ཁྲི་སྲོང་ལྡེའུ་བཙན།

 

          ༧༤༢ ལོར། བྲག་དམར་ཕོ་བྲང་དུ་སྣ་ནམ་བཟའ་མང་མོ་རྗེ་ལ་སྲས་ཁྲི་སྲོང་འཁྲུངས་ནས་བཙས་སྟོན་བཤམས། ཅུང་མ་འགོར་བར་ཡུམ་གཤེགས།

 

          སྐུ་ན་ཕྲ་མོའི་ནས་ཆོས་དད་དང་རིག་སྟོབས་འགྲན་ཟླ་བྲལ་བའི་ཐོག ཡབ་ཀྱིས་ནང་ཆོས་ལ་སློབ་གཉེར་ཤུགས་ཆེན་གནང་བཅུག་པས་དགུང་ལོ་བཅུ་གཉིས་ཙམ་ནས་ཆོས་སྲིད་ལུགས་གཉིས་ལ་མཁས་པར་གྱུར།

 

          ༧༥༥ ལོར། ལང་དང་འབལ་གཉིས་ཀྱིས་རྒྱལ་པོ་ལྐོག་ཏུ་བཀྲོངས་ཏེ། ཕྱི་ལ་བཙན་པོས་ཆོས་བྱས་པས་ལན་ནས་གྲོངས་ཚུལ་གྱི་རྫུན་བསྒྲགས་ཤིང༌། སྲིད་དབང་ཁོ་རང་གཉིས་ཀྱིས་བཟུང༌།

 

          དེ་ནས། བོན་བློན་མ་ཞང་ཁྲོན་པ་སྐྱེས་དང༌། སྟག་ར་ཀླུ་ཁོང་སོགས་ཀྱིས་བོན་ལ་དད་པའི་དམག་འབངས་དང་བཅས་པ་བསྐུལ་ནས་བོན་ལས་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅས།

 

          ལྷ་སའི་ཇོ་བོ་འདི་རྒྱ་ནག་གི་ལྷ་ཡིན་པས་བོད་ཀྱི་ཆོས་སྲིད་ལ་གནོད་ཅེས་ཕྱིར་རྒྱ་ནག་ཏུ་དབོར་བཅུག་པར་ཆོ་འཕྲུལ་དང་དཀའ་ངལ་མང་པོ་འཕྲད་དེ་མང་ཡུལ་ནས་ལུས།

 

          སྲས་ཁྲི་སྲོང་གིས་སྟག་སྒྲ་ཀླུ་ཁོང་སོགས་ཀྱི་རོགས་འདེགས་ལ་བརྟེན་ནས་གནས་ཚུལ་བརྩད་ཞིབ་ཀྱིས་ཡབ་རྒྱལ་པོ་ལང་འབལ་གཉིས་ཀྱིས་བཀྲོངས་ཚུལ་རྟོགས་ནས་གསང་དམག་བསྐུལ་ཏེ་ཚར་བཅད།

          ༧༥༦ ལོར། དངོས་སུ་རྒྱལ་ཁྲིར་མངའ་གསོལ་གྱིས་ཁྲི་སྲོང་ལྡེའུ་བཙན་ཞེས་མཚན་གསོལ་ཞིང་ཀུན་ལ་དྲིལ་བསྒྲགས། དེའི་མཚུངས་བློན་སྟག་སྒྲ་ཀླུ་ཁོང་སོགས་ལ་ཕྱི་ནང་གི་གོ་གནས་ཁག་བགོས་གནང༌།

 

          དེ་ནས། ཞང་བློན་མ་ཞང་ཁྲོན་པ་སྐྱེས་དུར་སར་བཙོན་འཇུག་དང༌། སྟག་ར་ཀླུ་ཁོང་བྱང་དུ་རྒྱང་ཕུད་གཏོང་དགོས་པའི་ཉེས་ཆད་བཅད་དེ་རྒྱལ་སའི་ཟིང་འཁྲུག་ཡོངས་སུ་ཞི་འཇགས་མཛད།

 

          གཡུ་ཐོག་ཡོན་ཏན་པོ་རྒྱལ་བུའི་ལྷ་རྗེར་མཚན་གསོལ་ཞིང༌། ཀོང་པོ་སྨན་ལུང་དུ་གསོ་རིག་སློབ་གླིང་བཙུགས་མ་ཐག་སློབ་མ་སུམ་བརྒྱ་ལྷག་དང་རིམ་པས་སྟོང་ཕྲག་ཙམ་བྱུང་ནས་འགྲོ་དོན་རྒྱ་ཆེན་གྲུབ།

 

          སྐབས་དེ་དག་ཏུ་རྒྱལ་མཚམས་ཀྱི་གནས་བབ་མི་བདེ་བས་བློན་ཁྲི་བཟང་དང་ཞང་སྟོང་བརྩན། ཀང་ལ་བོང་གསུམ་གྱི་དམག་གིས་རྒྱའི་སེ་ཅུ་ཆམ་ལ་ཕབ་ཅིང་ཙེ་ཅི་མན་ཆད་འབངས་སུ་བཀུག

 

          ༧༦༣། ལོར། བློན་ཆེན་པོ་ཞང་རྒྱལ་གཟིགས་དང༌། ཞང་སྟོང་རྩན། བློན་སྟག་སྒྲ་སོགས་ཀྱིས་འ་ཞ་དང་འཇང་དམག་བཅས་པའི་ཁྲི་དམག་ཉི་ཤུ་ལྷག་དྲངས་ཏེ་རྒྱ་ལ་ཕར་རྒོལ་བྱས།

 

          དམག་དཔོན་ཀོ་ཧོས་ཀྱིས་དཔུང་དམག་ཁྲིད་དེ་བོད་ལ་མགོ་བཏེགས་ཤིང༌། དམག་ལམ་ཁྲིད་དེ་ཧྲང་ཏུའུ་མཁར་དུ་སླེབས།

 

          གོང་མ་ཏེད་ཙུང་ཧྲན་ཀྲིག་ཏུ་བྲོས། བོད་དམག་གིས་རྒྱལ་ས་ཁྲང་ཨན་འཕྲོགས་ཏེ། ཅིན་ཁྲིན་ཀོང་ཇོའི་ཚ་བོ་ལི་ཁྲིན་ཧུང་གོང་མར་བསྐོས་ཏེ། ཉིན་བཅོ་ལྔར་དགའ་སྟོན་བྱས་ནས་དམག་ཕྱིར་ལོག

 

          ༧༦༥ ལོར། ཐང་བོད་ཀྱི་བློན་ཆེན་ཁག་ཅིག་ཞིན་ཐང་དགོན་པར་ལྷན་འཛོམས་ཀྱིས་འདུམ་འགྲིག་ཡོང་བར་གྲོས་མོལ་གནང༌།

 

          ༧༨༣ ལོར། ཐང་ཏེད་ཙུང་གིས་བློན་ཆེན་ལིས་ཀྲུང་ཁྲིན་སོགས་མངགས་ཏེ་བོད་ཀྱི་ཕོ་ཉ་བ་ཁྲི་དགྲ་བཙན་སོགས་དང་མཇལ་འདུམ་གནང༌།

 

          ༧༨༧ ལོར། སླར་ཡང་ཧུང་ཞང་རྗེ་བཙན་དང་དམག་སྤྱི་ཧུང་ཇན་གཉིས་ཀྱིས་ཕིན་ལིང་དུ་མཇལ་འདུམ་གནང་བར་མ་འཆམ་པར་རྩོད་པ་ཆེན་པོ་བྱུང༌།

 

          དེ་བས་བོད་དམག་གིས་མཇལ་འདུམ་གནང་སར་གློ་བུར་འཇབ་རྒོལ་གྱིས་ཐང་གི་དཔོན་རིགས་དྲུག་ཅུ་ལྷག་བཟུང༌། ཧུང་ཇན་གཅིག་པུ་རྟར་ཞོན་ནས་བྲོས་ཤོར།

 

          དེ་ལྟར་ཕྱི་བློན་དང་དམག་དཔོན་ཚོས་དམག་དོན་དང༌། བཙན་པོ་ཁྲི་སྲོང་གིས་ལུགས་གཉིས་ཀྱི་ཁྲིམས་སྲོལ་བཟང་པོ་བཟོ་བཞིན་དམ་པའི་སྤེལ་བའི་ཐད་ལ་དགོངས་བཞེས་རྒྱ་ཆེན་པོ་གནང་གིན་ཡོད།

 

          ཉིན་ཞིག མེས་པོ་སྲོང་བཙན་སྒམ་པོའི་བཀའ་ཆེམས་མཇལ་ནས། ངའི་དབོན་སྲས་ཀྱི་རིང་ལ་རྒྱལ་པོ་ལྡེ་ཞེས་པའི་རིང་ལ་དམ་པའི་ཆོས་དར་བར་འགྱུར། ཞེས་རང་ཉིད་ལུང་བསྟན་ཚུལ་གཟིགས།

          དེར་རྒྱལ་པོའི་ཐུགས་ལ། དམ་ཆོས་སྤེལ་པར་དགེ་འདུན་པའི་སྡེ་འཛུགས་དགོས༌། དེ་བས་མཁན་པོ་ཞིག་གདན་འདྲེན་ཞུས་ན་ལེགས་དགོངས་ཏེ། ཆོས་བློན་སྦ་གསལ་སྣང་རྒྱ་གར་དུ་མངགས།

          སྦ་གསལ་སྣང་ལོ་ཚ་བ་འཁོར་དང་བཅས་རྒྱ་གར་དུ་ཕེབས་ནས། དཔལ་ན་ལེན་དྲའི་མཁན་ཆེན་བོདྷིསཏྭའམ་ཞི་བ་འཚོའི་ཞབས་ལ་ཕྱག་འཚལ་ནས་སྐྱབས་འཇུག་ཞུས་པས་མཁན་པོས་ཞལ་བཞེས་གནང༌།

 

          སྦ་གསལ་སྣང་གིས་མཁན་པོ་གདན་དྲངས་ཏེ་བྲག་དམར་ཕོ་བྲང་དུ་འབྱོར་བ་དང༌། བཙན་པོས་གསེར་བྱེ་བྲེ་གང་སོགས་འབུལ་བ་དང་བཅས་བསུ་བར་ཕེབས། མཁན་པོས་བཙན་པོ་སོགས་ལ་ཆོས་རྒྱ་ཆེར་གསུངས།

 

          འོན་ཀྱང་བོན་པོ་མང་པོས་ངོ་རྒོལ་ཤུགས་ཆེན་བྱས་པས། བློན་པོ་ལ་ལས་བོན་དང་ཆོས་གཉིས་ཀ་བྱས་ན་འགྲིགས་མིན་སོགས་གླེང་སྟེ། གནད་དོན་དེ་ལས་སླ་བོར་ཐག་གཅོད་མ་ཐུབ།

 

          མཐར་ཞི་བ་འཚོས། རྒྱལ་ཁབ་གཅིག་ལ་ཆོས་ལུགས་གཉིས་འོང་དཀའ། ང་ཚོས་རྩོད་པ་བྱེད། སུ་ཞིག་རྒྱལ་ན་དེར་དེའི་ལུགས་སུ་བྱ། ཞེས་གསུངས་པར་བོན་པོ་ཚོས་ཀྱང་མོས་མཐུན་གནང༌།

 

          བཙན་པོའི་ཐུགས་ལའང། བོན་ལས་ཆོས་ཟབ་རྒྱ་ཆེ་བས་རྩོད་པ་བྱས་ན་བན་དེ་ཚོ་རྒྱལ་ངེས་ལ། ཐག་གཅོད་དེ་ལུགས་དང་མཐུན་པ་ཞིག་ཀྱང་རེད་སྙམ་ནས། དེ་བཞིན་གནང་རྒྱུར་བཀས་བཅད།

 

          དེ་ནས། བློན་དམག་ཚོས་བན་བོན་གཉིས་ཀས་རྒྱལ་ཕམ་གྱི་རྒྱན་འཇོག་འགྲན་རྩོད་བྱ་རྒྱུའི་བཀའ་ཡིག་ཁྱབ་བསྒྲགས་ཀྱིས་ཕྱོགས་སོ་སོའི་མཁས་དབང་མང་པོའང་གདན་འདྲེན་བྱས།

          བཙན་པོ་དབུ་བཞུགས་ཐོག བན་བོན་གཉི་གའི་མཁས་གྲུབ་གང་ཡོད་རྣམས་ལྷན་འཛོམས་ཀྱིས་རྩོད་པ་གནང་མཐར་བན་དེར་རྒྱལ་ཁ་ཐོབ།

 

          དེ་ནས་བཙན་པོས། བོན་ལས་ཤཱཀྱ་ཐུབ་པའི་ཆོས་ཟབ་རྒྱ་ཆེ་བ་འདུག་པས་ཕྱིན་ཆད་ནས་ཆོས་ལ་དད་པ་བྱོས། གལ་ཏེ་བོན་བྱེད་ནའང་ཆོས་བྱེད་པར་མ་དགའ་བ་དང་གནོད་བྱེད་མི་ཆོག ཅེས་བཀའ་གནང༌།

 

          དེ་ནས་ཐོག་མར་མང་ཡུལ་ནས་ཇོ་བོ་ཤཱཀྱ་ཕྱིར་ལྷ་སར་གདན་འདྲེན་བསུ་བ་གཟབ་རྒྱས་ཀྱིས་ར་སའི་བཙན་ཁང་དབུས་མར་བཞུགས་སུ་གསོལ་ཞིང༌། ཆོས་སྟོན་རྒྱ་ཆེན་པོ་གནང༌།

 

          བཙན་པོས་བོད་འབངས་ཡོངས་ལ་བཀའ་ཡིག་ཁྱབ་བསྒྲགས་ཀྱིས། ད་ནས་བཟུང་མེས་པོ་སྲོང་བཙན་གྱི་ལུགས་ལྟར་ཆོས་ཁྲིམས་སླར་གསོ་བྱས་ནས་དུས་བདེ་ལྷིང་འཇགས་བཟོ་དགོས་ཚུལ་བསྒྲགས།

 

          བཙན་པོས་ད་དུང༌། བོད་མིས་ཆོས་བྱེད་ཐུབ་མིན་ཉམས་སད་དུ་རབ་བྱུང་གི་སྡེ་ཞིག་དགོས་པས་རབ་ཏུ་འབྱུང་ཐུབ་མཁན་སྐལ་བ་བཟང་པོ་ཅན་སུ་ཡོད་མདུན་དུ་ཤོག ཅེས་བཀའ་གནང༌།

 

          དེར། མི་ཚོགས་ལས། སྦ་རིན་ཆེན། སྦ་གསལ་སྣང༌། བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་ཨ་ཙ་ར་རིན་ཆེན་མཆོག་སོགས་མི་བདུན་ཐོན་པས་བཙན་པོར་ཕྱག་ཕུལ།

          དེར་ཞི་བ་འཚོ་རབ་ཏུ་མགུ་ནས། བདག་ཅག་གི་སྟོན་པའི་བསྟན་པར་གཏད་རབས་ཆེན་པོ་བདུན་བྱུང༌། བོད་ལའང་བསྟན་པ་འཛིན་སྐྱོང་སྤེལ་བའི་རྟེན་འབྲེལ་ཧ་ཅང་བཟང་ཞེས་གསུངས།

 

          དེ་ནས་མཁན་པོས་རབ་བྱུང་བསྒྲུབས། བཙན་པོས། ཁོང་ཚོར་ཆོས་དང་ལོ་ཙཱ་གཉིས་ཀ་སློབ་དགོས་པ་དང༌། ཀུན་གྱི་མིག་དཔེར་འོས་པའི་དགེ་འདུན་པ་རབ་ཅིག་བྱེད་དགོས་ཚུལ་སོགས་བཀའ་སློབ་གནང༌།

 

          ཉིན་ཞིག་རྒྱལ་པོ་དང་མཁན་པོས་གཙུག་ལག་ཁང་ཞིག་བཞེངས་རྒྱུའི་བཀའ་མོལ་གནང་བཞིན་ལྗོངས་རྒྱུར་ཕེབས་སྐབས། གློ་བུར་སྤྲིན་འཁྲུགས་ཏེ་དམར་པོ་རིར་ཐོག་བརྒྱབ་པ་དང༌། སེར་བས་ལོ་ཏོག་བཅོམ།

 

          དེ་ལྟར་ལོ་ཉེས་དང་མི་ནད་སོགས་ལྟས་ངན་པ་མང་དུ་བྱུང་བས་བོན་པོ་ཚོས་རྒྱལ་པོས་ཆོས་བྱས་པས་ལན་པ་རེད་ཅེས་མི་མང་ལ་རྣམ་རྟོག་བསླངས་པ་སོགས་ཀྱིས་ཆོས་བྱེད་པར་བར་ཆད་བྱུང༌།

 

          དེར་མཁན་པོས་བཅན་པོ་ལ། བོད་འདིར་ལྷ་འདྲེ་གདུག་པ་ཅན་མང་བ་དང༌། བོན་ལའང་མཐུ་ཆེ་བས་གནོད་པ་མང༌། དེ་བས་དེ་དག་འདུལ་བ་གུ་རུ་པད་མ་འབྱུང་སྤྱན་འདྲེན་དགོས་ཚུལ་ཞུས།

 

          སླར་ཡང་སྦ་གསལ་སྣང་སོགས་ཨོ་རྒྱན་ཡུལ་དུ། གུ་རུ་པད་མ་འབྱུང་གནས་སྤྱན་འདྲེན་དུ་ཆས། གུ་རིས་མཁྱེན་ནས་རྫུ་འཕྲུལ་གྱིས་གཤེགས་འོང་པར་ཚང་མ་དགའ་ཞིང་མཚར་ལ་དད་ནས་ཕྱག་འཚལ།

 

          ༧༦༢ ལོར། ཨོ་རྒྱན་པད་མ་འབྱུང་གནས་ཟུར་མཁར་དུ་ཕེབས་འབྱོར་བྱུང་བར་རྒྱལ་བློན་འབངས་དང་བཅས་ཕེབས་བསུ་གཟབ་རྒྱས་གནང༌། རལ་བ་ཆེ་བ་སོགས་དྲག་པོའི་བརྗིད་ཉམས་ཆེ་བས་ཀུན་ཟིལ་གྱིས་མནན།

 

          གུ་རུ་རིན་པོ་ཆེས་ཐོག་མར་ནག་ཕྱོགས་ལྷ་འདྲེ་མི་གསུམ་བཅས་པ་རྫུ་འཕྲུལ་གྱིས་དབང་དུ་བསྡུས་ཏེ། ཡུལ་ལྷ་གཞི་བདག་སོགས་མཐུ་ཆེན་མང་པོ་ཞིག་ཆོས་ཀྱི་སྲུང་མར་བསྐོས།

 

          དེ་ནས་གུ་རུས་གཙུག་ལག་ཁང་བཞེངས་སའི་ས་བདམས་ཏེ་རྫུ་འཕྲུལ་གྱིས་ནམ་མཁར་བྱོན་ནས་ས་གཞི་བྱིན་གྱིས་བརླབས་ཤིང་སྐུའི་གྲིབ་མ་གར་ཁྱབ་ལ་ཐིག་རིས་ཕབ་བཅུག་ནས་གཙུག་ལག་ཁང་གི་དཔེ་རིས་ཕབ།

 

          ༧༦༣ ལོར་རྒྱ་གར་ནག་དང་བལ་པོ་སོགས་རྒྱལ་ཁབ་ཕྱི་ནང་གི་རྩིག་བཟོ་ཆེད་ལས་མཁས་པ་དུ་མ་གདན་འདྲེན་གྱིས་གཙུག་ལག་ཁང་བཞེངས་པའི་རྨིང་བཏིང༌།

 

           ༧༦༦ ལོར། ཐོག་བར་ཤོད་གསུམ་རིམ་བཞིན་ཧིན་བོད་རྒྱ་གསུམ་གྱི་ལུགས་སུ་བྱས་པའི་བསམ་ཡས་དབུ་རྩེ་རིགས་གསུམ་ལྷ་ཁང་ཡོངས་སུ་བཞེངས་གྲུབ་སྟེ། སློབ་དཔོན་གྱིས་རབ་གནས་གནང༌།

 

          དེར་དགའ་སྟོན་གྱི་ཐོག་མར། བཙན་པོས། ང་ཡི་དབུ་རྩེ་རིགས་གསུམ་འདི། རིན་ཆེན་ལྔ་ལས་གྲུབ་པ་སྟེ། བརྩིགས་པ་མི་འདྲ་སྐྱེས་པ་འདྲ། ང་ཡི་ལྷ་ཁང་ངོ་མཚར་ཆེ། ཞེས་སོགས་གནས་བཤད་ཀྱི་མགུར་བཞེངས།

 

          དེ་ནས་ཆོས་ཀྱི་རྟེན་འབྲེལ་དུ། མཁན་སློབ་ཆོས་རྒྱལ་གསུམ་དབུ་བཞུགས་ཐོག་རབ་བྱུང་བ་བདུན་པོས་ལེགས་སྦྱར་སྐད་ཀྱིས་ལུང་འདྲེན་དང་བཅས་ཆོས་རྩོད་ཀྱི་མཆོད་པ་ཆེན་པོ་ཕུལ་བས་ཀུན་ངོ་མཚར།

 

          དེར་བཙན་པོ་རབ་ཏུ་དགྱེས་ཏེ། ཉམས་སད་ཐེག་པའི་དགེ་འདུན་པ་མཆོག་ཤ་སྟག་བྱུང་འདུག ཅེས་གོང་བཀུར་དང་གཟིགས་གསོལ་གནང་བས། སད་མི་བདུན་ཞེས་ཡོངས་སུ་གྲགས་སོ།

 

          བཙན་པོས། ད་བོད་ལ་ཆོས་དར་བའི་རྟེན་འབྲེལ་བཟང་པོ་བྱུང་མོད། རབ་བྱུང་བ་འདི་ཙམ་གྱིས་མི་འོང༌། ད་དུང་རབ་ཏུ་འབྱུང་མཁན་ཚང་མར་འཚོ་བ་གཞུང་ནས་གནང་སྦྱིན་བྱ་རྒྱུ་ཞེས་བསྒྲགས།

 

          དེར་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མང་མོ་བཙན་རབ་ཏུ་བྱུང་བའི་ཆོས་མཚན་ལ་ཇོ་མོ་བྱང་ཆུབ་སྒྲོན་ཞེས་གསོལ། དད་ལྡན་ཕོ་མོ་སུམ་བརྒྱ་ལྷག་ཅིག་དགའ་སྟོན་གྱི་དུས་ཡུན་རིང་ལ་རབ་ཏུ་བྱུང༌།

 

          དེར་བཙན་པོས། བཙོན་པ་ཡོད་ཚད་གློད་གྲོལ་བཏང་ནས། ཕྱིན་ཆད་ཕོ་མིག་མི་འདོན་དང༌། མོ་སྣ་མི་གཅོད་པ། ཉེས་ཅན་མི་གསོད་པ། རབ་བྱུང་བ་མཆོད་གནས་སུ་བཀུར་དགོས་པ་སོགས་ཆོས་ཁྲིམས་བཅས།

 

          གཞན་ཡང༌། སློབ་དཔོན་དང་མཁན་པོ། བློན་པོ་སོགས་ཀྱིས་བསླབ་མགུར་དང༌། བཙུན་མོ་སོགས་བོད་མི་རེའི་ཁ་ནས་གླུ་རེ་བླངས་ཏེ། གླུ་གར་རྒྱ་མཚོའི་དཔལ་ལ་ཉིན་དུ་མར་དགའ་མགུར་ལོངས་སུ་སྤྱད།

 

          དེ་ནས་སྒྲ་སྒྱུར་གླིང་བཙུགས་ཏེ། བལ་པོ་རྒྱ་དཀར་ནག་གི་ལོ་པཎ་ཡང་སྤྱན་དྲངས་ཏེ་མདོ་སྔགས་དུ་མ་བསྒྱུར། རྒྱལ་པོ་དང་ལོ་པཎ་ལྷན་འཛོམས་ཀྱི་འགྱུར་ལས་གཞན་མི་ཆོག་པའི་བཀའ་ཡང་བསྒྲགས།

 

          དེ་ལྟར་མཁན་ཆེན་ཞི་བ་འཚོ་ལོ་བཅུ་ལྷག་བོད་དུ་བཞུགས་མཐར། ཡེ་ཤེས་བཟང་པོར་མ་འོངས་ལུང་བསྟན་དང་བཅས་མྱ་ངན་ལས་འདས། རྒྱལ་པོས་དགེ་སློང་ཡེ་ཤེས་དབང་པོ་མཁན་པོར་བསྐོས།

 

          རྒྱལ་པོས། དགེ་འདུན་པའི་སྡེ་དར་ཞིང་དམ་པའི་ཆོས་ཡུན་དུ་གནས་པའི་མཐུན་རྐྱེན་དུ་དགེ་འདུན་པ་རེ་རེར་སྦྱིན་བདག་ཁྱིམ་ཚང་གསུམ་རེ་གནང་པས། རབ་ཏུ་འབྱུང་མཁན་ཡང་ཇེ་མང་དུ་གྱུར།

 

          དེ་བཙན་པོས་རང་གི་སྒོ་གསུམ་དང༌། བཙུན་མོ་མཁར་ཆེན་བཟའ་མཚོ་རྒྱལ་སོགས་སློབ་དཔོན་པད་མ་འབྱུང་གནས་ལ་དབང་ཡོན་དུ་ཕུལ་ནས་གསང་སྔགས་ཀྱི་དབང་ལུང་མན་ངག་དང་བཅས་པ་ཞུས།

 

          རྒྱལ་པོ་དང་ཆབས་ཅིག་མཁན་པོ་ཡེ་ཤེས་བཟང་པོ། བཻ་རོ་ཙ་ན། མཁར་ཆེན་བཟའ་མཚོ་རྒྱལ་སོགས་སྐལ་ལྡན་རྗེ་འབངས་ཉེར་ལྔ་ཡང་སྔགས་ལམ་ལ་ཞུགས་པས་རིམ་བཞིན་ཚང་མ་གྲུབ་པ་ཐོབ།

 

          སྐབས་དེ་ཙམ་ཞིག་ན། བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་བཻ་རོ་ཙ་ན་ལ་སེམས་པ་ཤོར་ནས། མཚན་གཅིག་རང་འགྲོགས་རྒྱུ་བྱུང་ན་བསམ་ཞིང་སྐབས་ཡོད་ཚད་ལ་ཆགས་ཉམས་སྣ་ཚོགས་བསྟན།

 

          ཉིན་ཞིག བཅུན་མོས་བཙན་པོ་མི་བཞུགས་པའི་སྐབས་དང་བསྟུན་ནས། བཻ་རོ་ཙ་ནའི་སར་བཅར་ནས་བཙན་པོས་ཕོ་བྲང་དུ་གདན་འདྲེན་གྱིན་འདུག་ཅེས་དབུ་བསྐོར་ནས་མོ་རང་གི་གཟིམ་ཁང་དུ་བསུས།

 

          དེར་ཞལ་ཟས་སོགས་བཤམས་ཏེ། གུས་པས་ཞབས་ལ་ཕྱག་འཚལ་བཞིན། དེ་རིང་འདི་རུ་སུ་ཡང་མེད། ཁོ་མ་ཁྱེད་ལ་དགའ་ཞིང་ཆགས་པས། ལན་ཅིག་ཁོ་མོའི་འདོད་པ་སྐོང་གནང་འཚལ། ཞེས་ཞབས་ལ་འཐམས།

 

          དགེ་སློང་རབ་ཏུ་དངངས་ཤིང་འཚུབ་ཅིང་འདར། དེ་འདྲ་མ་གནང་ཞེས་ཞུས་ཀྱང་འཐམས་ནས་མ་བཏང་བས། འོ་ན། ང་ཆབ་གསང་ལ་གཅིག་སོང་ནས་འོང་ཞེས་སྨྲས་པས་དགའ་ནས་བཏང༌།

 

          དེ་ནས་བཻ་རོ་ཙ་ན་རི་དྭགས་རྒྱ་ལས་ཐར་ལྟར་བྲོས་ནས་སོང༌། བཙུན་མོ་ངོ་ཚ་དང་ཁོང་ཁྲོས། རང་གི་ན་བཟའ་རལ་ཅིང་བྲང་ཁར་སེན་མོས་བཏབ་སྟེ་ངུ་འབོད་བྱས། འཁོར་རྣམས་འབྱོར་བར་བརྙས་བཅོས་བཏང་ཞེས་སྨྲས།

 

          གཏམ་དེ་བཙན་པོའི་སྙན་ལ་འཁྱོལ་བས་ཐུགས་རབ་སྐྱོ། བཻ་རོ་ཙ་ནར་ཉེས་འགེལ་བྱས་པས་ཚ་བ་རོང་དུ་བྲོས། དེ་བཞིན་སློབ་དཔོན་དང་རྒྱལ་པོའི་བར་ལའང་ཕྲ་མ་དང་མི་ཁ་མང་པོ་འཁོར།

 

          དེར་གུ་རུ་རིན་པོ་ཆེས་ཀྱང་འགྲོ་དོན་མི་འོང་པར་དགོངས་ཏེ། རིན་ཆེན་གསང་གཏེར་དུ་མ་སྦས་ཤིང༌། མཐར་རྒྱལ་པོ་སོགས་ནང་འཁོར་འགའ་ཞིག་ལ་མ་འོངས་ལུང་བསྟན་གནང་ནས་ལྷོ་ནུབ་ཏུ་ཕེབས།

 

          རྒྱལ་པོ་ཐུགས་སྐྱོ་བའི་ངང༌། སྲས་མུ་ནེ་བཙན་པོ་ལའང་ཆོས་ལ་སློབ་གཉེར་གནང་བཅུག་པ་དང་ལྷན་དུ། སྲིད་སྐྱོང་ཚུལ་གྱི་བསླབ་བྱ་དང་བཅས་རྟག་ཏུ་སྦྱོང་བརྡར་སྤྲོད་ཀྱིན་ཡོད།

 

          རེ་ཞིག་ན་རྒྱའི་ཧ་ཤང་མཧཱཡ་ན་ཟེར་བ་ཞིག་གིས་ལུས་ངག་གི་དགེ་བས་འཚང་མི་རྒྱ་ཚུལ་དང༌། ཡིད་ལ་ཅི་ཡང་མི་བྱེད་པའི་སྒོམ་པས་འཚང་རྒྱ་ཚུལ་གྱི་ལོག་ཆོས་འཆད་པ་པོ་ཞིག་བོད་ལ་སླེབས།

 

          སྐབས་དེར་བོད་དུ་བཙོ་བོ་ཆོས་འདུལ་བ་ཉམས་བཞེས་གནང་ནས་བསྟན་འཛིན་གྱི་གཞི་འཛུགས་པའི་དུས་ཡིན་པས། ལྟ་སྒོམ་གྱི་ཟབ་གནད་རྟོགས་མཁན་ཉུང༌། དེ་བས་ཧ་ཤང་གི་རྗེས་འགྲོ་མང་ཙམ་བྱུང༌།

 

          རྩོད་པ་ཤུགས་ཆེར་གྱུར་པས། རྒྱལ་པོས། མཁན་པོ་ཡེ་ཤེས་དབང་པོ་ལྷོ་བྲག་མཁར་ཆུ་བཙན་གྱི་བྲག་ཕུག་ལ་སྒོམ་དུ་བཞུགས་པ་གདན་འདྲེན་དུ་བློན་ཁམས་པ་བཏང༌།

 

          ཡེ་ཤེས་དབང་པོས་བཙན་པོའི་མདུན་སར་བཅར་ནས། འདི་ལ་མཁན་ཆེན་ཞི་བ་འཚོའི་ཞལ་ཆེམས་གནང་བ་ལྟར། ཁོང་གི་སློབ་མའི་མཆོག་ཀ་མ་ལ་ཤི་ལ་བལ་ཡུལ་ནས་གདན་འདྲེན་དགོས་ཞེས་ཞུས།

 

          དེ་ནས་ཀ་མ་ལ་ཤི་ལའམ་པད་མའི་ངང་ཚུལ་གདན་དྲངས་ཏེ། ཧ་ཤང་དང་གཉི་གར་བྱང་ཆུབ་གླིང་དུ་ཁྲི་བཤམས་ནས་སོ་སོའི་འཁོར་སློབ་དང་བཅས་པ་རྩོད་པའི་འདུ་ཚོགས་ཆེན་མོར་འཁོད།

 

          དེར་བཙན་པོས། དོན་གྱི་བྱུང་བ་དང་རྩོད་པའི་དགོས་དམིགས་བཅས་གསུངས་ནས། ཕྱོགས་གཉི་གའི་ཕྱག་ལ་མེ་ཏོག་དཀར་པོ་རེ་གནང་ནས། སུ་ཕམ་པ་དེས་སུ་རྒྱལ་པར་མེ་ཏོག་མཆོད་དགོས་ཞེས་གསུངས།

 

          དེར་ཧ་ཤང་གིས། དགའ་མི་དགའ། དགེ་མི་དགེ་ཚང་མ་རྣམ་རྟོག་གིས་བསྐྱེད། རྣམ་རྟོག་བྲལ་བ་ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་ཁོ་ནས་འཚང་རྒྱ་ཚུལ་གྱི་ཅིག་ཅར་དུ་འཇུག་པའི་ལྟ་ཚུལ་གསུངས།

 

          ཀ་མ་ལས། སོ་སོར་རྟོགས་པའི་ཤེས་རབ་མེད་ན་མུན་སྒོམ་ཡིན་ཚུལ་དང༌། ཐབས་ཤེས་ཡ་བྲལ་ནས་འཚང་རྒྱ་བའི་ཐབས་མེད་ཚུལ་གྱི་ལུང་རིགས་མང་པོས་རིམ་གྱིས་འཇུག་དགོས་པའི་ལྟ་ཚུལ་གསུངས།

 

          དེ་ལྟར་ལྟ་སྒོམ་སྤྱོད་གསུམ་ལ་རྩོད་རོགས་རྣམས་དང་བཅས་ཆོས་རྩོད་ཡུན་རིང་གནང་མཐར་ཧ་ཤང་འཁོར་དང་བཅས་པ་ཕམ་ནས་པད་མའི་ངང་ཚུལ་ཕྱོགས་ལ་མེ་ཏོག་གཏོར་ནས་ཕྱིར་རྒྱ་ནག་ཏུ་ལོག

 

          དེར་རྒྱལ་པོས་ཞུས་པ་བཞིན་པད་མའི་ངང་ཚུལ་གྱིས་སྒོམ་རིམ་དང་བོ་བར་བ་ཐ་མ་བཅས་ཀྱི་བསྟན་བཅོས་དང་དབུ་མ་སྣང་བ་བཅས་བརྩམས། དེ་ནས་བཟུང་ཀུན་གྱིས་ཉམས་ལེན་ཚུལ་བཞིན་གནང༌།

 

          ཉིན་ཞིག དབུ་རྩེའི་བར་ཁང་དུ་བཙན་པོས་སྲས་ཆེ་བ་མུ་ནེ་བཙན་པོར། ད་ནི་ཁྱོད་ནར་སོན་པས་རྒྱལ་སྲིད་སྐྱོངས། ང་ལོ་ན་ཡོལ་བས་ཆོས་གཤའ་མ་ཞིག་བྱེད་འདོད། ཅེས་གསུངས།

 

          མུ་ནེ་བཙན་པོས། ཡབ་ཀྱིས་བདག་ལ་གཟིགས་སྐྱོང་གནང་བ་ཐུགས་རྗེ་ཆེ། རྟག་ཏུ་སློབ་སྟོན་གནང་རོགས། ཞང་གི་བུ་དབུ་རིང་བདག་གི་བློན་པོར་བསྐོས་ན་སེམས་བདེ། ཞེས་ཞུས།

 

          ཡབ་ན་རེ། དེ་འགྲིག་གི་རེད། ཁོ་སྒྱུ་རྩལ་དང་དམག་དོན་ཐད་ལ་འཇོན་པོ་འདུག འོན་ཀྱང་བློན་ཆེན་པོ་ནི་སྔར་བཞིན་བློན་རྒན་འགོས་ཀྱིས་གནང་དགོས། ཞེས་གསུངས།

 

          ཡུམ་དེ་མ་ཐག་སྲས་འབྲིང་བ་མུ་རུག་བཙན་པོའི་སར་བཅར་ནས། དེ་དོན་བཤད་ནས་ཞང་སྣ་ནམ་པའི་ལག་ལ་དབང་ཤོར་ན་སྲིད་ལ་ཉེན་ཁ་ཆེ་ཚུལ་གསུངས།

 

          མུ་རུག་བཙན་པོ་ཡབ་ཀྱི་ཕོ་བྲང་དུ་བཅར་དུས། དབུ་རིང་གིས་བཙན་པོ་དང་ཞང་བློན་གྱིས་བཀའ་མོལ་གནང་གིན་འདུག་ཅེས་མ་བཏང་བར་མུ་རིག་ཁྲོས་ཏེ་་ཆུ་གྲི་བསྣུན་ནས་བསད།

 

          ཞང་བློན་ཁྲོས་ཏེ་ཁྲིམས་གཏུགས་ཞུས། བློན་ཆེན་འགོས་ཀྱིས་སྲས་མུ་རུག་བཙན་པོ་བྱང་ལ་བསྐྲད་ཅིང༌། ཞང་བློན་ལ་མི་སྟོང་དུ་ཡུལ་གྲུ་ཆེན་པོ་གཅིག་བྱིན་ནས་ཐག་གཅོད་འོས་འཚམ་གནང༌།

 

          དེར་བཙན་པོ་ཐུགས་ལྷག་པར་སྐྱོ་ནས་ཕོ་ཡོང་བཟའ་ལ། མོ་རང་ཡུམ་གྱི་རྣམ་ཤེས་ཡིན་པས་དྲིན་གཟོ་ཕྱིར་བླངས་ཚུལ་དང༌། རྒྱལ་སྲིད་དང་མོ་རང་བཅས་པ་སྲས་ལ་གནང་རྒྱུ་ཡིན་ཚུལ་གསུངས་པས། གཉིས་ཀ་འཐམས་ཏེ་བཤུམ།

 

 

          དེ་ནས་རེ་ཞིག་ཆབ་སྲིད་སྲས་མུ་ནེ་བཙན་པོར་གནང་ཞིང༌། སྲས་ཆུང་བ་དགུང་ན་ཕྲ་བ་དེའང་དགེ་སློང་མྱང་ཏིང་འཛིན་ལ་གཏད་དེ་ཕ་ཤུལ་བུས་ཟིན་པ་ཞིག་གནང་དགོས་ཚུལ་གདམས་ཏེ་སྒོམ་དུ་ཕེབས།

 

          མེ་གླང་ལོ་གསར་ལ་རྒྱལ་བུ་དང་བློན་པོ་ཚོས་བཙན་པོ་ཕོ་བྲང་དུ་བསུས་ཏེ་མཚན་མོར་མི་མང་གིས་ལག་ལ་སྒྲོན་མེ་བཏེགས་ནས། རྟ་རྒྱུགས་གནང་དུས་སུ་ཞིག་གིས་ལྐོག་མདའ་འཕངས་ཏེ་བཙན་པོ་བཀྲོངས།

 

          དེ་ནས་བཟུང་མྱང་ཏིང་ངེ་འཛིན་ནི་རྒྱལ་སྲས་མུ་ཏིག་བཙན་པོའི་ཕ་ཚབ་ལྟ་བུར་གྱུར་ཅིང༌། ཆོས་དང་ལུགས་ཀྱི་བསླབ་བྱ་དུ་མས་ལེགས་པར་བསྐྱངས་ཏེ་ཡབ་བཙན་པོ་ལྟ་བུ་ཞིག་འོང་རེ་གནང༌།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php