བཟི་གཏམ་ཞིག་གི་དྲན་ཤིང་།

 

 རོལ་མྱོང་ཐེངས་གཅིག་གི་བཟི་གཏམ་ཐོར་བུ་ཞེས་པའི་སྙན་ཚིག་འདི་བཀླགས་ནས་ཕལ་ཆེར་ལོ་ངོ་ལྔ་འགོར་གྱི་ཡོད། ངས་མཚམས་མཚམས་ལ་སྙན་ཚིག་འདི་བཀླགས་པ་ཡིན། ངས་ཀློག་ཐེངས་རེ་ལ་ཁྱད་དུ་འཕགས་པའི་བྲོ་བ་ཞིག་མྱོང་ཐུབ་ཀྱིན་འདུག་པས། དེ་རིང་ངས་ཆེད་དུ་སྙན་ཚིག་འདིའི་ཐུན་མོང་མ་ཡིན་པའི་བརྡ་བྱེད་དང་དབྱངས་རིས་ལ་རང་གི་བློས་དཔོག་ཚོད་ཀྱིས་དཔྱད་པ་ཕྲན་བུ་ཞིག་བྱ་འདོད་བྱུང༌། སྙན་ཚིག་འདིའི་རྩོམ་པ་པོ་ནི་སཱ་རའི་རྩོམ་རིག་སློབ་དགེ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཡིན་ལ། ཁོང་གིས་ལོ་ངོ་བཅུ་ཕྲག་ཙམ་ལ་རྩོམ་རིག་གི་སློབ་ཁྲིད་བྱས་པའི་མྱོང་བ་དང་ལྷག་དོན་དུ་མི་རིགས་རང་གི་སྲོལ་རྒྱུན་རྩོམ་རིག་ལ་གོམས་པ་ཟབ་ལ། མི་རིགས་གཞན་དང་སྐད་ཡིག་གཞན་གྱི་ཚུར་ལེན་གྱི་མ་ལག་ཡོངས་སུ་འཛོམས་པའི་ངེས་དོན་གྱི་སློབ་དཔོན་ཆེན་མོ་ཞིག་ཡིན། ཀློག་པ་པོ་རྣམས་ལ་རྒྱུས་མངའ་ཡོད་པ་བཞིན་ཁོང་གི་ད་ལྟ་བར་དུ་དབྱངས་ཅན་སྤྲུལ་བའི་གླེགས་བམ་ཞེས་པའི་གསུང་རྩོམ་པོད་བདུན་ལྷག་རང་རེའི་ཀློག་མཁན་རྣམས་ཀྱི་བགོ་སྐལ་དུ་བསྩལ་ཡོད་ལ། དེ་དག་ནི་བརྩམས་སྒྲུང་དང་ལྷུག་རྩོམ། འབོལ་རྩོམ། དཔྱད་རྩོམ། སྙན་རྩོམ། ཟློས་གར། གླུ་ཚིག་དང་བཞད་གར་སོགས་སྒྱུ་རྩལ་རྩོམ་རིག་གིས་གྲུབ་པའི་བརྩམས་ཆོས་ཁོ་ན་ཡིན། ཁོང་ལ་འཆད་རྩོད་རྩོམ་གསུམ་ལས་འཆད་པའི་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས་པར་ངོས་འཛིན་པ་ནི་ཀུན་ནས་མཐུན་པ་ཞིག་ཏུ་སྣང༌། འོན་ཀྱང་ཁོང་ལ་སྙན་ངག་གསར་རྩོམ་གྱི་ཐད་ནས་ད་བར་དུ་འབུར་དུ་ཐོན་པའམ་ལེགས་འགྲུབ་ཀྱི་ཆ་ལ་སྙེག་པ་དེ་འདྲ་མཐོང་དཀོན་པ་མ་ཟད། གཅིག་ཀྱང་མེད་པར་ཐག་བཅད་ནའང་མི་ཆོག་པ་མེད་པ་ལྟ་བུ་ཡིན། ཁོང་གིས་ད་བར་དུ་གཞན་ལ་ངོམས་ཆོག་པའི་སྙན་ཚིག་གཅིག་བྲིས་ཡོད་ནི་དེ་རིང་གི་དཔྱད་གཞིར་བྱུང་བའི་རོལ་མྱོང་ཐེངས་གཅིག་གི་བཟི་གཏམ་ཐོར་བུ་ཞེས་པའི་སྙན་ཚིག་འདི་ཡིན་ལ། འདི་ནི་ལོ་ངོ་བཞིའི་གོང་ལ་རྔ་བ་ཆོས་གྲགས་ཀྱིས་བསྒྱུར་བའི་གྷོ་ར་ཞེས་པའི་ཤར་ཨེ་ཤ་ཡའི་རྩོམ་རིག་གི་དེད་དཔོན་ཉི་དབང་མགོན་པོའི་བརྩམས་སྒྲུང་བཀླགས་པའི་མྱོང་ཚོར་ཞིག་ཡི་གེར་བཀོད་པ་རེད་འདུག འདི་ནི་རྩོམ་པ་པོ་ཁོང་གིས་དེང་རབས་སྙན་ངག་གི་ལམ་ནས་བྲིས་པའི་སྙན་ཚིག་ཅིག་ཡིན་ལ། འདིའི་རྩོམ་ལུས་ཆ་ཚང་ཚིགས་སུ་བཅད་པར་གཏོགས། དེ་ཡང་ཇི་སྐད་དུ། སྐྱེ་བོ་བསྟན་བཅོས་མི་ཤེས་པས།། ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ།། གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས།། ལོང་བ་དག་ལ་ཡོད་དམ་ཅི།། ཞེས་སྐྱེ་བོ་གང་ཞིག་བསྟན་བཅོས་སྤྱི་དང་བྱེ་བྲག་སྙན་ངག་གི་བསྟན་བཅོས་ལ་མ་སྦྱངས་ཤིང་མི་ཤེས་པ་དག་གིས། བསྟན་བཅོས་ཀྱི་ཚིག་དོན་གྱི་ཆར། འདི་ནི་སྐྱོན་ཡིན་ནོ།། འདི་ནི་ཡོན་ཏན་ཡིན་ནོ་ཞེས་ཇི་ལྟར་དབྱེ་བར་ནུས་ཏེ་མི་ནུས་ལ། དེ་ཉིད་ཟླ་བོ་དངོས་པོའི་དཔེས་བསྒྲུབ་པ་ལ། གཟུགས་ཀྱི་དབྱིབས་ཀྱི་ཁ་དོག མཚར་མི་མཚར་གྱི་རྣམ་པར་དབྱེ་བ་མིག་ལོང་བ་དག་ལ་སྨྲ་རྒྱུ་ཡོད་དམ་ཅི་ཞེས་པ་ལྟར་རང་ཉིད་ལ་སྙན་ངག་གི་བསྟན་བཅོས་སྦྱངས་པའི་གོམས་འདྲིས་ཆེར་མེད་ནའང༌། ལོ་ངོ་དུ་མར་བོད་གཞིས་བྱེས་གཉིས་ཀྱི་རྩོམ་རིག་བཀླགས་པ་དང་མྱངས་པའི་བརྒྱུད་རིམ་ངེས་ཅན་ཞིག་ལྡན་པའི་ཆ་ནས་རང་དང་འདྲ་བའི་ཀློག་མཁན་དག་ལ་བསམ་ཚུལ་གྱི་ཆེད་དུ་འདིར་རྨོངས་འཆར་འགའ་དབུལ་བའི་ལས་སུ་འཇུག་པ་ལ།

 

  དང་བོ། སྙན་ཚིག་འདིའི་བརྡ་ཆད་དང་ལུས་ཀྱི་རྣམ་པ་ངོ་སྤྲོད།

 

     བདག་གིས་མཐོང་བའི་སྙན་ཚིག་འདིའི་བརྡ་ཆད་གཙོ་བོ་ནི་རྒྱུས་མེད་བྱ་ཞིག་འཕུར་བའི་རྗེས་སུ་འཁྲེང་བའི་མངོན་འདོད་ཅིག་སྟོན་པ་དང༌། དེ་ཕྱིར་མངོན་པའི་རྣམ་པ་གཙོ་བོ་ནི་རྩོམ་པ་པོ་ཁོང་གིས་འདི་ལྟར་བསྟན་ཡོད་པ་སྟེ།

བྲག་རྫོང་ཕུ་ལ་འཕུར་བའི་རྒྱུས་མེད་བྱ།

ས་ཕྱོགས་གང་ནས་འོང་བ་ངས་མ་ཚོར། ཞེས་མགོ་བསླངས་འདུག་པ་དང༌། དེ་ནས་རིམ་གྱིས་དོན་ཚན་ཆེ་ཁག་དྲུག་ཏུ་དབྱེ་སྟེ་དེ་རེ་རེ་ལ་ནང་གསེས་མི་འདྲ་བ་དུ་མར་སྤྲོས་འདུག དེ་དག་གི་བརྗོད་བྱའི་བབ་རིམ་འོག་ནས་བཤད་ངེས་ལ། འདིར་དོན་ཚན་དེ་དག་གི་རྣམ་པའི་དབུ་བསླངས་སྟངས་དང་དེའི་བརྡ་ཆད་གཙོ་བོ་བཀོད་ན། ཚན་པ་གཉིས་པའི་དབུ་བསླངས་པའི་བརྡ་ཆད་ནི།

རྒྱུས་མེད་བྱ་ལ་རྗེས་འདེད་བྱེད་པའི་ཞོར།

པད་དཀར་ལྡུམ་རའི་མཛེས་སྡུག་འདི་ལྟར་མཐོང༌། ཞེས་དང་ཚན་པ་གསུམ་པའི་དབུ་བསླངས་སྟངས་ཀྱི་བརྡ་ཆད་ནི།

རྒྱུས་མེད་བྱ་ཡི་རྐང་རྗེས་མ་རྙེད་གོང༌།

རྒྱུས་མེད་མི་ཡི་ངོ་གདོང་འདི་ལྟར་མཐོང༌། ཞེས་དང་ཚན་པ་བཞི་བའི་དབུ་བསླངས་སྟངས་ཀྱི་བརྡ་ཆད་ནི།

རྒྱུས་མེད་བྱ་ལ་རྗེས་འདེད་བྱས་བྱས་ནས།

པད་དཀར་ལྡུམ་རའི་ལྟད་མོ་འགའ་ཞིག་མཐོང༌། ཞེས་དང་ཡང་ཚན་པ་ལྔ་བའི་དབུ་བསླངས་སྟངས་ཀྱི་བརྡ་ཆད་ནི།

རྒྱུས་མེད་བྱ་ཡི་བྱ་སྐད་མ་ཐོས་ཀྱང༌།

ལྷ་ཡི་ཕོ་ཉའི་ལུང་བསྟན་གསུང་འགའ་ཐོས། ཞེས་གསལ་ལ། ཚན་པ་དྲུག་པའི་དབུར་རྒྱུས་མེད་བྱ་དེའི་རྗེས་ལ་ཆོད་ནས་རང་གིས་གང་འདོད་པ་དེ་ལ་རྒྱུས་མངའ་ཡོད་པར་གྱུར་བར་བསྟན་ཏོ།། བྱ་ཞིག་བརྗོད་བྱར་བླངས་པའི་སྙན་ཚིག་འདིའི་ལུས་ཀྱི་རྣམ་པ་གཙོ་བོ་ནི་ཚིགས་སུ་བཅད་ཡོད་ནའང་སྐད་ཆའི་དབྱངས་རིས་ནི་དེང་རབས་ཁོ་ནར་གཏོགས་པ་ཡིན།

འོག་གི་དེ་དང་མཐུད་ནས་གཟིགས་དགོས།

གཉིས་པ། སྙན་ཚིག་འདིའི་བརྗོད་བྱ་ངོ་སྤྲོད།

 

      སྙན་ཚིག་འདིའི་བརྗོད་བྱའི་ཐད་ནས་འཆར་ཡན་གྱི་མཐོང་སྣང་ཞིག་དང་གྷོ་རའི་ནང་དོན་གྱི་མཐོང་སྣང་གཉིས་འདུས་ལ། རྣམ་པ་ཧྲིལ་བོ་ནི་གྷོ་རའི་བརྗོད་བྱའི་སྲོག་གིས་བཟུང་ཡོད།

 

                                འཆར་ཡན་གྱི་མཐོང་སྣང་བརྗོད་པ།

 

སྙན་ཚིག་འདི་མགོ་ནས་ཧྲིལ་གྱིས་ཀློག་སྐབས་ཚིགས་བཅད་གཉིས་མ་རྫོགས་པའི་བར་དུ་འཆར་ཡན་གྱི་སྣང་བརྙན་ཞིག་བསྐྲུན་འོང་ཞིང༌། འཆར་ཡན་གྱི་རྣམ་པས་ཀློག་མཁན་དེ་ཡང་རྒྱུས་མེད་ཀྱི་བྱ་ཞིག་གི་རྗེས་ལ་བསྙེག་པ་ལྟ་བུའི་འཁྲུལ་སྣང་ཞིག་བཅོས་མིན་དུ་སྟེར་བར་བྱེད། ཚིགས་བཅད་གསུམ་པ་ནས་ཡང་བསྐྱར་གཞི་མེད་ཀྱི་གནས་ནས་ལམ་ཞིག་རྙེད་པར་གྱུར་བའི་འཆར་ཡན་གྱི་སྤྲོས་པ་དེ་ཕྱིར་བསྡུ་བྱས་ཡོད། འདི་ནི་སྙན་ངག་ཅིག་ལ་མཚོན་ན་ཆེས་ཚད་མཐོ་བའི་ཡིད་ཀྱི་འགྱུར་བ་ཞིག་ཏུ་ངོས་འཛིན་ཆོག་པར་སྙམ། དེ་ལྟར་སྒྲུང་གཞི་ཚུགས་ཤིང་སྙན་ཚིག་དམ་པའི་མགོ་བསླངས་པ་ནས་བལྟས་ན། སྙན་ཚིག་འདིའི་བསམ་བློའི་གཡོས་པ་ཐམས་ཅད་ནི་ཤེས་རབ་དང་བློ་གྲོས་ལྡན་པ་ཞིག་ཡིན་པ་མ་ཟད། ཆེས་ཕུན་སུམ་ཚོགས་པའི་ཉམས་མྱོང་ཞིག་དང་སྦྲེལ་ནས་ཡོད་པ་ཚོར་ཡོང༌། འདི་ལྟ་བུའི་སྙན་ཚིག་ཅིག་འབྲི་བའི་མ་མཐའི་ཆ་རྐྱེན་ནི་སྦྱངས་པ་དང་མྱངས་པ། གོམས་པའོ།། དེའི་ཕྱིར་འདི་ཉིད་འཆར་ཡན་གྱི་ཐ་གུ་ཕྲ་མོ་ཞིག་གིས་ཀུན་ནས་བཅིངས་ཡོད་པར་ངོས་འཛིན་བྱེད་ཆོག་པར་སྙམ་མོ།།

                                གྷོ་རའི་ནང་དོན་དང་སྦྲེལ་བ།

 

       ཚན་པ་དང་བོའི་ནང་གསེས་གཉིས་པ་ནས་གོྷ་ར་ཞེས་པའི་བརྩམས་སྒྲུང་ནང་གི་མི་སྣ་སྐོར་ཞིག་ངོ་སྤྲོད་བྱེད་པ་དང་དེ་དག་གི་བྱེད་ལས་ཀྱང་ངོ་སྦྱོར་ཕྲན་བུ་རེ་བྱས་ཡོད་པ་བཅས་ཡིན། དེ་ནས་རིམ་གྱི་སྒྲུང་གི་བྱུང་རིམ་དག་རེ་རེ་བཞིན་བརྗོད་སྐབས། རྩོམ་པ་པོ་ཁོང་ལའང་བརྗོད་བྱའི་འཁྲུག་ཆ་ལ་བསྟུན་ནས་དོགས་པ་དང་འཁྲུལ་སྣང་སོགས་མང་དུ་བྱུང་བའི་སྣང་བརྙན་ཞིག་བསྐྲུན་ཡོད། མདོར་བསྡུས་ན་འདི་ནི་གཞན་གྱི་ཕུལ་དུ་བྱུང་བའི་བརྩམས་སྒྲུང་ཞིག་བཀླགས་པའི་འགྲེལ་བ་ལྟ་བུ་ཞིག་ཡིན་ལ། འདིས་སྤྱི་བསྡོམས་ཤིག་དང་དེའི་བརྗོད་བྱའི་སྲོག་གི་དབང་བོ་ཆ་ཚང་ཞིག་ངོ་སྤྲོད་གནང་འདུག་ཅེས་བརྗོད་ཀྱང་མི་ཆོག་པ་མི་འདུག་སྙམ། འདིའི་རིགས་ནི་དོན་བརྗོད་སྙན་ངག་ཏུ་འདུས་པར་མཐོང་ལ། དེ་ལ་ད་དུང་དཔྱད་དགོས།

      ཡང་གཅིག་བཤད་ན། སྙན་ཚིག་འདིས་གཞན་གྱི་ཕུལ་དུ་བྱུང་བའི་བརྩམས་སྒྲུང་ཞིག་གླེང་གི་ཡོད་ཀྱང༌། ཕྱོགས་ངོས་གཞན་ཞིག་ནས་རྩོམ་པ་པོ་ཁོང་གི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་རྩལ་ཞིག་ངོམས་ཀྱིན་ཡོད། ལུས་ཚིགས་བཅད་ཡིན་པ་ལ་ཚིགས་སུ་བཅད་པའི་རྐང་བ་བསྒྲིགས་སྟངས་དོ་མི་ཉམས་པ་མ་ཟད། རྩོམ་སྟངས་ཀྱང་འཁྲུག་པར་བྱས་ཡོད། མདོར་དྲིལ་ན་ཚིགས་རྐང་གི་དབྱེ་བ་དོར་ནས་བརྗོད་བྱའི་སྲོག་གི་ཁམས་དང་མཐུན་ཐབས་ཁོ་ནར་འབད་པས་ན། འདི་ནི་དེང་རབས་སྙན་ངག་གོ་ཞེས་མི་བརྗོད་ག་མེད་བྱུང༌།  

                                                                                                               གསུམ་པ། སྙན་ཚིག་འདི་དེང་རབས་སྙན་ངག་ཏུ་ངོས་འཛིན་དོན།

 

       ཚིགས་སུ་བཅད་པའི་རྣམ་པ་གཅིག་བུ་མ་གཏོགས་གཞན་བརྗོད་བྱ་སྤྲོས་སྟངས་དང་རྩོམ་གྱི་སྤྱི་ཁོག་ཕིབ་སྟངས་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་དེང་རབས་སྙན་ངག་ཏུ་གཏོགས་པར་སྣང༌། འདིའི་ཐད་ནས་ཚིགས་བཅད་དག་སྲོལ་རྒྱུན་སྙན་ངག་དང་རང་མོས་དག་དེང་རབས་སྙན་ངག་ཏུ་འདོད་པའི་མི་ཞིག་ཡིན་ན། རྩོད་གཞི་ཞིག་རང་བཞིན་གྱིས་སླེབས་ཡོང་ཡང༌། དེ་ལ་རྒྱུ་མཚན་གྱིས་ཕྱུག་པའི་གནས་ལུགས་འདྲོངས་རྒྱུ་ཡོད་དེ། གཞིས་ལུས་རྩོམ་པ་པོ་ཁག་ཅིག་གིས་རང་རང་གི་རྩོམ་རིག་གི་དུས་ཚོད་བགར་ཚུལ་ལས་གནའ་རྩོམ་དང་ཕྱི་རྩོམ། དེང་རྩོམ་སོགས་བགར་ཚུལ་ལ་བལྟས་ན་རྩོམ་ལུས་ཀྱི་མིན་པ་གསལ་བོ་ཡིན། གལ་སྲིད་རྩོམ་ལུས་ཀྱིས་བགར་དགོས་ཚེ། དེང་སང་གི་དུས་ལའང་གནའ་རྩོམ་འབྲི་མཁན་ཧ་ཅང་མང་བས་འདི་ནི་དཔྱད་པས་མཐའ་མི་ཟིན་པའི་ལས་ཁོ་ནའོ་ཞེས་ཞུ་རྒྱུ་ཡིན། མཚམས་འདི་ནས་ངས་རྩོམ་རིག་གི་ལོ་རྒྱུས་ཁ་ཤས་དང་རྩོམ་པ་པོ་ཁ་ཤས་ཀྱིས་འདོད་པ་གུང་བསྒྲིགས་ཏེ་འདིར་བཀོད་ན།

 

  གཞིས་བཞུགས་རྩོམ་རིག་ཆེད་མཁས་པ་ཀུན་དགའི་འདོད་པ། ས་སྐྱའི་ཕན་གནའ་རྩོམ་དང༌། ས་སྐྱ་ནས་༡༩༥༡ ལོ་བར་ཉེ་རྩོམ། ༡༩༥༡ ནས་དེང་རྩོམ་དུ་དབྱེ་ཡོད།

 

  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་རྩོམ་སྒྲིག་བྱས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་འདོད་པ། གནའ་སྔ་མོ་ནས་སྤྱི་ལོ་༨༤༢ ལོའི་བར་གདོད་མའི་སྤྱི་ཚོགས་དང་བྲན་གཡོག་ལམ་ལུགས་དུས་སྐབས་ཀྱི་རྩོམ་རིག་དང༌། སྤྱི་ལོ་༨༤༢ ནས་༡༢༦༤ ལོའི་བར་སིའི་བུའི་དུས་ཀྱི་རྩོམ་རིག སྤྱི་ལོ་༡༢༦༥ ནས་༡༦༤༤ ལོའི་བར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་དུས་སྟོད་ཀྱི་རྩོམ་རིག སྤྱི་ལོ་༡༦༤༥ ནས་༡༩༤༩ ལོའི་བར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་དུས་སྨད་ཀྱི་རྩོམ་རིག་ཅེས་དབྱེ་ཡོད།

 

  རྒྱ་ཡེ་བཀྲ་བྷོ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན་གྱི་འདོད་པ། གནའ་སྔ་མོ་ནས་སྤྱི་ལོ་༨༤༢ ལོའི་བར་གདོད་མའི་དུས་སྐབས་དང་སྤུ་རྒྱལ་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག སྤྱི་ལོ༨༤༣ ནས་༡༢༥༢ ལོའི་བར་བོད་སིལ་བུའི་དུས་སྐབས་ཀྱི་རྩོམ་རིག སྤྱི་ལོ༡༢༥༣ ནས་༡༦༤༡ ལོའི་བར་ས་ཕག་རིན་གཙང་དུས་སྐབས་ཀྱི་རྩོམ་རིག སྤྱི་ལོ༡༦༤༢ ནས་༡༩༤༩ ལོའི་བར་དགའ་ལྡན་ཕོ་བྲང་གི་དུས་ཀྱི་རྩོམ་རིག་ཅེས་དབྱེ་ཡོད།

 

  བོད་ལྗོངས་སློབ་ཆེན་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འདོད་པ། གླང་དར་ཕན་གནའ་རྩོམ། གླང་དར་ནས་དགའ་ལྡན་ཕོ་བྲང་བར་ཏེ་སིལ་བུ་དང་ས་ཕག་དུས་བར་རྩོམ། དགའ་ལྡན་ཕོ་བྲང་དུས་དེ་ཉེ་རྩོམ། སྤྱི་ལོ༡༩༥༡ ལོ་ནས་ད་བར་དེང་རྩོམ་དུ་དབྱེ་ཡོད།

 

 ལྷ་རྒྱལ་ཚེ་རིང་དང་དཔའ་རྩེ་གཉིས་ཀྱིས་བརྩམས་པའི་བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་ཞེས་པའི་འདོད་པ། གདོད་མ་ནས་ས་སྐྱ་བར་གནའ་རྩོམ། ས་སྐྱ་ནས་རྒྱལ་དབང་ལྔ་བ་བར་སྔ་དར་རྩོམ་རིག རྒྱལ་དབང་ལྔ་བ་ནས་དགེ་ཆོས་བར་ཕྱི་དར་རྩོམ་རིག་ཏུ་དབྱེ་ཡོད།

 

  བོད་ལྗོངས་སློབ་ཆེན་བོད་ཡིག་ཚན་ཁག་རྩོམ་རིག་སློབ་དཔྱོད་ཁང་གི་འདོད་པ། གླང་དར་ཕན་གནའ་རྩོམ། གླང་དར་ནས་༡༩༥༡ ལོ་བར་ཉེ་རྩོམ། ༡༩༥༡ ནས་དེང་རྩོམ་དུ་དབྱེ་ཡོད།

 

  རང་གི་འདོད་པ་ལྟར་ན། རྩོམ་རིག་གི་དུས་མཚམས་དབྱེ་སྟངས་ཐད་ནས་གོང་གི་དེ་དག་ནི་ཆེད་ལས་སམ་མཁས་དབང་འབའ་ཞིག་གི་འདོད་པ་ཡིན་པས། གནའ་རྩོམ་དང་ཉེ་རྩོམ་དབྱེ་སྟངས་ལ་ལྟ་སྟངས་བརྗོད་སྤོབས་མ་སྐྱེས་ཀྱང༌། དེང་རྩོམ་ཟེར་བ་ནི་དེ་ལྟར་ངོས་འཛིན་ཞིག་ཡོང་དཀའ་བར་མཐོང༌། དེའི་སྟབས་ཀྱིས་བརྗོད་བྱ་ཁོ་ནས་ཐག་གཅོད་དགོས་པ་ལས་ལོ་ཚིགས་ཀྱིས་དབྱེ་བ་ནི་དོན་ལ་འབབ་རྒྱུར་ཁག་ཙམ་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ངས་དེ་རིང་གི་རྒན་ཆབ་བྲག་ལྷ་མོ་སྐྱབས་ཀྱི་སྙན་ཚིག་འདིའི་རྩོམ་ལུས་ཀྱི་རྣམ་པར་མ་བལྟས་པར་དེང་རྩོམ་དུ་བདམས་པ་ཡིན། ལོ་ཚིགས་ཀྱིས་བགར་ཚུལ་འདི་ལ་རྩོམ་རིག་རང་སྟེང་གི་ཁྱད་ཆོས་ཀྱི་རྣམ་པ་ཞིག་གཏན་ནས་ཡོང་ཐབས་བྲལ་ལ། དེ་མེད་དུས་རྒྱལ་རབས་དང་ལོ་རྒྱུས་ལ་གཞི་བཅོལ་ཏེ་རྩོམ་རིག་གི་དུས་མཚམས་དབྱེ་བ་ལ་དགོས་པ་གང་ཡང་མི་འདུག་སྙམ་པ་ནི་རང་ཉིད་ཀྱི་འདོད་པ་ཡིན། གོང་གི་རྩོམ་རིག་གི་དུས་མཚམས་དབྱེ་སྟངས་ལ་གཞིགས་ནས་ཀློག་མཁན་རྣམས་རྩོམ་རིག་གི་ལོ་རྒྱུས་ལ་དཔུང་འཇུག་བྱེད་ཐུབ་པར་རེ་བ་ཞིག་གིས་འདིར་ཆེད་དུ་དྲངས་པ་ལགས།

 

བཞི་བ། བྱམས་དུང་དུང་གི་སྐད་ཆའི་དབྱངས་རིས།

 

      སྙན་ཚིག་འདི་ག་ལེར་ཀློག་སྐབས། ཐང་རྒྱལ་རབས་ཀྱི་སྙན་ཚིག་སུམ་བརྒྱ་ཞེས་པའི་བསྒྱུར་དེབ་དེ་དྲན་འོང་ལ། རྩོམ་སྟངས་འདིའི་སྐད་ཆའི་དབྱངས་རིས་ནི་བྱམས་དུང་དུང་གི་ངང་ནས་མངོན་བརྗོད་དང་བརྡ་རྙིང་གིས་མ་བཅངས་པར་ལྷོད་ཤ་ཅན་ཞིག་དང་བྱམས་སེམས་ཅན་ཞིག་གི་སྣང་བར་འཁྲུལ་ཡང༌། དོན་དམ་གྱིས་འདི་ནི་ཁྱད་ཆོས་ཤིག་དང་ཁེར་ཚུགས་ཤིག་ཡིན་པ་འདྲ། རང་རེའི་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དང་མི་དབང་རྟོགས་བརྗོད་ལྟར་ཕར་ཀློག་དུས་ཀྱི་ཚོར་བ་ཞིག་དང་བཀླགས་ཚར་རྗེས་ཀྱི་ཚོར་བ་ཞིག་གིས་མགོ་ཡོམ་འཁོར་དུ་མི་འཇུག་པར། ཁ་རུ་ཁ་ཐུག་གིས་གང་བརྗོད་འདོད་པའི་དོན་གྱི་འབྲས་བུ་དེ་རྙེད་ཐུབ་པ་ཡིན། དེའི་མིང་ལ་བྱམས་དུང་གི་སྐད་ཆ་ཟེར་ལ། སྐད་ཆ་དེའི་རིགས་ལ་ཐུན་མོང་མ་ཡིན་པའི་དབྱངས་རིས་ཤིག་རང་ཆས་ཡོད་པ་བཅས་ཡིན། སྐད་ཆ་འདིའི་རིགས་སྙན་ཚིག་ཏུ་སྡེབ་པ་ལ་མྱོང་བ་ཁྱད་པར་བ་ཞིག་དང་སྦྱངས་པ་ཐུན་མོང་མ་ཡིན་པ་ཞིག་མེད་ཚེ་བཙིར་བས་ཡོང་བ་ཞིག་གཏན་ནས་མིན་ནོ།།

 

མཇུག་གི་སྐད་ཆ་འགའ་དང་སྙན་ཚིག་འདིའི་སྤྱི་བསྡོམས།

 

སྙན་ཚིག་འདི་དམ་ལྷོད་རན་པོས་མཇུག་རྫོགས་པར་གྱུར་ཡོད། འདིའི་ཁྱད་ཆོས་དང་བརྡ་ཆད་ཀྱི་གཙོ་བོར་གྱུར་བའི་སྙན་ཚིག་གི་སྲོག་བཟུང་བའི་ཚིགས་སུ་བཅད་པའི་རྐང་བ་ཁག་ཅིག་གོང་དུ་དྲངས་པ་ནི། ཨེ་ཤ་ཡའི་གླིང་ཆེན་པོའི་རྩོམ་རིག་གི་དེད་དཔོན་ཆེན་མོ་ཉི་དབང་མགོན་པོའི(ཐའེ་གོར)ཚིག་ཡིན་ལ། འདིས་རོལ་མྱོང་ཐེངས་གཅིག་གི་བཟི་གཏམ་ཐོར་བུ་ཞེས་པའི་སྙན་ཚིག་འདི་ལྕགས་ཤིག་ལ་དཔེ་བཞག་ན་གསེར་དུ་བསྒྱུར་ཡོད། སྐབས་འདི་ནས་རྒན་ཆབ་བྲག་ལྷ་མོ་ཁོང་མགར་བ་ཞིག་ཡིན་ན་ལག་རྩལ་ཕུལ་དུ་བྱུང་བ་ཞིག་ཡིན་པ་བསྟན་ཡོད། 

     སྒྲུང་རིང་ཞིག་གི་བརྗོད་བྱ་ཧྲིལ་གྱིས་སྟོན་གནང་མཛད་པའི་སྙན་ཚིག་འདི་ལ་གསར་གཏོད་ཀྱི་རྣམ་པ་ཞིག་ཀྱང་རང་ཆས་སུ་ཡོད་པར་མཐོང་ལ། མཐོང་སྣང་མི་འདྲ་བའི་སྟབས་ཀྱིས་ཀློག་མཁན་ཁག་ཅིག་གིས་འདི་ལ་སྙན་ཚིག་གི་ཁྱད་ཆོས་ཀྱིས་ཀུན་ནས་དབུལ་བར་འདོད་མཁན་ཡང་འབྱུང་བ་ཡིན། གང་ལྟར་དཔྱད་བརྗོད་ཀྱི་ཆ་ལ་ཤེས་རབ་དང་རྣམ་དཔྱོད་མེད་པའི་ང་ལྟ་བུ་ཞིག་གིས་ཁྱད་དུ་འཕགས་པའི་སྙན་ཚིག་འདིར་འཇུས་པ་ནི་ཁྱི་རྒན་སོ་མེད་ཀྱི་ཁ་ལ་རུས་པ་མུར་བ་བཞིན་ཡིན་སྲིད་ཀྱང༌། ཏིང་འཛིན་ལ་བཞུགས་པའི་དཔྱད་བརྗོད་པ་དག་ལ་སྐུལ་སློང་དང་རྨོངས་འཐོམ་དུ་གྱུར་བའི་ཀློག་པ་པོ་ཁག་ཅིག་ལ་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་དགོས་པ་ཞིག་མཐོང་ནས་རང་གི་རྨོངས་འཆར་འགའ་ངོ་ཚ་དང་བག་གཡེང་མེད་པར་འབྲི་ཁུལ་དང༌། འདི་ལ་ནོར་འཁྲུལ་དང་མ་རྟོག་ལོག་རྟོག་གི་ཆ་ཡོད་ངེས་སུ་སོང་བས་མིག་ལྡན་དག་གིས་སྐྱོན་བརྗོད་དང་ལམ་སྟོན་གནང་བར་ཞུ། ༢༠༠༩ ༩ ༡༠ ལ་མཇུག་རྫོགས་པར་སྦྱར་བའོ།།

 

http://blog.amdotibet.cn/gethong/archives/5881.aspx

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php