གངས་སེང་དཀར་མོའི་གཡུ་རལ་མཁའ་ན་འཕྱོ།

 

 

ངས་གླེང་འདོད་པའི་ཡ་ཁོག་གི་སྐད་ཆ།

https://tsornangg.wordpress.com/2012/11/ ལས་ཟུར་དུ་ཕྱུང་།

 

 

 

དང་བོ། བཙན་བྱོལ་སྤྱི་ཚོགས་དང་འབྲེལ་ནས་སྙན་ངག་པ་གླེང་བ།

 

རང་རེའི་བཙན་བྱོལ་བོད་གཞུང་ན་སྙན་ངག་པའམ་རྩོམ་པ་པོ།རྩོམ་རིག་སྨྲ་བའི་སློབ་དཔོན་ཆེན་མོ་སུ་རེད་ཟེར་བའི་གླེང་སློང་ཞིག་བྱུང་བ་ཡིན་ན། རྩོམ་དགེ་ཆབ་བྲག་ལྷ་མོ་སྐྱབས་ནི་མཛུབ་མོ་ནང་འགུག་གྲས་ཀྱི་ཐོག་མ་དེ་ཡིན་རྒྱུ་རེད་ལ། ཐུན་མོང་གི་ལྟར་སྣང་དུའང་གྲུབ་ཡོད་པས་བོད་པ་ཚང་གི་ཡིག་ངོ་ཆོད་པའི་མཁས་བླུན་སུ་ཡིན་ཡང་ཁས་མི་ལེན་པ་ཕལ་ཆེར་ཡོད་སྲིད་རྒྱུ་མ་རེད། གང་ལྟར་ཁས་ལེན་མིན་ཅི་ལྟར་ཡིན་རུང་གཙོ་བོ་དེ་ཁ་ཡོད་ལག་ཡོད་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་རྩོམ་རིགས་སྡིངས་ཆའི་སྟེང་ན་བྱས་རྗེས་མི་དམན་པ་ཞིག་འཇོག་དང་འཇོག་བཞིན་པ་འདི་ཡིས་འཐུས།

ལྷག་པར་དུ་རྩོམ་དགེ་ཆབ་བྲག་ལྷ་མོ་སྐྱབས་དང་དཔུང་སྡེ་གཅིག་པའི་རྩོམ་རིགས་ཀྱི་གྲལ་མཐའ་ན་འཚང་བའི་མི་སྣ་སྐོར་ཞིག་བཙན་བྱོལ་དུ་མ་འབྱོར་བའི་ཡར་སྔོན་དུ་བཙན་བྱོལ་བོད་གཞུང་ལ་རྩོམ་རིག་གི་ཐ་སྙད་ཙམ་ལས། ཁ་སང་དེ་རིང་གི་དར་ཁྱབ་ཆེ་བའི་རྩོམ་རིགས་ཀྱི་གླིང་ག་ཞིག་ཕལ་ཆེར་བསྐྲུན་མེད་ཚོད་རེད། དེའི་ཉེར་ལེན་ལས་གཞིས་ལུས་ཀྱི་རྩོམ་ཡིག་དང་བསྡུར་ན་བྱེས་འབྱོར་བའི་རྩོམ་ཡིག་ནི་ལད་བཟློས་བསྐྱར་བཟློས་ལྟར་ར་བཟི་བ་ཞིག་གིས་མགོ་རྔ་གོ་རིམ་མེད་པའི་སྐད་ཆའི་ལྟར་སྣང་དུ་གྲུབ་འདུག་པས་མཚོན། སེམས་འཚུབ་འདིའི་ཁྲོད་ནས་རྩོམ་དགེ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་རྩོམ་འབྲི་རིག་པ་འདི་ནི་སྤྱི་ཚོགས་གང་དང་གང་ལ་མེད་དུ་མི་རུང་བའི་ལག་ཆ་ལྟ་བུ་ཞིག་གམ་དྲན་སྐུལ་གྱི་ཅོང་བརྡ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་པ་མ་ཟད། མི་དྲག་ཞན་བར་མ་སུ་དང་སུལའང་མི་མཁོ་བ་མེད་པའི་སྤྱི་འགྲོས་དེ་རྟོགས་ནས་མི་བུ་རང་ཉིད་ནས་འགོ་བརྩམས་ཏེ་རྩོམ་འབྲི་བའི་ལས་ལ་སྤྲོ་བས་ཞུགས་ཞོར་མི་རབས་གསར་བ་དག་ལའང་གལ་འགངས་ཆེ་བའི་དགེ་མཚན་དེ་བསམ་ནས། དེ་ལ་འཛིན་སྐྱོང་སྤེལ་གསུམ་བྱེད་ཆེད<<རྩམ་པ>>དུས་དེབ་དང་ཟླ་རེ་ཚགས་པར<<སྤྱི་ཚོགས་མེ་ལོང་>>སོགས་བཞེངས་བསྐྲུན་བྱས་ཏེ་བཙན་བྱོལ་བའི་མི་རབས་གསར་བའི་རྩོམ་རིག་གི་ཞིང་ས་སྐྲུན་མཁན་དང་བདག་སྐྱོང་དར་སྤེལ་བྱེད་མཁན་གྱི་གལ་འགངས་ཆེ་བའི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། དེ་ལས་ཀྱང་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་རྩོམ་པ་པོ་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་པ་འདིའང་རྩོམ་དགེ་ཆབ་བྲག་ལྷ་མོ་སྐྱབས་ཀྱི་རླབས་ཆེན་གྱི་བྱས་རྗེས་ཤིག་ཏུ་བརྩི་ཆོག་ལ། གངས་ཅན་ཁ་བའི་ལྗོངས་ཀྱི་རྩོམ་རིགས་ཀྱི་གླིང་ག་ན་གོ་ས་ངེས་ཅན་ཞིག་ཀྱང་བཟུང་ཡོད་པར་འདོད་དོ།

རྩོམ་དགེ་ཆབ་བྲག་ལྷ་མོ་སྐྱབས་ནི་བོད་ཕྱི་ནང་གཉིས་སུ་རླབས་ཆེ་བའི་དགེ་རྒན་གྱི་ཕྱག་ལས་གནང་ནས་མི་ལོ་ཉི་ཤུ་ཡས་མས་ཤིག་འགྲོ་བཞིན་ཡོད་ལ། དེའི་རིང་དུ་རྩོམ་རིག་སྨྲ་བའི་ཕྱག་ལས་གནང་སྟེ་བོད་ཀྱི་རྩོམ་རིག་ཡོད་པ་ནས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད་པ་སྨོས་མེད་རེད་ལ། ད་ལྟ་ད་དུང་འཛིན་སྐྱོང་སྤེལ་གསུམ་གྱི་ཕྲག་འགན་བཞེས་ཏེ་སློབ་གཉེར་བ་མི་ཉུང་བ་ཞིག་བསྐྱངས་དང་སྐྱོང་བཞིན་པའི་འགན་བཞེས་ཏེ་འཛམ་བུ་གླིང་གི་རྩོམ་རིགས་ཀྱི་གླེང་སྟེགས་སྒང་ན་བོད་པ་ཚང་གི་རྩོམ་རིག་དགེ་མཚན་དེའང་རྒྱལ་སྤྱིའི་རང་བཞིན་ཅན་དུ་ཁ་ཕྱོགས་པའམ་མཉམ་འགྲོགས་མཉམ་གཤིབ་ཀྱི་གོ་ས་ངེས་ཅན་ཞིག་ཀྱང་བསྐྲུན་ཐུབ་ཡོད་པ་དེ་རེད།

 

གཉིས་པ། <<མྱ་ངན་གྱི་སྐྲ་ལོ>>འི་རྩོམ་ཐབས་དང་འབྲེལ་ནས་རང་མོས་སྙན་ངག་གླེང་བ།

 

དེ་ཡང་མཁྱེན་གསལ་ལྟར་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་སྐབས་སུ་རྣོམ་དཔྱོད་ཀྱི་རྩལ་དྲུག་རྫོགས་པའི་རྩོམ་རིག་གསར་བའི་དེད་དཔོན་འདས་པོ་དཔལ་དོན་གྲུབ་རྒྱལ་མཆོག་གིས་གསར་རྩོམ་གནང་བའི<<ལང་ཚོ་རྦབ་ཆུ>>བྱུང་བ་ནས་བཟུང་གནམ་ས་ཁ་ལོ་བསྒྱུར་བ་ལྟ་བུའི་རྩོམ་རིག་གི་ཁ་ཕྱོགས་ཀྱང་མི་རིགས་རང་བཞིན་ཅན་དུ་གྱུར་ནས་བོད་པའི་བདེ་སྡུག་དང་ཁོག་དཔུང༌། ལ་རྒྱའི་ངར་ཤུགས་ཀྱིས་ཁེངས་པའི་ལོ་རབས་བརྒྱད་ཅུ་བའི་གཞོན་ནུ་རྣམས་ཀྱི་སྙིང་སྟོབས་དང་རྩོམ་རིག་གི་ཡོ་ལང་རྒྱས་པའི་དུས་རབས་ཤིག་རེད་ཟེར་ནས་བརྗོད་པ་ཞིག་པ་རེད། ཡིན་ནའང་རྩོམ་རིགས་གསར་བ་དབུ་བརྙེས་ནས་ད་ལྟ་བར་དུ་མི་ལོ་ཉི་ཤུ་ཡས་མས་ཤིག་འགྲོ་བཞིན་ཡོད་ནའང་བཙན་བྱོལ་བོད་མིའི་ཁྲོད་ན་ལད་བཟློས་བསྐྱར་བཟློས་བྱེད་པ་ལས་རང་རྐྱ་འཕར་བའི་རྩོམ་ཡིག་ཞིག་ད་སྔ་བར་དུ་བྱུང་མྱོང་མེད་ལ་མ་འོངས་པ་ཡིན་ནའང་ཐེ་ཚོམ་གྱི་གནས་ལས་མ་འདས། དེའི་རྒྱུ་རྐྱེན་ལ་བསམ་བློ་གཏོང་ཐེངས་རེར་པདྨ་འབུམ་ཡིད་ལ་ཝ་ལེར་དྲན་ཡོང་བ་མ་ཟད། མཁས་པའི་མིང་འཛིན་པ་རྒན་གཞོན་ཁ་ཤས་ཀྱི་སྐྱུགས་བྲོ་བའི་སྐྱོ་གར་ཞིག་ཀྱང་ཡིད་གར་འཛུལ་ཡོང་བའི་མོད་ལ། རྩོམ་རིག་གསར་བའི་མདུན་ལམ་དེའང་ཆག་སྒོ་རང་བཞིན་དུ་གྱུར་ནས་ལམ་ལྷུང་མ་བྱུང་བའི་ཉེར་ལེན་ལས་དེང་སང་མཇུག་འབྲས་དུས་དེབ་དང༌། སྒེར་དེབ་སོགས་ཀྱི་སྟེང་ན་བཤད་མ་དགོས་པར་བཤམས་ཡོད་པས་རང་མོས་སྙན་ངག་ལ་བཙན་འཛུལ་བྱེད་དང་བྱེད་བཞིན་པ་འདི་ནི་ཡ་ང་བའི་ཚོད་རེད།

ལྷག་པར་དུ་ད་ལྟ་ད་དུང་ཉེ་བའི་ཆར་མཁས་མིང་འཛིན་པ་ཁ་ཤས་ནས་རང་མོས་མ་མོས་ཅི་ཡང་གོ་རྒྱུ་མི་འདུག་ཟེར་ནས་བཀའ་བཀྱོན་གནང་བཞིན་འདུག་པ་མ་ཟད།ཚགས་པར་ཁ་ཤས་ནས་ས་མིག་ཡང་མ་གནང་བར་ཨུ་ཚུགས་ཨ་འཐས་སུ་འཛིན་དང་འཛིན་བཞིན་པ་འདི་དག་མཐོང་དུས། འུ་ཚང་གི་རྩོམ་རིགས་ལ་ཡར་རྒྱས་མེད་པའང་ཁག་མི་འདུག་པ་གཞི་ནས་རྟོགས་ཀྱིན་འདུག་ལ། དེ་ལས་ཀྱང་ཁྱད་མཚར་བ་ཞིག་ལ་རང་མོས་སྙན་ངག་འདི་གསར་གཏོད་བྱེད་མཁན་ནི་འདས་པོ་དཔལ་དོན་གྲུབ་རྒྱལ་མ་ཡིན་པའི་ཁུངས་ལུང་མེད་པའི་འཆལ་གཏམ་ཞིག་སྒྲོག་བཞིན་པ་འདི་ནི་ཀུན་སློང་མ་གཙང་བའི་ཉེར་ལས་རང་ཉིད་ཀུན་ལས་མཆོག་ཏུ་བརྩི་འདོད་ཀྱི་ཧམ་སེམས་ཤིག་ཡིན་པ་ལས་གཞན་མ་མཆིས། དེ་ནི་བོད་པ་ཚང་གི་སྐྱོ་གར་ཞིག་ཡིན་ལ། དེ་ལས་ཀྱང་ཡ་ང་བའི་ཕྲག་དོག་གིས་བྱེད་ནུས་ལས་རྩོམ་རིགས་གསར་བའི་དེད་དཔོན་དཔལ་དོན་གྲུབ་རྒྱལ་ཡང་དེ་ལྟར་འདས་པ་མ་ཡིན་ནམ། ད་དུང་ཕྱིས་འགྱོད་ཀྱི་རྗེས་ན་རང་མོས་སྙན་ངག་ལ་གཞུང་ལུགས་ཤིག་དགོས་མིན་གྱི་བགྲོ་གླེང་ཞིག་ཝ་ན་མཐོ་སློབ་དུ་ཚོགས་ཟིན་ལ། གཞུང་ལུགས་ཤིག་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་ཡིན་ཡང་འུ་ཚོས་ཅི་ཞིག་བྱའོ།

རྩོམ་རིག་སྨྲ་བ་སློབ་དཔོན་ཆབ་བྲག་ལྷ་མོ་སྐྱབས་ནི་དེ་དག་ལས་གཟེངས་སུ་ཐོན་པའི་མི་སྣ་ཞིག་ཡིན་པ་མ་ཟད། སྐབས་དེའི་པདྨ་འབུམ་གྱིས་<<མི་རབས་གསར་བའི་སྙིང་གི་འཕར་ལྡིང་>>ལས་འཕྲོས་ཏེ་རྩོམ་རིག་གསར་བའི་བྱེད་ནུས་དང་ཁྱད་ཆོས། དགེ་ཕན་ཐོག་མར་གླེང་མཁན་དེ་ཡིན་ལ། སྐབས་དེར་རྩོམ་རིག་གསར་རྙིང་གཉིས་དང་མི་རབས་གསར་རྙིང་གཉིས་ཀྱིས་བཙུར་བརྡར་ཁྲོད་དུ་བློ་གཟུ་བོར་གནས་ཐུབ་པ་དེའང་མིག་རྒྱང་རིང་བོའི་གནས་ལས་མ་འདས་པས། ཁོ་བོས་ཀྱང་རང་ནུས་ལྕོགས་ཚད་ཀྱིས<<མྱ་ངན་གྱི་སྐྲ་ལོ>>ལ་དགའ་ཞིང་སྤྲོ་བས་ཀུན་ནས་སྤྲོས་ཏེ་དཔྱད་ཁུལ་ཞིག་བྱའོ།

གསུམ་པ། <<མྱ་ངན་གྱི་སྐྲ་ལོ>> ལས་འཕྲོས་ཏེ་མིརིགས་ལ་བཅངས་པའི་ཆོད་སེམས།

 

མི་ལ་གཏན་ཚིགས་དང་རང་གཤིས་དགོས་ལ། དེ་ལས་ཀྱང་བླ་མེད་ཀྱི་འདུན་པ་ཞིག་ཅིས་ཀྱང་དགོས། རྩོམ་དགེ་ཆབ་བྲག་ལྷ་མོ་སྐྱབས་ནི་དེ་དག་གི་ཁྱབ་ཁོངས་ལས་མ་འདུས་པ་མེད་པས<<མྱ་ངན་གྱི་སྐྲ་ལོ>>ན་གསལ་ལྷང་ངེར་བསྟན་ཡོད། རྒྱུ་མཚན་ནི་སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ལས་བཞེངས་བསྐྲུན་བྱས་པ་ཞིག་ཡིན་ལ། རྩོམ་པ་པོས་མི་གཤིས་དང་ལར་ཞེན། དགའ་སྐྱོ་ཆགས་སྡང་གིས་གྲུབ་པའི་མཚོན་དོན་ཞིག་ཀྱང་ཡིན་ཟེར་བ་ནི་ཅི་ནས་ཀྱང་བདེན་པར་འཁུམས་ལ་རྩོམ་དགེ་ཆབ་བྲག་ལྷ་མོ་སྐྱབས་ཅི་འདྲ་ཅིག་ཡིན་པའང་<<མྱ་ངན་གྱི་སྐྲ་ལོ>>ན་གསལ་སྤྲོད་ཐེངས་གཅིག་བྱས་པ་འདི་ལས་ཀྱང་དཔོག་ནུས་པ་ཞིག་རེད།

ང་ཚོས་ཁོ་བོའི་སྙན་རྩོམ་འདི་ཀློག་ཐེངས་རེར་ཞུམ་མེད་ཀྱི་སྙིང་སྟོབས་ཤིག་དང་མི་རིགས་ཤིག་ལ་བཅངས་པའི་བརྩེ་བ་རྣལ་མ་ཞིག་གིས་རྒྱབ་ལྗོངས་ཀྱང་རྟོགས་ཡོང་བ་དེ་རེད་ལ། དེ་འདྲའི་ཆོད་སེམས་བརྟན་པོ་ཞིག་ལུས་ལ་སྤྲས་ཏེ་མི་རིགས་ཤིག་གི་ལས་དབང་ནི་རང་ཉིད་ཀྱི་ཐོད་ལ་བཅངས་པའི་དབུ་སྐྲ་ལྟར་ནམ་རྒྱུན་ས་རུབ་ཐེངས་རེ་དང་གནམ་ལངས་ཐེངས་རེར་བྱིལ་བྱིལ་བྱེད་དགོས་པ་དེ་བཞིན་ནམ་ཡང་སེམས་ཁུངས་ནས་དོར་མྱོང་མེད། སྐྲ་ལོ་དེའང་རང་བཞིན་གྱི་སྐྲ་ལོ་དཀྱུས་མ་ཞིག་མ་ཡིན་པར་མི་རིགས་ཤིག་གི་མཚོན་དོན་གཞི་ལ་བཞག་པའི་སྟེང་ནས་རྩོམ་པ་པོས་རང་སེམས་ཀྱི་ཉམས་སྣང་ངམ་ཆོད་སེམས་དེ་ཕྱི་བཀོད་ཀྱི་རྣམ་པ་ཞིག་ལ་སྦྱར་ཏེ། སྤྱི་ཚོགས་སམ་མི་རིགས་ཤིག་གི་ལས་དབང་ཕྱིར་བྱུང་བ་དང་བསྟུན་ནས་ཚོ་ཁག་དང་མི་རིགས། རིགས་རྒྱུད་ཅིག་ལ་ཕུལ་བའི་སྐུལ་མའམ་མདུན་བསྐྱོད་ཀྱི་ཆོད་སེམས་ཞིག་ཀྱང་བཞེངས་བསྐྲུན་བྱས་འདུག

དེ་ན་སྡུག་སྣང་གི་ཉམས་སྣང་འདི་ལས་ལོ་རྒྱུས་ལ་ཕྱིར་འདང་དང་མི་རིགས་ཤིག་གི་ཆེད་དུ་རང་སྲོག་བློས་བཏང་གི་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་དང༌། ཕྱིར་དྲན་གྱི་བསམ་གཞིགས་ཤིག་ཀྱང་བྱས་ཡོད་པ་འདི་ནི་ཁྲེལ་ཡོད་གཞུང་དྲང་གི་མི་གཤིས་ཤིག་མཚོན་པར་བྱས་པ་མ་ཟད། དེ་དག་གི་ལས་སྣེ་ཁྲོད་ནས་རང་ཉིད་ཀྱི་ཚོར་འདུ་ཕྱི་རུ་བཀྲམས་ནས་མྱ་ངན་གྱིས་གདུང་བ་ཤུགས་ཆེར་གླེང་སྟེ། མཐའ་ཡི་སྣེ་མོ་མ་ཟིན་བར་དུ་རང་ཉིད་ཀྱི་ཡོད་ཚད་གཏའ་མར་བཞག་ནས་ཕུལ་རྩིས་ཡོད་པའི་ཆོད་སེམས་དེ་ནི་བརྟན་ཅིང་རླབས་ཆེ་བ་ཞིག་ཀྱང་རེད་དོ།

 

བཞི་བ། <<མྱ་ངན་གྱི་སྐྲ་ལོ>> ལས་འཕྲོས་པའི་སྐྲ་ལོ།

 

རང་མི་རིགས་འདི་ལ་གནའ་སྔ་མོ་ནས་སྐྲ་ལོ་ཞིག་འཇོག་སྲོལ་ཡོད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་མཚོན་དོན་ཞིག་ཕལ་ཆེར་མེད་ཚོད་རེད། དེས་ན་དེ་ནི་གདོད་མ་ནས་ལྷན་སྐྱེས་ཀྱི་སྐྱེས་ཡོང་བ་ཞིག་ཡིན་པ་དང་སྐབས་དེའི་མིའི་བསམ་བློའམ་ཆ་རྐྱེན་གང་གིས་ཕྱོགས་ཐད་ནས་མ་འདང་བའི་རྐྱེན་གྱིས་མི་འཇོག་ཐབས་མེད་དུ་གྱུར་བ་ཡིན་པ་ལས་རྩོམ་དགེ་ཆབ་བྲག་ལྷ་མོ་སྐྱབས་ཀྱི་སྐྲ་ལོ་ལྟར་སྣང་ཇི་བཞིན་མ་ཡིན་པར་བསམ། ཡིན་ནའང་བོད་ལ་བྱེ་བྲག་གི་ཐུན་མོང་མ་ཡིན་པའི་དབུ་སྐྲ་འཇོག་སྲོལ་ཞིག་ཡོད་པ་ནི་སྔགས་འཆང་གི་དབུ་སྐྲ་དེ་ཡིན་ལ། དེ་ནི་ཆོས་ལུགས་པའི་གོམས་སྲོལ་ཞིག་དང་ཆོ་གའི་བྱེད་ལས་ཤིག་ཡིན་པ་ལས་བོད་ཀྱི་ངོ་བོ་མཚོན་སྲོལ་ཐུན་མོང་ལ་གོམས་པའི་ཡུལ་སྲོལ་ཞིག་གཏན་ནས་མིན་པ་མ་ཟད །མི་རིགས་ཀྱི་བདེ་སྡུག་མཚོན་བྱེད་ནི་དེ་བས་ཀྱང་ག་ལ་ཡིན། བར་སྐབས་ཤིག་ལ་མདོ་སྨད་ཀྱི་ཕྱོགས་ནས་དབུ་སྐྲ་རིང་བོ་ཞིག་འཇོག་པའི་རྣམ་པ་ཞིག་ཇེ་ཆེར་དར་བ་དང༌། དེའང་ཡོན་ཏན་པའི་སྡེ་ནས་བྱུང་བ་དང་ལྷག་པར་དུ་སྙན་ངག་པའམ་རྩོམ་པ་པོ། སྒྱུ་རྩལ་བ་ཚོས་མི་དཀྱུས་མ་ལས་རང་ཉིད་གཟེངས་སུ་ཐོན་པའི་རྟགས་མཚན་ཞིག་དང་ཕ་རོལ་བའི་དོ་སྣང་ཡོང་བའི་ཆེད་དུ་བཞག་པ་ཞིག་མིན་ནམ་སྙམ། དེ་དང་བསྟུན་ནས་རིམ་བཞིན་སློབ་གྲྭ་ཆེན་མོའི་སློབ་མ་ཚོས་སྐྲ་རིང་བོ་འཇོག་སྲོལ་དར་བ་ནས་བཟུང་བོད་ཆོལ་ཁ་གསུམ་དུ་དར་འགོ་ཚུགས་པ་དང་མཉམ་དུ་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཅན་དུ་གྱུར་འགོ་ཚུགས་པ་རེད།

རྩོམ་དགེ་ཆབ་བྲག་ལྷ་མོ་སྐྱབས་ཀྱི་<<མྱ་ངན་གྱི་སྐྲ་ལོ>>ནི་དེ་དག་ལས་ཁྱད་དུ་འཕགས་པའི་མཚོན་དོན་ཞིག་ཡོད་པ་མ་ཟད། མི་རིགས་ཤིག་གི་ལས་དབང་ལ་འཐིམས་པའི་མྱ་ངན་གྱི་གདུང་བ་ཞིག་དང་ཆོད་སེམས་ཀྱི་ལྕགས་ཕུར་ཞིག་དང་གཉིས་སུ་མ་མཆིས་ལ། ངོ་རྒོལ་གྱི་རྣམ་པ་ཞིག་དང་ཁྱབ་བསྒྲགས་ཀྱི་ཡོན་ཏན་ཞིག་ཀྱང་ཚང་བར་འདོད། དེ་ལྟ་བུའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ལྡན་ལ། ཁོ་བོས་ཀྱངའདི་ལྟར་གླེང་འདུག

   "ང་ཡི་སྐྲ་ལོ་ལ་ཐུན་མིན་གྱི་ཁྱད་ཆོས་ཡོད/ང་ཡི་སྐྲ་ལོ་ནི་སྡུག་བསྔལ་གྱི་ཚེར་མ་ཡིན/ང་ཡི་སྐྲ་ལོ་ནི་མི་རིགས་ཀྱི་གདུང་སེམས་ཡིན/ང་ནི་མྱ་ངན་གྱིས་མནར་བའི་ནད་པ་ཞིག་ཡིན/’’ཟེར་བ་ལས་ཀྱང་ང་ཚོར་འཁྲང་སེམས་ལྕི་མོ་ཞིག་དང་ན་ཟུག་གི་རི་རབ་ཅིག ལས་འགན་ལྗིད་མོ་ཞིག་གི་ཁུར་བོ་བཀལ་ཡོད་པས། འུ་ཚོས་བསམ་པའི་བསམ་པ་སྟོན་ཞོར་ལག་པའི་ནང་དུ་ལག་པ་འཇོག་ཞོར་མི་རིགས་འདི་ཉེན་འཕྲང་གི་གཡུལ་ས་ལས་སྐྱོབ་དགོས་ཚུལ་དང༌། ལྷག་པར་དུ་མི་ལ་ཁོག་དཔུང་དང་ལ་རྒྱ། གཏན་ཚིགས་ལྡན་པའི་མི་གཤིས་ཤིག་དགོས་པ་སློང་བསྐྲུན་བྱས་ཡོད་པ་མ་ཟད། མི་བུ་རང་ཉིད་ནས་འགོ་བརྩམས་པའི་རང་གཤིས་རྣལ་མ་ཞིག་དང་ཆོད་སེམས་བརྟན་པོ་ཞིག་རྩོམ་པ་པོའི་རང་གཤིས་སུ་གྲུབ་འདུག་གོ།

 

    མདོར་ན་རྩོམ་དགེ་ཆབ་བྲག་ལྷ་མོ་སྐྱབས་ཀྱི་ལུས་སེམས་གཉིས་སུ་མི་རིགས་ཤིག་གི་ལར་ཞེན་དང་གཏན་ཚིགས།ཆོད་སེམས་སོགས་ཀྱིས་ཀུན་ནས་སྤྲས་ཏེ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་མི་ཚེ་འདི་གཏའ་མར་ཡིན་ཡང་འཇོག་ཐུབ་པའི་གདེང་ཚོད་དེ་ཧ་ཅང་རླབས་ཆེ་བ་དང་བརྗིད་ཉམས་ལྡན་པ་ཞིག་ཡིན་པས། འུ་ཚོས་ཀྱང་འདི་ལྟ་བུ་མིག་དཔེ་རུ་འཛིན་དགོས་པ་དང་དེ་ག་ནང་བཞིན་ཆོད་སེམས་ཤིག་དགོས་པའི་དུས་ལ་སླེབས་འདུག་པས་བོད་པ་ཚང་གི་ཡོན་ཏན་པའི་སྡེ་ལ་འབོད་སྐུལ་ཞིག་ཀྱང་ཁོ་བོས་ངག་ནས་ཤོར་སོང་ངོ༌། །

 

རི་ལ་འཁྱམས་པའི་འབྲོང་རྒོད་ཁྱུ་ཚོགས་ལྷས་རྭ་གྲུ་བཞིའི་བཙོན་དུ་བཏགས།།

སྲབ་མེད་རྒོད་པོར་ཞགས་ནག་བསྐོན་ནས་དམ་དུ་བཏེགས་པའི་ལོ་རྒྱུས་རྙེད།།

མེས་པོའི་སྦྲ་ནག་དྲོད་ཁོལ་འཁྱིལ་བའི་འོད་རླབས་མཁའ་དབྱིངས་འདི་ནས་སྤུར།།

ཀ་ཁའི་སྲོག་དབུགས་འགག་ལ་ཉེ་དུས་རིགས་རུས་རློན་པའི་དྲིན་གྱིས་བསྐྱངས།།

 

གང་གིས་བརྩེ་བའི་འོད་རླབས་རེ་ན་ཆོལ་གསུམ་སྤུན་ཟླའི་སྙིང་སྟོབས་འཕྱོ།།

 

མཁའ་ལ་རྒྱུ་བའི་སྤྲིན་དཀར་འདྲ་བའི་སློབ་ཕྲུག་སྟོང་ཕྲག་འཚོ་ཞོར་དུ།།

རྫ་ལམ་གཤར་བའི་རི་སྤྱང་སྔོན་མོར་ཀི་རིང་བཏབ་པས་སྙིང་རྩ་གད།།

 

https://tsornangg.wordpress.com/2012/11/

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php