འགྲན་ཟླ་མེད་པ་ཞིག་སྙམ་ནས་མཐའ་གཅིག་ཏུ་མགོ་སྒུར་བ་ཡང་ཁག་མེད། འོན་ཀྱང་ཁོ་ཚོའི་ཞུམ་པའི་བསམ་བློ་དང་རྨོངས་པའི་དྲན་འཆར་དེ་རིགས་ཚེ་འདི་ཕྱི་གཉི་གའི་གེགས་སུ་འགྱུར་བ་ཡིན་པས་ཅི་ཁག་ཅེས་སྙིང་རྗེས་བཞག་བཞག་ན་མི་འགྲིགས་པ་ཡང་ང་ཚོས་ཤེས་ཡོད།

ནས་ཀྱི་ས་བོན་བཏབ་པ་ལས་ནས་འབྲུ་སྐྱེས་པ་དེ་ཕྱིརབཟློག་ཏུ་མེད་པ་བཞིན་ལས་བྱས་ཟིན་པའི་འབྲས་བུ་དེ་ཡང་དེ་ག་རང་ལས་གཞན་དུ་བསྒྱུར་ཏུ་མེད། འོན་ཀྱང་ནས་འབྲུ་མ་སྨིན་པའི་གོང་ལ་འབྲས་བུ་འགོག་ནུས་པ་བཞིན་ལས་གང་ཞིག་གི་བྱས་འབྲས་ཀྱང་དེ་བཞིན་བཟློག་བསྒྱུར་ཐུབ་པ་ཡིན། ན་ཚ་ཚང་མ་སྔོན་ལས་ཀྱིས་བྱས་པའི་བཅོས་ཐབས་མེད་པ་ཞིག་མིན་པས་གསོ་དཔྱད་རིག་པ་འདི་གནའ་སྔ་མོ་ནས་ཁ་བ་གངས་ལྗོངས་སུ་དར་རྒྱས་བྱུང་ཡོད། འོན་ཀྱང་སྨན་བཅོས་ཀྱིས་མི་དྲག་པར་རིམ་གྲོ་བྱེད་དགོས་པ་སོགས་ཀྱི་ན་ཚ་ཡང་ཡོད་དེ། ཚན་རིག་པའི་སྨན་པ་མཁས་པས་བཅོས་མ་ཐུབ་པ་བོད་ཀྱི་བླ་རྒན་ཞིག་གིས་སངས་དྲག་བཏང་བའི་གནས་ཚུལ་མང་པོ་འདུག གཏན་ནས་དྲག་རྒྱུ་མེད་པའི་ནད་པ་ཡང་ཡོད་པས་དེ་དང་དེ་འདྲ་བར་ལས་ནད་ཅེས་བཤད་པ་ལས་ང་ཚོར་འགྲེལ་བཤད་གསར་བ་རྒྱག་རྒྱུ་མེད།

          ཡང༌། སྡིག་སྤོང་དགེ་སྒྲུབ་ཀྱི་ལས་རྒྱུ་འབྲས་ཀྱི་ལྷ་ཆོས་བག་ཆགས་ཀྱིས་བཙན་པོའི་དབང་ཤུགས་ཉམས་པ་དང། དཔའ་བོའི་སྙིང་སྟོབས་ཞུམ་པ། བོད་མི་ཚང་མ་སྐྲག་ཤོར་སྡར་མ་ཁྱུ་གཅིག་ཏུ་གྱུར་བར་འདོད་མཁན་མི་ཉུང་བ་ཡོད། ལོ་རྒྱུས་ཀྱི་ཉམས་རྒུད་རང་བཞིན་ལ་ཕྱི་མིག་རགས་ཙམ་བལྟས་ན་བསམ་ཚུལ་དེ་འདྲ་ཞིག་འབྱུང་བར་ཁག་མེད། འོན་ཀྱང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་རེ་རེ་ལ་ཉམས་ཞིབ་དང། མི་རིགས་ཀྱི་རང་གཤིས་ལ་རྒྱུས་ལོན་ཞིབ་ཏུ་བྱས་ན་བསམ་ཚུལ་དེ་ཡང་ཡང་དག་ཅིག་མིན་པ་ར་འཕྲོད་ཡོང། རྒྱལ་ཁབ་དང་མི་རིགས་ཤིག་གི་དར་རྒུད་ལ་རྒྱུ་རྐྱེན་སྣ་ཚོགས་པ་ཡོད། འཛམ་གླིང་འདིར་དར་རྒུད་ཀྱི་ལོ་རྒྱུས་མེད་པའི་རྒྱལ་ཁབ་གཅིག་ཀྱང་མེད་ལ། དེ་ཡང་ཆོས་ལུགས་ཡོད་མེད་གཉི་གའི་རྒྱལ་ཁབ་ཚང་མར་བྱུང་དང་འབྱུང་བཞིན་པ་ཞིག་རེད། གལ་ཏེ་ཆོས་ལྡན་རྒྱལ་ཁབ་བོད་གཅིག་པུ་ལས་མཛུབ་མོ་འཛུགས་ས་མེད་ན་ཁྱེད་ལ་བདེན་ཁ་བྱིན་ལོས་ཆོག ཁྱེད་ཚོས་སོམས་དང། བོད་ཀྱི་རྒྱལ་རབས་ནང་དབང་ཤུགས་བཙན་ཞིང་ཆེ་བའི་སྐབས་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་མ་ཡིན་ནམ། ཁྱེད་ཚོས་ཁོང་རྣམ་ཆོས་དང་ལྡན་པའི་མཐུ་ལ་བརྟེན་ནས་དབང་ཤུགས་རྒྱས་པ་རེད་ཅེས་མི་བསྔགས་པར་ཆོས་ལུགས་ཀྱིས་རྒྱལ་ཁབ་ཕུང་བ་རེད་ཅེས་སྨད་པར་བྱེད། དོན་ངོ་མར་རྒྱལ་ཁབ་ཐོར་ཞིག་ཏུ་འགྲོ་བའི་གནད་དོན་དེ་གླང་དར་མ་དང་ལྷ་ལུང་དཔལ་རྡོར་གཉིས་སུ་ཞིག་ལན་མིན་ལ་ཐུག་པ་མ་ཟད་གླང་དར་གྱི་བཙུན་མོ་གཉིས་དང་སྐབས་དེའི་བློན་པོ་ཚོ་ལའང་ཐུག་ཅིང་ དེའི་རྩ་བ་བཙལ་ན་ཆོས་ལུགས་སམ་རིག་གནས་གསར་རྙིང་བར་གྱི་འགྲན་རྩོད་ཅིག་གམ་ཆགས་སྡང་ཆེ་ཆུང་གི་བསམ་བློའི་གནད་དོན་ཞིག་དང་སྤྱོད་ཚུལ་གྱི་གནད་དོན་བཅས་ལ་ཐུག་ཡོད་པ་ལས་ནང་ཆོས་བདུད་དུ་གྱུར་བ་ཞིག་གཏན་ནས་མིན།

          རིག་གནས་ཀྱི་འགྲན་རྩོད་ཅིག་གིས་ང་ཚོའི་ཁྱིམ་གཞི་འཐོར་བ་ནས་བཟུང་སོ་སོའི་མི་ཚེ་སྐྱོང་བའི་འགན་ལས་ཁྱིམ་ཚང་སྐྱོང་བའི་ཁུར་ཆེན་པོ་སུས་ཀྱང་ལེན་ཐུབ་མེད་པ་རེད། བཙན་པོ་ཚོའི་མཇུག་དེ་ལྟར་དཔའ་མཛངས་ངང་བསྡུས་ན་ཡང། དཔའ་རྒོད་ཚོའི་དཔུང་བ་རྦད་དེ་ལྷོད་མེད། ང་ཚོས་འདིའི་བརྒྱུད་རིམ་ལ་མིག་བཤེར་ཞིག་བྱེད་ན། ཆོས་རྒྱལ་གསུམ་གྱི་མཇུག་ལ་འབངས་གྱེན་ལོག་ཅེས་པའི་བོད་ཀྱི་ལོ་རྒྱུས་ཐོག་མི་དམངས་ཀྱི་དཔའ་བའི་ངོ་རྒོལ་དེ་བྱུང་བ་རེད། དེའི་སྙིང་སྟོབས་དེ་གང་ནས་བྱུང་ངམ། དེ་ནས་གླང་སྲས་འོད་སྲུང་ཡུམ་བརྟན་གཉིས་ཕྱོགས་སུ་ཆད་དེ་དབང་ཆ་འཕྲོག་རྩོད་ཀྱི་དམག་འཐབ་ཡུན་རིང་བྱས། ས་སྐྱ་དང་ཕག་གྲུ་བ། རིན་སྤུངས་པ། སྡེ་པ་གཙང་བ། དགའ་ལྡན་ཕོ་བྲང་སོ་སོའི་སྐབས་སུ་ཡང་ནང་དམེའི་དམག་འཐབ་མཚམས་ཆད་མྱོང་མེད། ལྷག་པར་དུ་ཡང་ལྷ་ལྡན་རི་བོའི་ངོས་སུ་སྐྱ་སེར་གཡུལ་འགྱེད་ཀྱི་བམ་རོ་ཐང་དཀར་རྒོད་པོར་ཞེ་མེར་ལངས་པ་ཞིག་བྱུང་བའི་སྙིང་ཁམས་ཆེན་པོ་དེ་འདྲ་ཞིག་གང་ནས་བྱུང་ངམ། ཁྱེད་ཚོས་བསྟན་པ་ལ་དགྲ་བྱུང་ན་འཁར་གསིལ་མདུང་མོ་ཟེར་བའི་གཏམ་དཔེ་ཞིག་གོ་མྱོང་ངམ། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱེད་དུས་ཀྱང་གཞུང་དམག་ཙམ་མ་ཡིན་པར། བསྟན་སྲུང་དང་བླང་དམག་སྒར། ཆུ་བཞི་སྒང་དྲུག་གིདམག་དཔུང། གཞན་ཡང་ཡུལ་སྡེ་སོ་སོའི་ངེས་མེད་རྒོལ་རྡུང་གི་དམག་བཅས་ཀྱིས་ཕོ་ཤུལ་བཅད་ནས་མོ་ལ་ཐུག་པའི་བར་དུ་དགྲ་འཐབ་བྱས་ཡོད་པས། སུ་ཞིག་གིས་ལས་དབང་ལ་ཁ་གཡར་ཞིང་དཀོན་མཆོག་ལ་སྐྱབས་བཅོལ་ནས་མགོ་སྒུར་བསྡད་པ་རེད། ཁྱེད་ཚོའི་ཕ་རྒན་རྣམས་ཡོད་ན་མ་གཏོགས་སུ་ཡང་མེད། ལོ་ངོ་བཅུའི་རིག་གནས་གསར་བརྗེ་ཆེན་པོས་ཀྱང་བཏུལ་མ་ཐུབ་པའི་སེམས་པ་དེ་གང་རེད། ཡང་ད་དུང་དེ་རིང་ཡང་བོད་རང་བཙན་གྱི་སེང་དར་ཡང་བསྒྲེངས་བསྐྱར་བསྒྲེངས་བྱེད་མཁན་གྱི་དང་བླང་དཔའ་རྒོད་དེ་ཚོ་སུ་རེད། སྐྱ་སེར་གཉི་གའི་གང་མང། སུ་དཔའ། དེ་དག་གི་ཞུམ་པ་མེད་ལ་བཟློག་ཏུ་མེད་པའི་དཔའ་ངར་དེ་གང་ལ་བསྟེན་ནས་འབྱུང་གིན་ཡོད། རིག་གཞུང་རྙིང་པའི་བག་ཆགས་ཀྱི་སྟོབས་ཤུགས་ཀྱིས་མ་ཡིན་ནམ། རེད་ཡ། གལ་ཏེ་ང་ཚོ་ཤ་གཟན་གདོང་དམར་རྣམས་ལ་གོ་སྐབས་བྱུང་ན་ད་དུང་ཡང་གནའ་སྔོན་མའི་ཤ་གཟན་གདོང་དམར་རང་ཡིན་ཡ། ཡིན་ན་ཡང་་་

གཞན་ཡང། མི་རིགས་ཤིག་ཧྲིལ་གྱིས་བསྒྲིལ་བ་ལ་མི་རིགས་ཀྱིས་དད་གུས་བརྩི་སྲུང་བྱེད་སའི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་ཡོད་དགོས། བོད་པ། ཁ་ཆེ། ཧིན་རྡུ་སོགས་མི་རིགས་གཞན་ལས་རང་ཚུགས་བརྟན་ཞིང་ཕྱོགས་ཞེན་གྱི་ལ་རྒྱ་གཞན་ལས་ཆེ་བ་དེ་ཡང་ཆོས་ལུགས་ཀྱི་བག་ཆགས་ལ་རག་ལས།

          དགེ་སྡིག་གང་ཡང་རང་གི་འཚོ་གནས་ལ་ཕན་ན་ལག་ཏུ་བསྟར་ནས་རང་དབང་ཅི་འདོད་ཀྱི་དགའ་སྣང་དང་མཛེས་སྡུག་གི་འཚོ་བར་རོལ་ཐུབ་རྒྱུ་དེ་བག་ཆགས་རྙིང་པ་ལས་ཐར་བའི་འཚོ་ལམ་ཞིག་ཡིན་ན། དེ་ནི་ཆོས་མེད་མཐའ་འཁོབ་པ་ཞེས་པ་དང་ཀླ་ཀློའི་འཚོ་བ་ལས་ཁྱད་པར་ཆེན་པོ་འབྱེད་དཀའ་བས་དྲང་བདེན་དང་ཞི་བདེ་ལྷིང་འཇགས་ཀྱི་མིའི་རིགས་ཀྱི་མཛེས་སྡུག་གི་ཕུགས་བསམ་གྱི་རེ་སྙེགས་དང་འགལ་བར་འགྱུར་བའི་འཚོ་ལམ་ཡན་གར་བ་ཞིག་ཏུ་མི་འགྲོའམ། གཞན་དུ་ན། རིག་གནས་རྙིང་པའི་བག་ཆགས་མཐུག་དྲགས་ན་རིག་གནས་གསར་བར་བག་ཆགས་འཇོག་མི་ཐུབ་པའམ་འཇོག་འདོད་མེད་པ་ཞིག་ཀྱང་ག་ལ་ཡིན། དཔེར་ན། སྐུ་ཕྲེང་བཅུ་བཞི་བརྒྱུད་པའི་ད་ལྟའི་ཏཱ་ལའི་བླ་མ་མཆོག་ནི་དམ་པ་ལྷ་ཆོས་ཀྱི་བག་ཆགས་ཆེས་ཆེར་མཐུག་པའི་ཆོས་པ་ཞིག་ཡིན་པར་ཐེ་ཚོམ་མེད་ན་ཡང་སྐུ་ན་ཕྲ་མོའི་དུས་ནས་ངང་གིས་འཕྲུལ་འཁོར་རིགས་དང་རིག་གནས་གསར་བར་ཐུགས་སྣང་གཞན་ལས་ཆེ་བ་ནི་ང་ཚོ་འབྲོག་ཕྲུག་ས་རྡོའི་རྩེད་ཆས་བྱེད་པ་རྣམས་ཀྱི་ལག་ཏུའང་དེང་རབས་རྩེད་ཆས་ཤིག་ལོན་ན་དགའ་ཚོར་དང་ངོ་མཚར་ཆེན་པོ་བྱེད་པ་དང་གཅིག་མཚུངས་ཡིན། དེ་བཞིན་འབྲོག་རྒན་ཞིག་ཡིན་ན་ཡང་གནམ་གྲུར་འདུག་འདོད་མེད་པ་དང་དེང་རབས་འཕྲུལ་རིགས་ལ་ངོ་མཚར་དང་དགའ་མོས་མི་བྱེད་པ་སུ་ཡོད། འདི་ནི་ལྷན་སྐྱེས་ཀྱི་འདོད་ཆགས་ཀྱི་བག་ཆགས་དེའི་དབང་གིས་ཡིན། མདོར་ན་ཨ་མི་རི་ཀའི་བྱིས་པ་དང་ང་ཚོའི་བྱིས་པ་གཉིས་ཀ་རྩེད་རྡོ་ལས་འཕྲུལ་ཆས་རྩེད་རིགས་ལ་དགའ་མོས་ཡོད་པ་གཅིག་མཚུངས་ཡིན། ད་དུང་ཁོང་གཉིས་ཆུང་དུས་ནས་ཚན་རིག་གི་སློབ་སྦྱོང་ལྟ་བུ་ཞིག་གཅིག་མཚུངས་སྤྲད་པ་ཡིན་ན་ང་ཚོའི་བོད་ཕྲུག་དེ་ཨ་ཕྲུག་གི་རྗེས་མི་ཟིན་ཞེས་སུས་བཤད་ཐུབ། དེང་སང་གི་སློབ་གྲྭ་ཁག་ནང་སྐྱོད་བཞིན་པའི་ང་ཚོའི་བྱིས་པ་ཚོར་བལྟས་ནའང་གསལ་བོ་རེད། གནས་ལུགས་འདི་དག་གིས་ང་ཚོར་ཐོག་མ་ནས་ཡོད་པའི་བག་ཆགས་གང་ཞིག་གིས་ཀྱང་སྔོན་མའི་བག་ཆགས་ཐེབས་པའི་གཞི་དེ་ལས་ཚོད་བཀག་བྱས་ཡོད་པ་ཞིག་མ་ཡིན་པ་མཚོན་ཡོད་པ་མ་ཟད། ང་ཚོར་གོ་སྐབས་རག་པ་ཡིན་ན་ང་ཚོས་གང་ཡང་འཇོན་པའི་ནུས་པ་གཅིག་མཚུངས་སུ་ཡོད་པ་བསྟན་ཡོད། འཇིག་རྟེན་འདི་ནི་འདོད་ཡོན་ཡོངས་སུ་ཚང་བའི་གནས་ཡིན་ལ་ང་ཚོ་ཡང་འདོད་ལྡན་གྱི་སྐྱེ་བོ་ཉག་གཅིག་ཡིན་པས་ང་ཚོས་འདོད་པ་རྣམས་འཇིག་རྟེན་འདིར་འཚོལ་སྒྲུབ་ཐུབ་པ་ཡིན། དེ་ཐུབ་པའི་ནུས་པ་ཞིག་ལྷན་སྐྱེས་གྱིས་ཡོད་པ་མ་ཟད་མྱོང་གོམས་དང་སྦྱངས་སྟོབས་ཀྱིས་ནུས་པ་དེ་ཚད་མཐོ་བོར་གཏོང་གིན་ཡོད། འོན་ཀྱང་འདོད་ཡོན་ཐམས་ཅད་དམ་གསང་བ་ཚང་མ་འཚོལ་རྟོགས་ཐུབ་པའི་ནུས་པ་ཆ་ཚང་བ་ཞིག་སུ་ལ་ཡང་ལྡན་དཀའ།

          མདོར་ན། ང་ཚོ་འགྲོ་བ་མི་རྣམས་ལ་ཕྱི་ནང་གི་འཇིག་རྟེན་གཉིས་དང། ཚེ་འདི་ཕྱིའི་འཇིག་རྟེན་གཉིས་ཀྱི་ལམ་ག་གཉིས་ལ་སྐྱོད་པའི་གདམ་ག་དང་སྐྱོད་པའི་ཐབས་ཚུལ་ཡོད་པས་མི་ཚེ་འདིའི་གསོན་གནས་ཙམ་གྱིས་འདོད་པ་ཚིམ་པ་ཞིག་མིན་ལ། ཚེ་ཕྱི་མའི་རེ་སྨོན་གཅིག་པུས་འགྲིག་པ་ཞིག་ཀྱང་མིན་པས། ང་ཚོས་རང་གི་འདོད་པ་ལྟར་ལམ་ག་གང་དུ་ཡང་འགྲོ་ཆོག་ལ་གང་དུ་ཡང་སྐྱོད་དགོས་པ་ཞིག་ཡིན། ཐར་བའི་གོ་འཕང་མཐོན་པོར་བསྙེག་པར་ཚེ་འདི་བློས་གཏོང་དགོས་ན་ཡང་མི་ཚེའི་བདེ་སྐྱིད་དོན་དུ་དམ་ཆོས་བློས་གཏོང་དགོས་པ་ལུང་རིགས་གང་གིས་ཀྱང་ཡང་དག་པོར་བསྒྲུབ་དཀའ།

          ལྟ་ཚུལ་གཞན་པ་ཞིག་ནི་ཆོས་ལུགས་རྨོངས་དད་སེལ་དགོས་པའམ་བག་ཆགས་དོང་སྤྲུགས་བྱེད་པའི་བསམ་འདུན་དེའི་སྐོར་རེད། ཁོང་ཚོའི་འདོད་པ་དེའི་རྩ་བ་རིག་གཞུང་རྙིང་པས་བསླད་པའི་སེམས་ཁམས་ཀྱི་དྲི་མ་མེད་པ་བཟོས་ན་གཞི་ནས་འཚོ་གནས་གསར་བའི་ལམ་བུར་བགྲོད་ཐུབ་སྙམ་པ་དེ་རེད། འདི་ལ་ཁོང་ཚོས། ཡ་ཐོག་ལྷ་འདྲེ་བག་ཆགས། ཡ་ཐོག་ཤེས་རིག་བག་ཆགས། དམ་པ་ལྷ་ཆོས་བག་ཆགས། དཔེ་ལུགས་དང་གོམས་སྲོལ་བག་ཆགས་བཅས་བག་ཆགས་ཆེན་པོ་བཞི་བོའི་འཆིང་རྒྱ་ལས་གྲོལ་བ་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད། ང་ཚོ་དུས་རབས་གསར་བ་དང་རྒྱང་ཁད་རིང་དུ་ཆད་པ་ནི་བག་ཆགས་དེ་དག་གི་ལྕགས་སྒྲོག་གིས་བཅིངས་པས་རེད་ཟེར། བསམ་བློ་རྙིང་པས་བསམ་བློ་གསར་བར་འགོག་རྐྱེན་བཟོ་བ་ནི་བདེན་པ་ཡིན། བསམ་བློ་གསར་བས་བསམ་བློ་རྙིང་བར་ན་ཚ་འབྱིན་པ་ཡང་བདེན་པ་ཡིན། མི་གཅིག་ལ་བསམ་བློ་དེ་གཉིས་ལྷན་གནས་མི་ཐུབ་པ་ཡང་བདེན་པ་ཡིན། བསམ་བློ་རྙིང་པའི་ཚབ་གསར་བས་བྱེད་དགོས་པ་ཡང་བདེན་པ་ཡིན། ཡིན་ན་ཡང་ཁོང་གི་བསམ་ཚུལ་འདིར་བརྒྱ་ཆ་བརྒྱ་ཐག་བཅད་ནས་བདེན་ཁ་སྟེར་མི་ཐུབ། དེའི་རྒྱུ་མཚན་ནི་ཅ་ལག་རྙིང་པ་ཚང་མ་ཕན་མེད་རིན་མེད་མིན་པ་བཞིན་བསམ་བློ་རྙིང་པ་ཡོད་ཚད་སྐྱོན་ཅན་མ་ཡིན་ལ། ང་ཚོའི་བག་ཆགས་ཆེན་པོ་བཞི་དེ་ཚང་མ་བོད་མི་རིགས་ལ་མཐའ་གཅིག་ཏུ་གནོད་བྱེད་དང་དེ་དག་དང་མ་བྲལ་ན་དཔལ་འབྱོར་ཡར་རྒྱས་ཀྱི་འཕྲུལ་འཁོར་སྐོར་མི་ཐུབ་ཟེར་ན་དོགས་པ་ཡོད།

          ལྷ་འདྲེ་ཟེར་བའི་མི་མ་ཡིན་པའི་འགྲོ་བ་དེ་འདྲ་ཞིག་ཡོད་པར་བརྗོད་པ་ནི་ང་ཚོ་བོད་པ་ཙམ་མ་ཡིན་པར་མི་རིགས་ཚང་མར་ཡོད་པ་ཞིག་ཡིན། དེ་བཞིན་ལྷ་གསོལ་འདྲེ་འདུལ་གྱི་ཆོ་ག་ཡང་མི་རིགས་མང་པོར་ཡོད་པ་ཞིག་ཡིན། དེང་སང་ཡང་ད་དུང་དེ་བཞིན་ལྷ་འདྲེའི་གཏམ་རྒྱུད་གསར་བ་ཚར་མེད། གལ་ཏེ་འགྲོ་བ་དེ་འདྲ་ཞིག་མེད་པ་ཡིན་ངེས་ན་མི་རིགས་ཚང་མ་ལྷ་འདྲེ་ཡོད་པ་ལ་འདི་འདྲའི་ཁ་འཆམ་དགོས་དོན་མེད་ལ། ལྷག་པར་ལྷ་འབབ་མོ་རྩིས་ཀྱི་རིག་གནས་དེ་དག་སྤྱི་ཚོགས་ཀྱི་ལག་ལེན་ནང་དུ་ཡུན་རིང་འདི་ལྟར་གནས་ཐུབ་པ་འདིས་རིག་གནས་དེ་དག་རྒྱུ་མཚན་གང་ཡང་མེད་པ་ནུས་པ་ཅི་ཡང་མེད་པ་རྫུན་པ་ཁོ་ནའི་ཤེས་བྱ་ཞིག་མ་ཡིན་པ་ར་སྤྲོད་ཀིན་ཡོད། དཔེར་ན། སྨན་འདི་འཐུང་ན་ནད་དེར་འཇོམས་ཀི་རེད་ཟེར་ནས་སྨན་མ་ཡིན་པ་སོགས་སྤྲད་ན་དེ་འཐུང་མཁན་ཉུང་ངུ་ནས་མེད་པ་ཆགས་རྒྱུ་ཡིན་པ་ལས་མང་དུ་འགྲོ་བ་ཞིག་ཡོང་མི་སྲིད། དེ་བཞིན་རིག་གནས་རྙིང་པ་དེ་དག་གིས་ཀྱང་ལྐོག་གྱུར་དུ་གནས་པའི་འགྲེལ་བཤད་ཁོ་ན་མ་ཡིན་པར་ལྐོག་གྱུར་གྱི་གནས་ཚུལ་དག་མངོན་སུམ་བདེན་པར་ར་སྤྲོད་བྱེད་ཐུབ་པ་ལ་བརྟེན་ནས་རིག་གནས་དེའི་རིན་ཐང་མ་ཉམས་པར་གནས་པ་ང་ཚོས་མཐོང་ཆོས་སུ་ཡོད་པ་འདི་ལ་བསྙོན་དུ་ཅི་ཡོད། དཔེར་ན་དེང་རབས་ཚན་རིག་གིས་ཀྱང་ལྐོག་གྱུར་སོགས་མངོན་སུམ་དུ་བསྟན་ཡོང་དུས་ལྷ་འདྲེའི་བག་ཆགས་ཀྱིས་ཚོས་ཡོད་པ་ཞིག་ཡིན་ན་ཡང་དེ་ལ་ཡིད་ཆེས་དང་ཡི་རང་མི་བྱེད་པའི་བླུན་པོ་ལུག་ལྟ་བུ་སུ་ཞིག་ཡོད། འཇིག་རྟེན་འདི་ནི་གསང་བའི་འཇིག་རྟེན་ངོ་མཚར་བ་ཞིག་ཡིན་པས་ང་ཚོ་འགྲོ་བ་མི་ཁོ་ནར་འཇིག་རྟེན་འདིའི་གསང་བ་ཤེས་རྟོགས་ཐུབ་པའི་ནུས་པ་ཡོད་པས། ང་ཚོར་རིག་གནས་རྙིང་པའི་ཆོ་འཕྲུལ་དང་ཚན་རིག་གི་ཆོ་འཕྲུལ་ཚང་མ་དགོས་ངེས་ཡིན། དེ་གཉིས་གང་རུང་ཞིག་མེད་པ་ཡིན་ན་ང་ཚོའི་འདོད་བློ་ཡོངས་སུ་ཚིམ་མི་སྲིད། ང་ཚོར་ཚིམ་པ་མེད་པའི་བག་ཆགས་ཡོད་པས་ང་ཚོར་ཅི་ཡང་དགོས་ལ་ང་ཚོས་ཅི་ཡང་བྱེད་དགོས་པ་ཡིན། ཚད་འཛིན་དང་ཚོད་བཀག་མེད་པར་ང་ཚོས་འཇིག་རྟེན་གྱི་གསང་བ་ཅི་ཡོད་འཚོལ་དགོས། དེ་ནི་ང་ཚོའི་འཚོ་གནས་ཀྱི་ཆེད་ཁོ་ན་ཞིག་མིན། དེ་ནི་ང་ཚོའི་ཚིམ་པ་མེད་པའི་བློ་དེའི་དབང་གིས་བྱེད་དགོས་པ་ཞིག་ཡིན། ང་ཚོས་བྱེད་བཞིན་པ་ཚང་མ་ང་ཚོའི་འཚོ་གནས་ཀྱི་ཆེད་དུ་དམིགས་ན་ཡང་དེ་ཉིད་འཚོ་གནས་ཀྱི་མཐུན་རྐྱེན་དུ་འགྱུར་མིན་བཤད་མི་ཐུབ། ང་ཚོའི་འཚོ་གནས་ལ་མེད་ཐབས་མེད་པའི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་ལྗོན་པ་འདོད་འཇཽའི་བ་མོ་སོགས་ནི་ང་ཚོ་གནས་སྡོད་བྱེད་སའི་ས་གཞི་འདི་དང༌། མཁའ་དབུགས། ཆུ་དང་མེ་བཅས་ཡིན་པ་ལས་གཞན་གང་ཡང་མིན། དེ་བས་ང་ཚོས་བདག་གཅེས་བྱེད་དགོས་པ་དང་ང་ཚོར་ཆེས་མཁོ་བ་ནི་རང་བྱུང་གི་ཁོར་ཡུག་ཉིད་ཡིན་པ་ལས་མིས་བཟོས་ཀྱི་ཁོར་ཡུག་རྫུན་མ་རྣམས་མིན། འབྱུང་བ་བཞི་བོ་གང་རུང་ཞིག་མེད་ན་ང་ཚོ་འཚོ་གནས་མི་ཐུབ། འོན་ཀྱང་འཕྲུལ་ཆས་སོགས་གང་ཞིག་མེད་ན་ཡང་ང་ཚོ་མུ་མཐུད་དེ་འཚོ་གནས་ཐུབ། དེས་ན་ང་ཚོའི་རང་བྱུང་གི་འཇིག་རྟེན་དང་བཅོས་མའི་འཇིག་རྟེན་གཉིས་ལས་གང་ཞིག་གལ་ཆེ་མིན་དེ་ཤེས་སླ། ང་ཚོའི་སྲོལ་རྒྱུན་བག་ཆགས་སུ་རང་བྱུང་ཁོར་ཡུག་ལ་གཅེས་འཛིན་གྱི་ནུས་པ་གཞན་ལས་ཆེ། ང་ཚོའི་གནས་ཡུལ་ཁ་བ་ཅན་དེ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ཡང་ང་ཚོས་གནའ་ནས་ཤེས་ཡོད། ང་ཚོ་བོད་མི་རྣམས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དེ་སྔོན་ནས་ཤེས་ཡོད། འོན་ཀྱང་ང་ཚོས་མ་ཤེས་པ་གཅིག་ཡོད་པ་ནི་ང་ཚོས་རང་བྱུང་ཁམས་བཅོས་སྒྱུར་བྱེད་རྒྱུ་དེ་ཤེས་མེད་ལ། ང་ཚོས་འཛམ་གླིང་གི་དུས་རབས་གསར་བའི་གཡོ་སྒྱུའི་འཛུམ་བག་གི་བསླུ་བྲིད་ཀྱང་ཚོར་མེད་པ་དེ་ཡིན། དེ་རིང་ང་ཚོས་འདི་དག་ལ་ཚོར་ཤེས་ཐོག་མ་སླེབས་པའི་སྐབས་འདིར་མི་རིགས་ལ་འཁང་ར་དང། ལོ་རྒྱུས་ལ་འཁང་ར། རིག་གནས་ལ་ངོ་རྒོལ་སོགས་འཕག་འཚག་གི་ང་རོ་སྒྲོག་པ་མང་དུ་འགྲོ་གིན་ཡོད་པ་འདིས་མི་རིགས་ལ་བརྩེ་སེམས་ཤིག་སྟོན་གིན་ཡོད་ན་ཡང། དོན་དམ་པས་འུ་ཐུག་གི་ངུ་ངག་སྟེ་དུས་རབས་གསར་བའི་མི་རབས་གསར་བ་ང་ཚོ་རང་གིས་དུས་རབས་གསར་བའི་རྗེས་མ་ཟིན་པའི་དེ་ཉིད་མཚོན་པ་ཡིན། ལེ་ལན་བདའ་བ་དང་འཁང་ར་བྱེད་པ་དེ་དག་རང་གིས་མ་འཇོན་པའི་མཚོན་རྟགས་ཤིག་ལས་གཞན་ཅི་ཡང་མིན། དུས་རབས་གསར་བའི་ལས་སྐལ་ནི་བག་ཆགས་རྙིང་པའི་མི་རབས་རྙིང་པ་རྣམས་ཀྱི་འོས་འགན་ཞིག་མིན་པར་མི་རབས་གསར་བའི་འོས་འགན་ཞིག་ཡིན་ལ། ལྷག་པར་མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པའི་དྲག་ཆས་སྤྲས་ཏེ་རིག་གནས་རྙིང་པའི་བག་ཆགས་ཀྱི་གཡའ་དག་པའི་མི་རབས་གསར་བའི་འོས་འགན་ཡིན་ན་ཡང། ང་ཚོས་ཅི་ཡང་འཇོན་མེད། ཐ་ན་རང་གི་ཕ་ཡུལ་དུ་ལོག་ནས་ཡང་བའི་བཟོ་ལས་རིགས་ཀྱི་ཁྱིམ་གཞི་གསར་བ་རེ་ཡང་བཙུགས་ཐུབ་མེད། དེ་ཡང་ཁོར་ཡུག་གི་བག་ཆགས་རྙིང་པས་ལན་པ་ཡིན་ནམ། ངོ་མ་བཤད་ན། སུ་དག་བག་ཆགས་རྙིང་པས་མནན་ནས་དུས་རབས་གསར་བའི་འཚོ་བར་དགའ་མོས་མེད་པ་རེད། སུ་དག་བག་ཆགས་རྙིང་པས་ཚོས་ནས་ཚན་རིག་དང་དཔལ་འབྱོར་ལ་འགོག་རྒོལ་བྱེད་ཀིན་འདུག བག་ཆགས་རྙིང་པ་ཅན་སུ་དག་ལ་བདེ་སྐྱིད་གསར་བའི་འཚོ་བ་དགོས་ཀི་མི་འདུག དེས་ན་ང་ཚོས་མཐའ་གཅིག་ཏུ་བག་ཆགས་རྙིང་པས་དེང་རབས་འཚོ་བར་འགོག་རྐྱེན་བཟོ་གིན་འདུག་ཅེས་ཀྱང་ཅི་ལྟར་བརྗོད། ལྷག་པར་ངས་རང་སྟེང་ལ་མཚོན་ནས་བཤད་ན། ང་ནི་ལྷ་ཆོས་རིག་པའི་བག་ཆགས་མཐུག་པོའི་གྲས་ཤིག་ཡིན་ལ། ང་ལྷ་ཆོས་རིག་པ་དང་མི་ཆོས་རིག་པ་གཉིས་ལ་དགའ་ཞེན་མཉམ། དེ་བས་ངའི་མི་ཚེ་སྐྱེལ་སྟངས་ཀྱང་ལྷ་ཆོས་དང་མི་ཆོས་ཟུང་འབྲེལ་བྱས་ནས་སྐྱེལ་བཞིན་ཡོད། ང་ལ་ལྷ་ཆོས་ཀྱི་བག་ཆགས་ཀྱིས་མི་ཚེའི་མདུན་ལམ་ལ་བར་ཆད་བྱས་མ་མྱོང་བ་མ་ཟད་མི་ཚེ་ཡ་རབས་ཤིག་སྐྱེལ་བར་རམ་འདེགས་དང༌། མི་ཚེའི་བར་ཆད་སེལ་བར་བསྡོངས་གྲོགས་བྱེད། གལ་ཏེ་ང་ལ་ལྷ་ཆོས་རིག་པས་སེམས་གསོའམ་སེམས་ཁམས་ལ་ལྷིང་འཇགས་ཀྱི་མཐུན་རྐྱེན་གནང་མེད་ན་ང་ལ་དེ་རིང་གི་འཛུམ་པའི་བཞིན་རས་འདི་འདྲ་ཞིག་ཡོད་དཀའ། ང་རང་ལྷ་འདྲེར་ཡིད་ཆེས་ཡོད་ན་ཡང་ལྷ་གསོལ་འདྲེ་འདུལ་བྱེད་རྒྱུར་དེ་ཙམ་དགའ་མོས་མེད། ང་རང་མི་ཡིན་པས་ངའི་བྱ་བ་ང་རང་གི་ལག་པར་ཐུག་ཡོད་པ་ལས་ལྷ་འདྲེའི་ངའི་བྱ་བ་རྣམས་སྒྲུབ་མི་ཐུབ། འོན་ཀྱང་ང་ཚོར་འཇིག་རྟེན་གྱི་གསང་བའི་ནང་དུ་འཚོ་བཞིན་ཡོད་པས་ང་ཚོས་མི་ཤེས་པའི་གསང་བ་དང་ང་ཚོས་མི་ནུས་པའི་བྱ་བ་ཡང་ཤིན་ཏུ་མང་བོ་ཞིག་ཡོད་པས་ང་ཚོར་སྐབས་རེར་གསང་བའི་ནུས་པའམ་བསྡོངས་གྲོགསཤིག་ཀྱང་དགོས་ངེས་ཡིན། ལྷ་འདྲེ་གཡོག་ཏུ་བཀོལ་བ་དང་ལྷ་འདྲེར་སྐྱབས་སུ་འགྲོ་བ་གཉིས་རྦད་དེ་འཚོ་ལམ་མི་འདྲ་བ་གཉིས་ཡིན། དང་པོ་ནི་རང་ཉིད་དཔོན་པོ་དང་གཉིས་པ་ནི་རང་ཉིད་བྲན་གཡོག་ཏུ་གྱུར་བ་ཡིན། ང་ཚོའི་མི་རིགས་འདིར་ལྷ་འདྲེའི་བྲན་དུ་གྱུར་བ་ཧ་ཅང་མང། དེ་ནི་སྨན་ཡོད་ན་ཡང་སྨན་བཅོས་མི་ཤེས་པར་སྨན་དུག་ཏུ་བསྒྱུར་བ་བཞིན་ལྷ་ཆོས་རིག་པ་དེ་མི་ཚེའི་ལོག་ལམ་ཞིག་ཏུ་བེད་སྤྱད་པ་ཡིན། འདི་དག་ནི་རྨོངས་དད་ཀྱི་བག་ཆགས་ཏེ་ཆེས་གནའ་ནས་འགོས་པའི་སྣང་སྒྲིབ་ཀྱི་མིག་ནད་ཅིག་ཡིན།

          ཆོག་ཤེས་བག་ཆགས། ལས་དབང་གིས་ཅི་ཞིག་གནང་བ་དེ་གས་ཆོག་པར་འདོད་པ་ལས་དེ་ལས་ལྷག་པའི་ང་ཚོ་འདོད་ལྡན་སྐྱེ་བོ་ཞིག་གི་འདོད་པའི་རྐྱལ་བའི་ཁ་ཨུ་ཚུགས་ཀྱིས་བཅིངས་པའམ། ཡང་ན་དཀོན་མཆོག་གིས་རང་ལ་གང་ཞིག་གནང་བ་དེ་ལས་འདོད་སེམས་ཀྱི་ལག་པ་རྐྱོང་མི་ཉན་སྙམ་པའི་བསམ་ཚུལ་དེ་ནི་དྲི་མ་ཅན་གྱི་ཆོག་ཤེས་བག་ཆགས་སམ་ཚུལ་མཐུན་གྱི་ཆོག་ཤེས་མ་ཡིན། ང་ཚོར་འདོད་ཆགས་ཀྱི་བག་ཆགས་གཞན་ལས་ཟབ་པས་ཆོག་ཤེས་རྣལ་མའི་བག་ཆགས་ཤིག་འབྱུང་བ་ཧ་ཅང་ཁག་པོ་ཡིན། ང་ཚོ་འདོད་པ་ལ་ཆོག་ཤེས་མེད་པས་ན་ཆོག་ཤེས་དགོས་ཞེས་པའི་སྐད་ཆ་འདི་བྱུང་བ་ཞིག་ཡིན་ལ། དེ་ལྟར་བཤད་དགོས་པ་ཡང་འདོད་རྔམ་ཐལ་དྲགས་ན་རང་སྲོག་ནོར་གྱིས་བརླགས་པ་དང། ལྷག་པར་དུ་ཡང་ཆོས་པ་ཞིག་བྱེད་ན་འདོད་པའི་བག་ཆགས་འབུར་འཇོམས་བྱེད་དགོས་པ་དང་འདོད་པའི་གཞན་དབང་དུ་སོང་ན་ཆོས་མགོ་མི་ཐོན་པའི་ཉེན་ཁ་ཡོད་པས་ཡིན། དེ་ཡང་ཆོག་ཤེས་ཞེས་པ་ལྟོ་གོས་ངན་ངོན་ཙམ་ལས་སྤྱོད་མི་ཆོག་པའི་དོན་མིན་པར་གཞན་དང་གཞན་གྱི་འདོད་ཡོན་ལ་ཧམ་སེམས་སྐྱེ་བའི་སྒོ་བཀག་ནས་རང་ལ་གང་ཐོབ་པ་དེ་ཙམ་གྱིས་འགྲིགས་སྙམ་ནས་སེར་སྣ་དང་བདག་འཛིན་མེད་པར་བཀོལ་ཐུབ་པ་ཞིག་ལ་གོ་དགོས། དེ་འདྲ་མིན་ན་བླ་མ་ཕོ་བྲང་དང་གསེར་ཁྲིར་བཞུགས་མི་འོས་ལ། དགེ་འདུན་པས་གསོལ་ཚིགས་བཟང་བོ་གསོལ་མི་ཆོག་ལ། དད་ལྡན་ཚོས་ཆོག་ཤེས་ཅན་གྱི་ཆོས་པ་ཚོར་རིན་ཆེན་གསེར་དངུལ་གྱི་འབུལ་བ་ཡང་འབུལ་་ག་ལ་འོས། གལ་ཏེ་བླ་མ་གང་ཞིག་གསེར་ཁྲི་དང་ཕོ་བྲང་ལས་ཁ་བྲལ་ཏེ་ནགས་སུ་ཕེབས་པར་བློ་ཡིས་ཐོངས་ན་དེའི་རྒྱུད་ལ་ཆོག་ཤེས་རྣལ་མ་ཡོད་པ་ཡིན། གལ་ཏེ་སུ་ཞིག་རྒྱུན་དུ་ལྟོ་གོས་ངན་ངོན་གྱིས་འཚོ་ན་ཡང་དེ་དག་སུ་ཞིག་ལ་སྦྱིན་པར་མི་ཕོད་པའམ་བློས་གཏོང་མི་ནུས་ན་དེ་ནི་ཆོག་ཤེས་ལྟར་སྣང་བ་ཡིན།

          དེ་ཡང་ཆོས་པ་ཞིག་ལ་མཚོན་ན་ཡང་རང་དོན་ལ་ཆོག་ཤེས་བྱ་བ་ལས་གཞན་དོན་ལ་ཆོག་ཤེས་བྱ་དགོས་པའི་ལུང་གང་ཡང་མེད་པ་ཟད། གཞན་དོན་དུ་སྦྱིན་པ་ལ་སོགས་པས་ཕན་འདོགས་དགོས་པ། གཞན་བདེ་སྐྱིད་ཀྱི་དཔལ་ལྷ་ཡུལ་ལྟ་བུར་ལོངས་སྤྱོད་ཡོང་བར་སྨོན་ལམ་ཚུན་ཆད་ནས་གཞན་དོན་སྒྲུབ་དགོས་ན། ང་ཚོ་ཁ་བ་གངས་ཅན་པ་རྣམས་དུས་རབས་གསར་བའི་འཚོ་བའི་བདེ་སྐྱིད་མི་དགོས་པའམ་མ་ཐོབ་ན་བསམ་མཁན་ཞིག་ག་ལ་ཡོད། དམ་པ་ཁ་ཤས་ཀྱིས་འཇིག་རྟེན་པའི་ཚོང་ལས་གཉེར་པ་སོགས་ཀྱང་དགོས་དམིགས་དེ་འདྲའི་དབང་གིས་ཡིན་ངེས།

          དེས་ན་མི་རེ་རེ་ནས་ཆོག་ཤེས་བར་བྱས་ན་ཚང་མ་ཆོག་ཤེས་པ་ཆགས་ནས་དཔལ་འབྱོར་ཡར་རྒྱས་འགྲོ་བར་འགོག་རྐྱེན་མི་འཕྲད་དམ་ཞེས་པའི་དོགས་པ་དེ་ཡང་སྐྱེ་མི་དགོས་ཏེ། དེ་ནི་ཆོག་ཤེས་ཀྱི་གོ་དོན་དང་ཆོག་ཤེས་བྱེད་སྟངས་མ་ཤེས་པའི་བསམ་བློ་གཏོང་སྟངས་ཤིག་ཡིན། ང་ཚོས་རང་དོན་ཆོག་ཤེས་དང་གཞན་དོན་ཕུན་ཚོགས་བདེ་སྐྱིད་ཀྱི་བསམ་ཚུལ་རྣལ་མ་ཞིག་འཛིན་ཐུབ་པ་ཡིན་ན་ངས་ཁྱེད་དང་ཁོང་གི་ཆེད་དུ། མི་རིགས་དང་མིའི་རིགས་ཀྱི་ཆེད་དུ། འགྲོ་བ་རིགས་གཞན་དག་གི་ཆེད་དུ་སྐྱིད་པོ་བདེ་བོ་ཡོང་བར་རོགས་ཕན་གང་ཞིག་བྱེད་རྒྱུ་ཡོད་པ་དང་བྱེད་ཐུབ་པ་དེ་བྱེད་དགོས། དེ་བཞིན་ཁྱེད་དང་ཁོང་གིས་ཀྱང་ངའི་ཆེད་དུ་ལས་ཀ་བྱེད། དེ་ལྟར་མི་རེ་རེ་ནས་གཞན་དོན་རྒྱ་ཆེན་པོའི་ཁུར་ཞིག་འཁུར་བའི་ཐུན་མོང་གི་ཕན་སེམས་ཀྱི་ནུས་པ་ཆིག་སྒྲིལ་ཞིག་འཛོམས་པ་ཡིན་ན་དེང་རབས་ཅན་དུ་བསྒྱུར་རྒྱུ་ཡང་ལོ་རབས་མང་པོ་མི་དགོས་ལ། གུང་ཁྲན་རིང་ལུགས་ཀྱང་སང་ཉིན་གནངས་ཉིན་རེད། འོན་ཀྱང་ང་ཚོས་ཆོག་ཤེས་ཇི་ལྟར་བྱ་ཚུལ་དང་དེ་དང་འབྲེལ་ནས་ཆོག་མི་ཤེས་པའི་ལས་ཀ་གང་ཞིག་བྱེད་དགོས་པའི་དོན་གནད་འདི་མ་ཤེས་པའམ་ཤེས་ཀྱང་མི་བྱེད་པའི་སྐྱོན་ཆེ། སྐད་ཆ་གཞན་ཞིག་ནས་བཤད་ན་ང་ཚོར་རང་དོན་ཆོག་ཤེས་བག་ཆགས་ཅུང་ཟད་མཐུག་མོད་གཞན་དོན་སེམས་བསྐྱེད་བག་ཆགས་ཧ་ཅང་སྲབ་པས་ཆོས་ཀྱི་བསླབ་བྱ་ཧ་ཅང་མཁོའོ། །

 

གཉིས། སྲིད་དོན་བག་ཆགས་ཀྱི་འཕག་འཚག

 

          འཇིག་རྟེན་འདི་དང་ལྷག་པར་དེང་རབས་སྤྱི་ཚོགས་འདི་ནི་ཆབ་སྲིད་ཀྱི་ལམ་ལུགས་མི་འདྲ་བས་དབང་སྒྱུར་བཞིན་པའི་སྤྱི་ཚོགས་ཤིག་ཡིན་པས། རིག་གནས་དཔལ་འབྱོར་དང་བཅས་པ་ཆབ་སྲིད་ལམ་ལུགས་ངེས་ཅན་ཞིག་གི་སྟངས་འཛིན་འོག་འཕེལ་རྒྱས་གཏོང་དགོས། གལ་ཏེ་ཆབ་སྲིད་ཐད་ཀྱི་རང་དབང་དང་བྲལ་ཚེ་གཞན་དབང་གི་འཚོ་བ་ཞིག་ལས་མ་འདས། དེར་བརྟེན་གཞན་གྱི་བཙན་བཟུང་དུ་བྱས་པའི་རྒྱལ་ཁབ་བམ་ཆབ་སྲིད་ཀྱི་གཞན་དབང་དུ་གྱུར་བའི་མི་རིགས་ཤིག་ལ་མཚོན་ན་དེའི་འཚོ་གནས་ཀྱི་གཞི་རྩ་ཆབ་སྲིད་ཐད་ཀྱི་རང་དབང་ལ་རག་ལས་ཡོད་པས། འདི་ནི་ང་ཚོས་ངེས་པར་ཐོག་མཐའ་བར་དུ་བརྩོན་ལེན་བྱེད་དགོས་པའི་མི་དམངས་ཡོངས་ཀྱི་འོས་འགན་ཡིན།

          ང་ཚོ་ནི་ཆབ་སྲིད་བག་ཆགས་ཞན་པའི་མི་རིགས་ཤིག་ཡིན་པས་ང་ཚོས་ད་བར་ཤུགས་འདིས་འཕག་འཚག་བརྒྱབ་པའི་ནུས་པ་ཡང་ཞན་པ་བཤད་ཅི་དགོས། འོན་ཏེ་ང་ཚོས་འཛམ་གླིང་གི་སྲིད་དོན་འཁོར་སྐྱོད་དང་བསྟུན་རང་གི་འཚོ་གནས་གསར་བའི་གནད་དོན་ཐོག་མ་དེ་ཆབ་སྲིད་ཡིན་པ་ངོས་འཛིན་ཐུབ་དགོས་ལ། ཕལ་ཆེར་ཐུབ་པའི་ཚུལ་གྱིས་སྲིད་དོན་གསར་བའི་བག་ཆགས་ཀྱི་འཕག་འཚག་ཀྱང་རྒྱག་བཞིན་ཡོད།

          དེ་ཡང། གཞིས་ལུས་མི་དམངས་ཀྱིས་ཆབ་སྲིད་ཀྱི་དར་ཆ་བསྒྲེངས་ནས་རང་བཙན་དང་དབུ་མ་སོགས་ཀྱི་ཁ་གཡང་ཅི་དགར་སྒྲོགས་ནས་འཕག་འཚག་རྒྱག་ས་མེད་ན་ཡང་ཕལ་ཆེ་བས་ཁ་འགུལ་མིག་ལྟའི་ཚུན་ནས་ཀྱང་བསམ་བློ་འདི་མངོན་པར་བྱེད་ཀིན་ཡོད་པ་མ་ཟད། དཔའ་བོ་མི་ཉུང་བ་ཞིག་གིས་བཙོན་ཁང་དུ་ལྕགས་སྒྲོག་གོན་ནས་རང་སྲོག་ཀྱང་བློས་གཏོང་བྱེད་ཀིན་ཡོད། འོན་ཀྱང་གཉིད་མ་སད་ན་ཁ་གདངས་ནས་སྡོད་མཁན་ཡང་མི་ཉུང༌། གང་ལྟར་ལོ་རེ་ནས་ལོ་རེར་གོ་རྟོགས་འདི་ཁྱབ་བརྡལ་འགྲོ་གིན་ཡོད་པས་མི་རིགས་ཤིག་གི་གདུང་སེམས་མཉམ་སྐྱེ་དང་རེ་བ་གཅིག་མཐུན་གྱི་རྣམ་པ་ཡང་མངོན་གསལ་དུ་འགྲོ་བཞིན་པ་གསལ།

          བཙན་བྱོལ་བོད་མི་ཚོར་གཞན་ཡུལ་ན་རང་གི་ལྟོ་གོས་འཚོལ་སྒྲུབ་ཀྱི་དཀའ་ངལ་ཆེ་ན་ཡང། ༧གོང་ས་མཆོག་དང་བོད་གཞུང་གི་སྒྲིག་གཞིའི་འོག་རང་དབང་འཐབ་རྩོད་ཀྱི་བསམ་བློ་མ་ཉམས་པར་ཕལ་མོ་ཆེས་ཁ་གཡང་དང་སྨོན་ལམ་ཚུན་ཆད་ནས་ཀྱང་ནུས་པ་འདོན་གིན་ཡོད། ལྷག་པར་གཞུང་དང༌། གཞོན་ནུ་ཚོགས་པ། བུད་མེད་ལྷན་ཚོགས། དགུ་བཅུ་གསུམ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་སོགས་ཚོགས་པ་ཁག་དང་རང་དབང་གསར་ཤོག་ཁག མི་སྒེར་ངོས་བཅས་ཕྱོགས་མང་པོ་ཞིག་ནས་ཆབ་སྲིད་དངོས་སམ་སྲིད་དོན་དང་འབྲེལ་ཆེ་བའི་བྱ་འགུལ་སྣ་ཚོགས་རེ་རྒྱུན་མ་ཆད་པར་སྤེལ་གིན་ཡོད་པས་གཞིས་བྱེས་མི་དམངས་ཀྱི་མི་རིགས་ཀྱི་ལར་ཞེན་དང་རྒྱལ་གཅེས་བསམ་བློ་གོང་འཕེལ་གཏོང་ཐུབ་ཀིན་ཡོད་པ་མ་ཟད། རྒྱལ་ཁབ་མང་པོའི་ནང་དུ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྤུན་ཟླ་མི་མང་དང་ཚོགས་སྡེ། ཐ་ན་གྲོས་ཚོགས་ནང་བཅས་སུ་རྒྱ་སྐྱེད་ཆེ་རུ་འགྲོ་བཞིན་ཡོད། ལྷག་པར་བཙན་བྱོལ་གཞུང་གི་སྒྲིག་གཞི་འདིས་རྒྱ་ནག་དབུས་གཞུང་ལ་ཡང་དོགས་མི་བདེ་བའི་ཚོར་སྣང་ཤུགས་ཆེ་ཞིག་རྒྱུན་མ་ཆད་པར་སྤྲོད་ཀིན་ཡོད་པས་རྩ་བའི་ཆ་ནས་ང་ཚོས་མི་རིགས་ཀྱི་ལར་ཞེན་དང་རྒྱལ་གཅེས་བག་ཆགས་ཀྱི་འཕག་འཚག་ལ་གྲུབ་འབྲས་ཐོབ་ཀིན་ཡོད་པ་གསལ་བོ་རེད།

འོན་ཀྱང། ང་ཚོའི་འཕག་འཚག་འདི་དག་ཆིག་སྒྲིལ་སྟོབས་ཤུགས་ཀྱི་འཕག་འཚག་ཅིག་མིན་པས་རི་བོ་ཧི་མ་ལ་ཡས་ད་བར་འདར་ཡོམ་ཞིག་ཀྱང་བརྒྱབ་མྱོང་མེད། ང་ཚོའི་རྣམ་གྲངས་མང་བོའི་འཕག་འཚག་རེ་རེ་ནས་གླེང་མི་དགོས་པ་བྱོས། ད་ལྟ་སྐབས་སུ་བབ་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་གཉིས་ཏེ། བོད་རྒྱ་ཞི་མོལ་གྱི་ལམ་དབུ་མ་དང། མཐའ་གཅིག་ཏུ་བོད་རང་བཙན་མཁྲེགས་འཛིན་གྱི་ལམ་ཕྱོགས་འདི་ཡིན། ང་ཚོ་འདི་ལྟར་ལམ་ག་གཉིས་སུ་གྱེས་པས་ང་ཚོའི་ལྟ་སྤྱོད་གཅིག་གི་ཐོག་ལ་ཆིག་སྒྲིལ་གྱི་ནུས་པ་ཆུང་དུ་ཕྱིན་ཡོད། མི་མང་པོ་ཞིག་སྐབས་རེར་ལམ་དབུ་མའི་ཕྱོགས་སུ་ལངས་པ་དང། སྐབས་རེར་རང་བཙན་གྱི་ཕྱོགས་སུ་འགྲོ་བ། ད་དུང་དེའི་བར་ན་མི་ཉུང་བ་ཞིག་ཧད་དེ་ལུས་ཡོད། ཁག་ཅིག་ནི་བསམ་བཞིན་ཡིན་མིན་ལ་མ་ལྟོས་པར་དཀྲུག་ཤིང་པ་ཆགས་ཀིན་ཡོད། དེ་བས་ང་ཚོར་གོམ་སྟབས་གཅིག་གྱུར་གྱི་སྟོབས་ཤུགས་ཤིག་ཇི་ལྟར་ཡོད།

          དེ་ཡང་ཅུང་གསལ་བོར་བཤད་ན། ༧གོང་ས་མཆོག་དང་བོད་གཞུང་གིས་ལམ་དབུ་མའི་སྐོར་ཕྱི་ནང་ཡོངས་ལ་དྲིལ་བསྒྲགས་ཀྱིས་བོད་རྒྱ་ཞི་མོལ་གྱི་ཐབས་ལམ་འཚོལ་བ་དང། གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་བཙན་ཁོ་ནའི་ཁ་གཡང་སྒྲོགས་ནས་ལས་འགུལ་སྤེལ་གིན་ཡོད། ཡང་ཕྱོགས་གཞན་ཞིག་ན་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བས་ནང་དམེ་དང་དཀྲུག་ཤིང་གི་བྱ་བ་སྤེལ་ཀིན་ཡོད། ད་དུང་སྔོན་ཆད་ལི་ཐང་ཨ་ཐར་སོགས་ནས་ཀྱང་ནོར་འཁྲུལ་གྱིས་ནང་ཁུལ་ལ་འགལ་བ་ཆེན་པོ་བཟོས་ཡོད། བླ་མ་ཁ་ཤས་ཀྱི་རྗེས་འབྲང་མི་དམངས་ཁག་ཅིག་སྲིད་དོན་ལ་ཐེ་གཏོགས་མི་བྱེད་པའི་བར་སྡོད་རིང་ལུགས་པ་ཆགས། དེ་བས་ང་ཚོ་བཙན་བྱོལ་བ་སྤར་མོ་གང་བོ་དུམ་བུ་མང་པོར་ཆད་ཡོད། ད་སོམས་དང་མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར་མཁྲེགས་པོ་ཞིག་གང་ན་ཡོད། ངང་ཚུལ་འདི་ད་དུང་ཡང་འདི་མུར་ལྷག་ན་མཚམས་ཤིག་ང་ཚོས་དགྲ་བོར་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུ་བའི་ནུས་པ་ཡང་མེད་པར་འགྱུར། ཐ་ན་མཛུབ་མོ་རེ་ནས་ཞ་བར་འགྱུར་བའམ་ཡང་ན་འཆད་པར་འགྱུར། ངས་འདི་ལྟར་བཤད་པ་ང་ཚོའི་སེམས་ཤུགས་གཅོག་ཕྱིར་མིན་པར་བག་ཕེབས་ལྷོད་གཡེང་ངང་ཡོད་པའི་ང་ཚོར་སེམས་འཚབ་ཅིག་བསླངས་ཏེ་རང་སྐྱོན་ངོས་ཟིན་ནས་གོམ་སྟབས་གཅིག་གྱུར་དང་དཔུང་པ་མཉམ་གཤིབ་ཀྱིས་རྩ་དོན་གཅིག་བསྒྲུབ་ཕྱིར་ལམ་ཡང་དག་ལ་འཇུག་པའི་ཆེད་དུ་ཡིན།

          སྐབས་འདིར། ལམ་ཡང་དག་དེ་གང་ཡིན་ནམ། དེ་ལ་ཇི་ལྟར་འཇུག་དགོས་ཞེས་པའི་དྲི་བ་འདི་རང་བཞིན་གྱིས་སླེབས་ཡོད། ང་ཚོས་མངོན་ཤེས་ལྟ་བུས་ལམ་མ་ནོར་བ་དེ་གང་ཡིན་འཚོལ་ཐབས་མེད་ན་ཡང། དེ་རིང་གི་འཚོ་གནས་དང་སང་ཉིན་གྱི་འཚོ་གནས། ད་དུང་རང་རིགས་ཙམ་མ་ཡིན་པའི་འཚོ་གནས་བཅས་ལ་བསམ་གཞིགས་བྱས་ན། ལམ་དབུ་མ་ནི་འཚོ་གནས་ཀྱི་དམིགས་རྒྱ་ཡངས་པའི་ལམ་ཞིག་ཏུ་མཐོང་གིན་ཡོད། ལྷག་པར་དུ་ཡང་ལམ་འདི་ནི་གཞིས་བྱེས་མི་དམངས་ཚང་མའི་སེམས་ཁོང་ན་ཡིད་ཆེས་དད་པས་བཀུར་བའི་༧གོང་ས་མཆོག་གིས་བསྟན་གནང་བའི་ལམ་ཞིག་ཡིན་པ་མ་ཟད། ད་ཆ་དམངས་གཙོའི་ལམ་ནས་ཀྱང་གཅིག་མཐུན་བྱུང་བའི་བཙན་བྱོལ་གཞུང་གི་ལམ་ཕྱོགས་ཤིག་ཆགས་ཡོད་པས། ང་ཚོས་ལམ་ག་འདི་རང་དུ་ཤར་སྐྱོད་བྱེད་འོས་པ་ཞིག་ཡིན། ལམ་དབུ་མ་འདི་རང་བཙན་ལ་གོམ་པ་ཐོག་མ་སྤོ་བའི་སྲིད་དོན་གྱི་ལམ་ཞིག་རེད་སྙམ་ན་ནི་དེ་ནི་སྲིད་དོན་པ་སོ་སོའི་རྣམ་རྟོག་ཙམ་ལས༧གོང་ས་མཆོག་གི་དགོངས་པ་ངོ་མ་གཏན་ནས་མིན་པ་ཁོང་གི་གསུང་བཤད་རབས་དང་རིམ་པ་ན་ཧ་ཅང་གསལ། གལ་ཏེ་ཡིན་ན་ཁོང་གི་ལྷ་གཤིས་རང་བཞིན་དང་ཡང་འགལ་ཡོད། འོན་ཀྱང་ལམ་ག་དེ་མ་འོངས་པའི་དུས་ཤིག་ན་རང་བཙན་གྱི་འཇུག་ངོགས་ཤིག་ཏུ་འགྱུར་ཡང་མི་སྲིད་པ་མིན། དེ་ནི་མ་འོངས་པའི་བོད་མི་དམངས་ཀྱི་རེ་འདོད་ལ་རག་ལས་ཡོད།

          བོད་རྒྱ་ཞི་མོལ་གྱི་ལམ་འདི་གཙོ་བོ་རྒྱ་ནག་དབུས་གཞུང་དང་བཙན་བྱོལ་གཞུང་ངམ་༧གོང་ས་མཆོག་བར་གྱི་འབྲེལ་ལམ་ཞིག་ལས་ཐད་ཀར་མི་དམངས་ངོས་ན་སྒྲུབ་རྒྱུ་མེད་པ་ལྟ་བུ་ཞིག་ཡིན་ན་ཡང། ང་ཚོར་འོས་བབ་དང་འགན་ཁུར་གང་ཡང་མེད་པ་ཞིག་གཏན་ནས་མིན། ང་ཚོས་ནོར་འཁྲུལ་གྱི་སྤྱོད་ཚུལ་འགའ་རེ་བསྒྱུར་དགོས་བ་ཡོད། དཔེར་ན། རང་བཙན་སྐོར་གྱི་གཏམ་བཤད་རྙིང་པ་དང། གླེང་མོལ་དང་ཁ་གཡང་རྙིང་པ། བོད་ཀྱི་གནས་བབ་ངོ་མ་མ་ཤེས་པའི་འུར་སྒྲོགས་དང། ལོ་རྒྱུས་ཇི་བཞིན་མ་ཡིན་པའི་རྩོམ་ཡིག་སོགས་ད་ལྟའི་དུས་སུ་མི་འཚམས་པ་ཡིན། གཞུང་གི་ལངས་ཕྱོགས་གཅིག་དང་མི་དམངས་ངོས་ཀྱི་སྤྱོད་ཚུལ་མི་འདྲ་བའི་རྣམ་པ་འདི་དག་གིས་ང་རང་རང་ཚོ་ཡང་མགོ་རྨོངས་པར་འགྱུར་མཁན་ཡོད་ན་རྣམ་རྟོག་རྒོད་པོའི་རྒྱ་ནག་དབུས་གཞུང་དང་སྲིད་དོན་པ་དག་དེ་བས་ཀྱང་དོགས་འདྲོགས་ལངས་ངེས་ཡིན། ང་ཚོས་གཅིག་གྱུར་གྱིས་ཁ་བཤད་ལག་ལེན་གྱི་ཁ་དོན་མཚུངས་པའི་སྤྱོད་ཚུལ་གསལ་བོ་ཞིག་བསྟན་ཐུབ་པ་ཡིན་ན་དོགས་པ་འདི་རང་བཞིན་གྱིས་ཡལ་བར་འགྱུར། རྒྱ་དོགས་པ་དང་བོད་རེ་བས་འཕུང་ཟེར་བའི་གཏམ་དཔེ་འདི་སྐྱོར་བཞིན་ཤེས་བཞིན་དུ་ད་དུང་ཡང་ང་ཚོས་རེ་བ་མི་མཐུན་པ་རེ་བཟུང་ནས་སྤྱོད་ཚུལ་མི་འདྲ་བ་རེ་བསྟན་བསྡད་ན་རྒྱ་གཞུང་གིས་བཙན་བྱོལ་གཞུང་ལ་བཟུང་བའི་དོགས་སྣང་དེ་ཇི་ལྟར་མེད་པར་འགྲོའམ། ཕར་ཕྱོགས་ཀྱི་དོགས་པ་འདི་མ་ཡལ་བར་ང་ཚོའི་རེ་བ་ཡང་ཇི་ལྟར་འགྲུབ། རྒྱུ་མཚན་འདི་ལ་བརྟེན་ནས་ང་ཚོས་དེ་རིང་ནས་བཟུང་སྟེ་བོད་རྒྱ་ཞི་མོལ་གྱི་རེ་བ་འདི་འགྲུབ་པའི་སྔོན་འགྲོའམ་མཐུན་རྐྱེན་དུ་བོད་རང་བཙན་གྱི་བསམ་ཚུལ་འདི་བློས་གཏོང་ཐུབ་དགོས། ང་ཚོས་རང་བཙན་གྱི་ཁ་གཡང་རྙིང་པ་དེ་འདོར་དགོས། མགྲིན་དབྱངས་གཅིག་གིས་ལམ་དབུ་མའམ་བོད་རྒྱ་ཞི་མོལ་གྱི་ཁ་གཡང་སྒྲོག་དགོས། སུམ་ཅུའི་དུས་དྲན་གྱི་མཆི་མ་དང་ཁྲག་རྒྱུན་བཙན་གྱིས་བཀག་ནས་ང་ཚོས་མི་རིགས་རང་སྲིད་རང་སྐྱོང་གི་ཁེ་དབང་གཙང་མའི་རེ་སྨོན་མཚོན་པའི་དར་ཆ་གསར་བ་བསྒྲེངས་དགོས། ཞི་བའི་ངོ་རྒོལ་གྱི་རྣམ་པ་ཚང་མ་འདི་ལ་བསྒྱུར་དགོས། ཕྱོགས་བཅུར་སྒྲོག་པའི་ཁ་གཡང་ཐམས་ཅད་ཀྱང་འདི་ལ་ཕྱོགས་དགོས། ལྷག་པར་གལ་ཆེ་བ་ཞིག་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ངོས་ནས་ང་ཚོས་རྒྱ་ནག་དབུས་གཞུང་ལ་ཞི་མོལ་དབུ་འཛུགས་ཡོང་བའི་འབོད་སྐུལ་ཞུ་ཡིག་རྒྱུན་ཆད་མེད་པར་གཏོང་དགོས། དེ་བཞིན་རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་ཐོག་ལའང་ང་ཚོར་རྒྱབ་སྐྱོར་ཡོང་བའི་ཞུ་འབོད་སྒོ་ཀུན་ནས་སྤེལ་དགོས། གལ་ཏེ་༢༠༠༨་ལོའི་ཨོ་ལན་པིཀ་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་མ་འཚོགས་སྔོན་ལ་བོད་རྒྱ་ཞི་མོལ་གྱི་འགོ་མ་བཙུགས་ན་རྒྱ་ནག་ནང་ཨོ་ལན་པིཀ་རྩེད་རྒྱུ་ཕྱིར་འཐེན་བྱེད་དགོས་པ་སོགས་ཀྱི་འབོད་སྐུལ་དང་ལས་གཞི་ཕྱོགས་ཡོངས་ནས་རྒྱ་ཆེན་པོ་སྤེལ་བ་དགོས། དེ་ཡང་ཡིག་ཐོག་དང་ངག་ཐོག་ཙམ་མ་ཡིན་པར་ང་ཚོ་རང་ངོས་ནས་ཀྱང་ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད་སོགས་ཀྱི་བྱ་འགུལ་རྒྱུན་མ་ཆད་པར་ཤུགས་ཆེར་སྤེལ་ཐུབ་དགོས། དེ་འདྲ་བྱས་ན་ང་ཚོའི་བློས་གཏོང་ཆེན་པོའི་དྲང་བདེན་དང་ཤུགས་དྲག་པའི་རེ་སྨོན་ལ་ཡི་རང་དང་རོགས་སྐྱོར་བྱེད་མཁན་མང་དུ་འགྲོ་ཞིང། གཞིས་ལུས་མི་མང་ཡང་རྗེས་སུ་འབྲང་ཐུབ། ཐ་ན་རྒྱ་ནག་མི་དམངས་ནང་ནས་ཀྱང་ང་ཚོར་དགའ་བསུ་བྱེད་མཁན་ཡོང་ངེས། སྐབས་འདི་འདྲ་ཞིག་ལ་སླེབས་དུས་ལམ་དབུ་མའི་རྒྱལ་ཁའི་སྐྱ་རེངས་ཤར་བ་ཡིན།

          ཁ་སང་དེ་རིང་ང་ཚོས་བཀའ་ཁྲི་འོས་འདེམས་ཐད་ལ་ཡང་ཁག་ཅིག་གིས་བོད་རྒྱ་ཞི་མོལ་གཙིགས་སུ་བཟུང་ནས་དེའི་འཇོན་ཐང་དམིགས་བསལ་ཅན་ཞིག་སུ་ཡོད་ལ་ཤུགས་བརྒྱབ་པ་དང། འགའ་ཞིག་གིས་བཙན་བྱོལ་གཞུང་རང་ཚགས་ཚུད་གཙོས་ཕྱོགས་ཡོངས་ལ་ཕན་ནུས་ཐོན་པའི་མཁྱེན་རྒྱ་ཅན་ཞིག་སུ་ཡོད་ལ་དམིགས་ཡོད། ཁོ་བོས་འདིའི་སྔོན་ང་ཚོར་བཀའ་ཁྲིར་འོས་པའི་སྤྱི་མི་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དང་ཟམ་གདོང་རིན་པོ་ཆེ་མཆོག་རྣམ་གཉིས་ལས་ལྷག་ཅིག་མེད་ཚུལ་དང༌། དེ་ཡང་ང་ཚོའི་སྐབས་སུ་བབ་པའི་རྩ་དོན་གཙོ་བོ་ལམ་དབུ་མའི་རྒྱལ་ཁ་བསུ་བའི་མཁྱེན་ནུས་རྒྱལ་ལོ་དོན་གྲུབ་མཆོག་ལས་སུ་ཡང་མེད་ཚུལ་གྱི་བསམ་ཚུལ་བཏོན་ཡོད། དེ་རིང་འོས་གྲངས་ལ་བལྟས་དུས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་གཏན་འཁེལ་གིན་འདུག ཁོང་གིས་སོྔན་མའི་བཀའ་ཁྲི་དག་དང་མི་འདྲ་བའི་ཕྱག་རྗེས་རླབས་ཆེན་གསར་བ་ཞིག་འཇོག་གནང་བར་ང་ཚོས་རེ་བ་བྱེད་ཀིན་ཡོད། དེ་བས་ཁོང་གིས་ཀྱང་མཁྱེན་ནུས་ཡོད་དགུ་རྩལ་སྤྲུགས་ཀྱིས་ནུས་པ་འདོན་པའི་ཡིད་ཆེས་ཡོད། འོན་ཀྱང་ང་ཚོའི་རྩ་དོན་འདི་མི་གཅིག་རང་གི་ནུས་པ་ཁོ་ནར་ཐུག་པ་ཞིག་མིན་ལ་ལྷག་པར་བཀའ་ཁྲི་ཁོ་ནའི་འགན་ཞིག་མིན་པས། ཁོང་གི་ཕྱག་རོགས་བཀའ་བློན་རྣམ་པ་དང། བོད་མིདམངས་སྤྱི་འཐུས། ཚོགས་སྡེ། མི་སྒེར་དང་བཅས་པས་ཕན་ཚུན་ལྟད་མོ་ལྟ་རེས་མ་ཡིན་པའི་མཉམ་འབྲེལ་གྱི་ནུས་པ་འདོན་རྒྱུ་ཤིན་ཏུ་གལ་ཆེ། ལྷག་པར་རྒྱལ་བོ་དོན་གྲུབ་མཆོག་མ་མཐའ་ཡང་ཕྱི་འབྲེལ་བཀའ་བློན་གནང་ནས་བོད་རྒྱ་ཞི་མོལ་བར་ལ་ཟམ་པ་འཛུགས་རྒྱུར་དབུ་འདྲེན་གནང་ན། རྒྱ་དོགས་པ་དང་བོད་རེ་བས་འཕུང་བའི་གཏམ་དཔེ་རྙིང་བ་འདིའི་མཇུག་སྡུད་ཐུབ་པའི་རེ་བ་ཡོད། གལ་ཏེ་བོད་རྒྱ་ཞི་མོལ་མ་ཡོང་ན་རང་བཙན་ནི་དེ་བས་ཀྱང་རྨི་ལམ་ཡིན་པས་ང་ཚོས་འཕག་འཚག་གཞན་པ་ཇི་ལྟར་བརྒྱབ་ཀྱང་ཡར་ལངས་ཐུབ་པའི་འཕག་འཚག་ཅིག་རྒྱག་དཀའ་བ་ཡིན་ནོ། །

 

༢༠༠༡ལོར་བཏོན་པའི<<བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཞིབ་འཇུག་དེབ་ཕྲེང>>གཉིས་པར་བཀོད།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php