ཁྲི་ལྡེ་གཙུག་བཙན།

 

 

          དེ་ལྟར་བཙན་པོ་གཡུལ་ལས་རྣམ་པར་རྒྱལ་བའི་དཔྱིད་ཀ་དེར་བཙུན་མོ་མཆིམས་བཟའ་བཙན་ཐོག་ལ་སྲས་ཁྲི་ལྡེ་གཙུག་བཙན་འཁྲུངས་པས་བཙན་པོ་རབ་ཏུ་དགྱེས།

 

          དེར་བཙན་པོས་བཙས་སྟོན་དང་རྒྱལ་སྟོན་མཉམ་དུ་བཤམས་ཏེ་སྒྱུ་རྩལ་འགྲན་སྡུར་ཆེན་མོ་གནང་རྒྱུའི་བཀའ་ཁྱབ་བསྒྲགས་པས་ཕྱོགས་མཐའི་རྒྱལ་ཕྲན་ཚང་མའང་དགའ་བས་མཉམ་ཞུགས་གནང༌།

 

          དྲག་རྩལ་འགྲན་སྡུར་ཐོག གནོན་ཁྲི་བཟང་གིས་རྟ་རྒོད་ཅིག་གཡང་ལ་མཆོང་བར་ཞགས་པ་བཏབ་ནས་གྱེན་ལ་དྲངས།

 

          ཅོག་རོ་འབྲོང་གཤོར་གྱིས་འབྲོང་རྒོད་ཅིག་རི་ངོས་ནས་ཐུར་དུ་རྒྱུགས་པ་བདས་ནས་མཇུག་མ་ནས་འཛིན་ཐེངས་གཅིག་གིས་གྱེན་ལ་གཡུགས།

 

          དེར་རྔོག་གླིང་ཁམས་ཀྱིས་ལག་གཉིས་ཀས་འབྲོང་རྒོད་དའི་ཟེ་བ་དང་མཇུག་མ་ནས་བཟུང་སྟེ་འཇོག་ཐེངས་གཅིག་གིས་ལག་མགོར་འཕྱར།

 

          རྔོག་རིང་ལ་ནག་པོས་དེ་ལས་ཀྱང་ཆེ་བ་ཞིག་འཇོག་འདོད་ཀྱིས་ཡར་མར་ལ་གཅིག་བལྟས་ནས་རྒྱ་གར་གྱི་ཨ་ཅ་ར་ཞིག་གིས་ཁྲིད་པའི་གླང་བོ་ཆེ་ཞིག་ཡོད་པ་དེའི་འོག་ལ་འཛུལ་ནས་ཕྲག་ལ་ཁུར་དེ་འགྱིངས་ནས་སོང༌།

 

          མགོས་གཡག་ཆུང་གིས། ཤ་བའི་རྐྱལ་ཆེན་བྱེ་མས་བརྒྱངས་པ་ཞིག་ལག་མགོར་གསོར་ནས་གཡས་སྐོར་གཡོན་སྐོར་ལན་འགའ་བྱས་ནས་གོམ་པ་འགའི་ས་ལ་གཡུགས།

 

          གནོན་རྒྱལ་མཚན་གྱིས། འབྲོང་ར་སྔོན་མོའི་གཞུ་མོ་བཀུག་སྟེ་མདའ་ལྟོང་ཁ་མ་གཅིག་གིས་བར་སྣང་མཐོན་པོར་འཕུར་བའི་བྱ་ཁྲ་ཞིག་གི་སྐེད་པ་དུམ་བུར་བཅད།

 

          སྤས་རྒོད་གདོང་ཅན་གྱིས། མཆོག་དཀར་གཞུ་མོའི་རྒྱུད་ལ་རྒོད་སྒྲོའི་ཉག་ཕྲན་འཕུར་ཤེས་མ་ཞིག་སྦྱར་ནས་འཕངས་པས་སུ་ཞིག་གིས་ཀྱང་མདའ་མོ་དེ་གར་འཕུར་གར་ལྷུང་མིག་གིས་མ་ཟིན་པར་བར་སྣང་ལ་ཅེར་ནས་ལུས།

 

          དེ་ལྟར་རྩལ་བོ་ཆེ་མི་བདུན་སོགས་ཀྱིས་དྲག་པོའི་སྒྱུ་རྩལ་འགྲན་ཟླ་བྲལ་བར་བཙན་པོ་ཐུགས་རབ་ཏུ་དགྱེས་ཏེ། དཔའ་དར་དང་དམག་དཔོན་གྱི་གོ་གནས་ཀྱང་གནང༌།

 

          རྒྱལ་སྟོན་མཇུག་འགྲིལ་མ་ཐག བཙན་བྲོད་ཀྱིས་བཏང་བའི་ཚོང་མ་བརྫུས་མ་ཞིག་གིས་རྒྱ་ཇ་མེ་ཏོག་ཡོངས་འཛིན་ཡིན་ཟེར་བའི་ཇ་ཞིམ་ཞིག་དང་དཀར་ཡོལ་འབྲུག་མ་ཞིག་རྒྱལ་པོར་མཇལ་རྟེན་དུ་ཕུལ།

 

          བཙན་པོས་གསོལ་ཇ་དེ་བཞེས་པས་ག་ལེར་གཟེར་ནད་དྲག་པོ་ཞིག་གིས་བཏབ་ནས་རིམ་པས་ཉལ་སར་ལྷུང་ཞིང་ལོ་དེའི་དགུན་མཇུག་ལ་སྐུ་གཤེགས། བཙན་པོའི་ཨ་ཕྱི་ཁྲི་མ་ལོད་ཀྱིས་སྲིད་འགན་བཞེས།

 

          ༧༠༥ ལོར་ཨ་ཕྱི་ཁྲི་མ་ལོད་ཀྱིས་བློན་ཆེན་ཞང་བཙན་ཏོ་ཐང་གོང་མའི་ཕོ་བྲང་དུ་ཕོ་ཉར་བཏང༌། ཐང་ཀྲུང་ཙུང་གིས་བོད་ཀྱི་བཙན་པོ་སྐུ་གཤེགས་པའི་སྐྱོ་གནས་གསན་ནས་མྱ་ངན་ཞུས།

 

          བོད་ཀྱི་ཕོ་ཉས། འབྱུང་འགྱུར་བོད་ཐང་གཉིས་མེས་པོ་སྲོང་བཙན་དང་ཐང་ཐེ་ཙུང་སྐབས་ལྟར་གཉེན་འབྲེལ་གྱི་མཛའ་མཐུན་ལམ་སྲོལ་བསྐྱར་གསོ་གནང་ན་ལེགས་ཚུལ་ཞུས།

 

          གོང་མ་ཡང་ཐུགས་མཉེས་ཏེ། དེ་ཧ་ཅང་ལེགས། འོན་ཀྱང་ང་ལ་རང་ཉིད་ལ་སྲས་མོ་མེད། ཁྱོད་ཚོའི་རྒྱལ་སྲས་དགུང་ལོ་ག་ཚོད་ཡིན་ནམ། ཞེས་བཀའ་འདྲི་གནང༌།

 

          བློན་པོས། དེར་སྐྱོན་མི་འདུག གོང་མའི་གཉེན་ཚན་ཞིག་གི་སྲས་མོ་ཡིན་ཡང་འགྲིག་གི་རེད། ང་ཚོའི་རྒྱལ་སྲས་ལོ་བཞི་ལྔའི་རྗེས་ནས་གསར་བུ་ཞིག་ཏུ་བརྩི་ཆོག ཅེས་སྨྲས།

         

          འཁྱུག་ཙམ་ལ་ལོ་བཞི་འདས། ༧༠༩ ལོའི་ཟླ་བཅུ་གཅིག་པར་བློན་ཆེན་ཞང་བཙན་ཏོ་སོགས་འཁོར་དམག་བརྒྱ་ཕྲག་དང་བཅས་ཀོང་ཇོ་བསུ་བར་ཐང་གི་རྒྱལ་ས་ཁྲང་ཨན་དུ་ཆས།

 

          དེར་གོང་མ་ཀྲུང་ཙུང་གིས་༧༡༠ ལོའི་ལོ་གསར་དང་སྟབས་བསྟུན་བོད་ཀྱི་བློན་དམག་ཚོ་ཕོ་བྲང་གི་སྐྱེད་ཚལ་གྱི་སྤོ་ལོ་རྩེད་རར་གསོལ་སྟོན་བཤམས་ནས་དགའ་བསུ་སྣེ་ལེན་གཟབ་རྒྱས་གནང༌།

          གསོལ་སྟོན་ཐོག་ལ། གོང་མས། རང་གི་སྐུ་མཆེད་བློན་ཆེན་ལི་ཧྲིག་ལེ་ཡི་སྲས་མོ་ཆུང་བ་མཛེས་མཛངས་ཡོན་ཏན་ཀུན་ལྡན་ཅིན་ཁྲིན་ལ་གོང་མའི་སྲས་མོའི་མཚན་གསོལ་ནས་བོད་ལ་གནང་རྒྱུའི་ཐག་བཅད།

 

          དེ་ནས་བོད་ཀྱི་བློན་པོས་ཀྱང་གོང་མ་དང༌། ཅིན་ཁྲིན་ཀོང་ཇོ། ཁོང་མོའི་ཡབ་ཡུམ་འཁོར་དང་བཅས་པར་ཐུགས་རྗེ་ཆེ་ཞུ་དང་ཆབས་ཅིག་ལོ་གསར་གྱི་གསོལ་སྟོན་ཕུན་སུམ་ཚོགས་པ་བཤམས།

 

          ད་དུང༌། དམག་སྤྱི་ཆེན་པོ་དབྱང་ཧྲིན་ཅའོ་ཡི་རུ་ཁག་དང་བོད་ཀྱི་རུ་ཁག་གཉིས་ཀྱིས་རྟ་ཐོག་སྤོ་ལོའི་འགྲན་རྩེད་གཟིགས་མོར་ཕུལ།

 

          གཞན་ཡང་མདའ་རྩལ་དང༌། གྲི་རྩལ། སྦེ་ག་སོགས་དྲག་རྩལ་འགྲན་རྩེད་ངང་ཟླ་གཅིག་ལྷག་ལ་ལོ་གསར་དགྱེས་སྟོན་ལ་རོལ་པས། གོང་མ་ཐུགས་ཧ་ཅང་མཉེས།

 

          དེ་ནས། དམག་སྤྱི་ཆེན་མོ་དབྱང་ཅུ་ལ་གོང་མས་བཀའ་རྟགས་གནང་ནས་ཅིན་ཁྲིན་ཀོང་ཇོའི་སྐྱེལ་མར་མངག་ཅིང༌། ཧྲི་ཕིན་ཞན་བར་དུ་གོང་མ་རང་ཡང་སྐྱེལ་བསུར་ཕེབས།

 

          དེར་ཀོང་ཇོའི་ཞབས་ཞུ་བ་དང་བག་རྫོངས་ཕུན་སུམ་ཚོགས་པ་དང་བཅས་ལོ་མཇུག་ལ་ལྷ་སར་འབྱོར་བར་ཐག་རིང་ཐུང་ཚང་མ་ནས་བསུ་བ་རྒྱ་ཆེར་བྱས་ནས་གཉེན་སྟོན་ཡང་ཉིན་དུ་མར་བྱས།

 

          དེ་རྗེས་གོང་མ་ཐང་ཞོན་ཙུང་གི་སྐབས་ནས་སླར་ཡང་ཐང་བོད་ས་མཚམས་སུ་ཟིང་ཆ་རབས་དང་རིམ་པ་བྱུང་ནས་ཐང་བོད་བར་ལ་འགལ་ཟླ་ཆེན་པོ་བྱུང༌།

 

          ༧༡༤ ལོར་དམག་སྤྱི་ཆེན་མོ་འབོན་ད་རྒྱལ་དང༌། བློན་ཆེན་ཁྲི་གཟིགས་གཉིས་ཀྱིས་བོད་དམག་ཆིག་འབུམ་ལྷག་ཁྲིད་དེ་ལིན་ཐོ་དང༌། ལན་ཀྲིག ཝེ་ཀྲིག་སོགས་ལའང་དམག་དྲངས་ཏེ་བཅོམ།

 

          ༧༢༢ ལོར་ཁབ་སོའི་འགྲོ་སོང་དང་ལྷག་ཆད་བརྩིས། མི་གྲངས་ཤིབ་བཤེར་དང་འགྲོ་སོང་གི་རྩིས་ཞིབ་ཚགས་ཀྱིས་དཔལ་འབྱོར་ལམ་ལུགས་འཐུས་ཚང་དུ་བཏང༌།

 

          ༧༢༧ ལོར། དམག་སྤྱི་སྟག་སྒྲ་ཁོང་ལོད་དང༌། འབྲོ་ལོང་མང་པོ་རྗེ་ཡིས་བཀྭའ་ཀྲིག་མཁར་ལ་བཙན་འཛུལ་བྱས། གོང་མས་བྱས་རྗེས་ཅན་ཞའོ་སུང་དམག་སྤྱིར་བསྐོས་ཏེ་འཐབ་ཏུ་བཏང༌།

 

          ཞོ་སོང་གིས་གཡོ་ཐབས་ལ་བརྟེན་ནས། སྟག་སྒྲ་དང་ཐང་གོང་མའི་བར་ལ་ངན་འབྲེལ་ཡོད་ཚུལ་བསྒྲགས་པ་གོང་མས་ཤེས་ཏེ། ཞོ་སུང་ཕོ་བྲང་དུ་བཀའ་འགུགས་ཀྱིས་བསད།

 

          ལོ་དེའི་དབྱར་ཁར་བཙན་པོ་འ་ཞར་ཕེབས་ཤུལ། བློན་ཆེན་སུམ་པོ་སྐྱེས་ཀྱིས་ཀྱང་དམག་དྲངས་ཏེ་ཀྭ་ཆུ་སིན་ཅང་བཅོམ།

 

          ༧༢༩ ལོར། གོང་མས་མངགས་པའི་ཧོང་ཕུའུ་ཝེ་མེན་དང་ཀྲང་ཡོན་ཧཕང་གཉིས་བོད་དུ་ཕོ་ཉར་འབྱོར། ཞི་མོལ་ཡོང་རེའི་བཀའ་འཕྲིན་བསྟན།

 

          བློན་ཆེན་སྨིན་ལེགས་བཙན་པོའི་བཀའ་ལྟར་རྒྱའི་ཕོ་ཉ་དང་མཉམ་དུ་ཐང་གོང་མའི་ཕོ་བྲང་དུ་བཅར་ཏེ། མོས་མཐུན་བྱུང་བའི་བཙན་པོའི་བཀའ་འཕྲིན་ཕུལ་ནས་ཞིབ་ཏུ་གླེང་མོལ་གནང༌།

 

          གོང་མ་དགྱེས་ནས། བློན་ཆེན་ཚོས་ལིན་དང་ལི་ཙོང་ཀན་སོགས་སྐུ་ཚབ་ལ་བཏང་ནས་ཁྲི་ལིན་ལ་དམར་དུ་རྒྱལ་མཚམས་གསར་དུ་ཕྱེ་ནས་རྡོ་རིང་བསླངས།

 

          ༧༣༦ ལོར་བློན་སྐྱེས་བཟང་ལྡོང་བཙན་གྱིས་བྲུ་ཞ་ལ་དམག་དྲངས། བྲུ་ཞས་ཐང་གོང་མར་སྐྱབས་འཇུག་ཞུས།

 

          གོང་མའི་ཕོ་ཉ་ཝང་དོ་ཤིས་བོད་ལ་ཡོང་ནས་བཏང་དམག་མཚམས་འཇོག་རོགས་ཞུས་ཞུས་ཀྱང་བོད་ཀྱིས་མ་ཉན་པར་བྲུ་ཞ་བཅོམ་སྟེ་༧༣༧ ལོར་ཡོངས་སུ་དབང་དུ་བསྡུས།

 

          ༧༣༩ ལོར་རྒྱ་བཟར་སྲས་འཁྲུངས་མ་ཐུབ་པར་ཡུམ་སྲས་གཉིས་ཀྱི་སྐུ་སྲོག་ཤོར། ལྷ་རྗེས་སྲས་མངལ་ལས་བཏོན་པར་མཚར་སྡུག་ལྟ་བས་མི་ངོམས་པ་ཞིག་ཡོད་པས་ལྷའི་ཚ་བོ་ཞིག་འདུག་ཅེས་གྲགས།

 

          ༧༤༡ ལོར། བོད་ཀྱི་ཕོ་ཉས་གོང་མ་ཐང་ཞོན་ཙུང་ལ་ཀོང་ཇོ་གཤེགས་ཚུལ་ཞུས་པ་དང་ཆབས་ཅིག་ཐང་བོད་མུ་མཐུད་མཛའ་འབྲེལ་ཡོང་རེ་ཞུས་ཀྱང་མ་གསན།

 

          ཐང་དམག་འབོར་ཆེན་བཏང་ནས་མཚོ་སྔོན་དུ་དམག་འཐབ་དྲག་པོ་བྱས་ནས་མང་པོ་རྗེ་ཕམ། བོད་དམག་སུམ་ཁྲི་ཙམ་གྱི་སྲོག་ཤོར།

 

          དེ་ནས་འ་ཞ་རྗེ་དང་མཉམ་དུ་ཁྲི་དམག་བཞུ་བཅུ་ཁྲིན་ཧཕིན་པའོ་ལ་དྲངས། ཧི་ཡོན་ཅན་དང༌། ཧྲི་པའོ་མཁར་བཅས་བཅོམ།

 

          དེར་རྒྱལ་པོས་ཡབ་མེས་གོང་མའི་སྲོལ་ལྟར་ཆོས་རིག་སྤེལ་ཕྱིར་རྒྱ་ཡུལ་ནས་མདོ་གསེར་འོད་དམ་པ་དང༌། འདུལ་བ་ལས་རྣམ་འབྱེད་དང༌། སྨན་དཔྱད་ཀྱི་བསྟན་བཅོས་འགའ་ཞིག་བཅས་བསྒྱུར།

 

          བྲན་ཁ་མུ་ལེ་ཤོ་དངགཉགས་སྣ་ནམ་ཀུ་མ་ར་གཉིས་རྒྱ་གར་དུ་ལོ་ཙ་སློབ་ཏུ་བཏང་བ་ཕྱིར་ཕེབས་ནས། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བསྒྱུར་བར། བཙན་པོས་བྲག་དམར་མགྲིན་བཟང་སོགས་ལྷ་ཁང་ལྔ་བཞེངས་བཅུག

 

          བཙན་པོས་དེ་ལྟར་དམ་པའི་ཆོས་ལ་དད་འདུན་ཆེན་པོས་འཛིན་སྐྱོང་བྱ་བར་ཐུགས་གཞོལ་བས་བོན་བློན་འགའ་རེ་ཡོད་པ་མ་དགའ་བར་བཙན་པོ་དགྲོངས་པའི་གླགས་བཙལ།

 

          ༧༥༥ ལོར། བཙན་པོ་ཡར་འབྲོག་སྦྲ་ཚལ་དུ་བཞུགས་སྐབས། བོན་བློན་འབལ་ལྡོང་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་ལྐོག་ཏུ་བཀྲོངས།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php