མུ་ནེ་བཙན་པོ།

 

          མེ་གླང་༧༩༧ ལོར་མུ་ནེ་བཙན་པོ་དངོས་སུ་རྒྱལ་ཁྲིར་ཕེབས་ཏེ། བློན་ནོན་སང་རྒྱ་དང་ཞི་འདུམ་དུ་བཏང་ཡང༌། ཐང་ཏེ་ཙུང་གིས་ཞི་མཐུན་ཡོང་མིན་དེ་བོད་དམག་ཕྱིར་འཐེན་མིན་ལ་ཐུག་ཡོད་ཅེས་མ་གསན།

 

          དེ་བས་བོད་དམག་གིས་ཅན་ཧྲན་རི་རྩེར་མདའ་དར་བཙུགས་ཏེ་དམག་བསངས་ཆེན་པོ་བཏང་ནས་མ་ལན་དང་ཐེ་ཏན་ཟེར་བའི་མཁར་གཉིས་བཅོམ།

 

          དེར་སོ་ཀྲའུ་ཞིང་ཆེན་གྱི་དམག་དཔོན་ཚའོ་ཀོ་ཧྲིས་དམག་འཐབ་བརྒྱབ་སྟེ་བོད་དམག་སུམ་བརྒྱ་ལྷག་བསད་མོད་མཐར་ཕམ་ཉེས་སུ་གྱུར། རྒྱའི་རྟ་དང་དམག་ཆས། འབྲུ་རིགས་བཅས་མང་པོ་བླངས།

 

          སྐབས་དེར་ཕོ་བྲང་ནང་ན་དེ་ལས་ཀྱང་ཟིང་ཆ་ཞིག་སློང་མཁན་ནི་ཡུམ་མེ་ཏོག་སྒྲོན་ཡིན། ཁོ་མོས་སྣ་ནམ་ཞིང་ལ་མ་དགའ་བའི་བསམ་དོན་འགྲུབ་མོད། ད་དུང་ཕྲག་དོག་བྱེད་ས་ཕོ་ཡོང་བཟའ་ཡོད།

 

          ཕོ་ཡོང་བཟའ་ནི་ལོ་ཆུང་ལ་མཛེས་མཛངས་ཡོན་ཏན་ཀུན་འཛོམས་ནའང༌། དབུལ་མོའི་བུ་མོ་ཞིག་ཡིན་པས། མེ་ཏོག་སྒྲོན་གྱིས། ཤིག་འཁྱམ་རྐང་ནས་མགོ་ཞེས་རྣམ་རྟོག་དང་མཐོང་ཆུང་ཕྲག་དོག་ལྷན་ཅིག་བྱེད།

 

          མུ་ནེ་བཙན་པོར་ཡབ་རྒྱལ་པོའི་བྱམས་བརྩེ་དང་སྙིང་རྗེའི་བག་ཆགས་གཞན་ལས་ཆེ་བས། དངོས་སུ་དམངས་ཀྱི་བདེ་སྡུག་ལ་གཟིགས་ཞིབ་ཀྱིས་དབུལ་ཕྱུག་གི་ཁྱད་པར་ཧ་ཅང་ཆེ་ཚུལ་གསལ་རྟོགས་བྱུང༌།

 

          དེར། ཕྱོགས་གཅིག་ནས་ཕྱུག་པོ་དག་ལ་ཡབ་ཀྱི་དགོངས་རྫོགས་ཀྱི་ལོ་མཆོད་དཀར་ཐིག་བསླངས་པ་དང༌། ཕྱོགས་གཞན་ཞིག་ནས་དབུལ་བོར་སྦྱིན་པ་གཏོང་རྒྱུའི་བཀའ་ཁྱབ་བསྒྲགས།

 

          དེ་ནས་སྡེ་བ་སོ་སོར་དབུལ་ཁྱིམ་གྲངས་བཤེར་བྱས་པས་དབུལ་བོའི་གྲངས་ཚད་ཧ་ཅང་མང་བ་ཤེས་ནས་རིམ་པ་དང་པོར་ཕོ་བྲང་ཉེ་འཁོར་གྱི་དབུལ་བོ་ཚོར་སྦྱིན་པ་རྒྱ་ཆེར་བཏང་ནས་ཚོང་ལས་གཉེར་དགོས་ཚུལ་གདམས།

 

          དེ་ནས་རིམ་པ་གཉིས་པར་རོང་ཁུལ་གྱི་ས་ཞིང་གང་མང་ཞིག་ཞིང་པ་ཁྱིམ་ཚང་སོ་སོར་བགོ་བཤའ་གནང་ནས། ཞིང་ལས་གཉེར་དགོས་པའི་ཚུལ་ལ་གདམས།

 

          གོ་རིམ་གཉིས་པར། ཕྱུགས་བདག་ཆེན་པོ་དག་ལས་རྟ་ནོར་ལུག་གསུམ་གྱི་ཞལ་འདེབས་རྒྱ་ཆེན་བསྡུས་ཏེ་འབྲོག་ཁྱིམ་དབུལ་བོ་ཚོར་བགོས་ཏེ། སྒོ་ཕྱུགས་གསོ་སྐྱོང་བྱེད་དགོས་ཚུལ་གདམས།

 

          ད་དུང་འཚོ་རྟེན་མེད་པ་མང་པོར་བང་མཛོད་ལས་སྦྱིན་པ་བཏང་བ་དང་ལ་ལར་གཞུང་ཁྲལ་ཇེ་ཡང་དང༌། ལ་ལར་ཁྲལ་འཇལ་མི་དགོས་པ་སོགས་དཔལ་འབྱོར་ལམ་ལུགས་གསར་བ་ཞིག་བཏོད།

 

          ༧༩༨ ལོའི་ཡབ་ཀྱི་ལོ་མཆོད་སྐབས། མེ་ཏོག་སྒྲོན་གྱིས་ཕོ་ཡོང་བཟའི་སྐྲ་རྒྱན་བཀྲོལ་མེད་པ་ལ་བསྙད་བཏགས་ཏེ། མོས་མྱ་ངན་མ་ཞུས་ཞེས་རལ་གྲི་བཟུང་ནས་ཤོར་འོང་བ་སྲས་ཀྱིས་བཀག་ནས་ཁ་རྩོད་ཤོར།

 

          དེ་ནས་བཟུང་ཡུམ་སྲས་གཉིས་བར་ལའང་ཁ་ཐག་རིང་དུ་གྱུར། སྐབས་ཤིག་ཡུམ་གྱིས་བློན་ངན་ཞིག་གཉེར་བར་བསྐོས་ཏེ། མོ་ལ་དུག་ཟས་འདྲེན་བཅུག་པ་སྟབས་མ་ལེགས་པར་སྲས་ཀྱིས་ཀྱང་མཉམ་བཞེས་ཀྱིས་གྲོངས།

 

          དེ་ལྟར་མུ་ནེ་བཙན་པོས་རྒྱལ་སྲིད་ལོ་གཉིས་ཙམ་མ་ཟིན་པར་གྲོངས་པས། གཅུང་མུ་རུག་བཙན་པོ་བཙལ་ནས་༨༠༠ ལོར་རྒྱལ་ཁྲིར་བསུས། དེ་བས་སྣ་ནམ་ཞང་གི་ཕྱོགས་མ་དགའ་ཞིང་བློ་མ་བདེ་བ་བྱུང།

 

          ཡུམ་གྱིས་སྲས་ལ་བྱས་ཉེས་དེ་དག་སྣ་ནམ་ཞང་ཕྱོགས་གཏོགས་ཀྱིས་བྱས་ཚུལ་གསུངས་པས། སྲས་དབུ་འཁོར་ནས་ཡུམ་ལ་ཡིད་ཆེས་གནང༌། མེ་ཏོག་སྒྲོན་གྱིས་སྲིད་ལ་ཐེ་ཇུས་ཀྱི་གོ་སྐབས་བྱུང༌།

 

          ༨༠༡ ལོར་བོད་དམག་གིས་ལིན་ཀྲོའུ་མཁར་ལ་དམག་དྲངས་ཏེ། དམག་དཔོན་ཆེན་པོ་ཀུའོ་ཧཕུན་བསད་དེ་རྒྱ་དམག་ཕམ་པར་བཏང༌། རྒྱུ་དངོས་མང་པོ་འཕྲོག

 

          མུ་རུག་བཙན་པོས་ཡུམ་གྱི་སྟངས་འཛིན་འོག་གཅེན་མུ་ནེ་བཙན་པོས་དབུལ་བཅོས་ཕྱུག་འགྱུར་གྱི་ལས་གཞི་དེ་དག་གི་མཇུག་སྐྱོང་ཚགས་ཚུད་མ་བྱུང་བས་སླར་ཡང་འབངས་ཀྱི་འཚོ་ཐབས་སྐྱོ་བོར་གྱུར།

 

          མུ་ཏིག་བཙན་པོ་ལོ་འགར་ཕྱིར་འཁྱམ་ནས་རྩེད་འཇོར་གཡེང་ནས་བཞུགས་པས། ཕོ་བྲང་ནས་ཀྱང་སྐབས་རེར་ཕྱི་ལ་སྐྱོད་ཀྱིན་ཡོད། ཉིན་ཞིག་སྣ་ནམ་ཕྱོགས་ཀྱིས་ལམ་བསྒུགས་ཀྱིས་རྟ་དཀྲོགས་ཏེ་བཀྲོངས།

 

          ༨༠༤ ལོར་གོང་མའི་ཕོ་ཉ་ཆེན་པོ་ཀྲང་ཅན་མྱ་ངན་འདས་མཆོད་ཞུ་བར་འབྱོར། བློན་ཆེན་ཚོ་དང་ལྷན་དུ་རྒྱལ་ཁབ་ཕན་ཚུན་གདུང་སེམས་མཉམ་སྐྱེ་དང་ཞི་བདེ་མཉམ་གནས་ཡོང་བའི་བཀའ་མོལ་གནང༌།

 

          སྐབས་དེ་དག་ལ་དབང་ཆ་གཡོ་འཕྲོག་ལ་རྔམས་པའི་བློན་ངན་འགའ་རེས། མུ་ཏིག་བཙན་པོ་ད་དུང་དགུང་ན་ཅུང་ཕྲ་བས་གནས་སྐབས་བློན་ཆེན་ཚོས་དབང་བཟུང་ན་བཟང་ཚུལ་སོགས་གླེང༌།

 

          དེར་མྱང་ཏིང་འཛིན་གྱིས། བློན་ཆེན་རྣམ་པས་རྒྱལ་སྲས་མཆོག་ལ་སྙིང་ཉེ་བའམ་མཐོང་ཆུང་གནང་བ་གང་ཡིན་ཆ་མ་འཚལ་བས། སྲིད་ཐུབ་མིན་ཁྱོད་ཚོས་ཉམས་སད་བླངས་ན་ཆོག ཅེས་སྨྲས།

 

          མྱང་ཏིང་འཛིན་གྱིས། སྣན་ནམ་ཞང་གི་ཕྱོགས་གཏོགས་དང་བོན་དད་ཅན་གྱི་བློན་པོ་འགའ་རེས་རྒྱལ་སྲས་ལ་ངན་སེམས་འཆང་ནས་དབང་ཆ་འཕྲོག་ཉེན་ཆེ་བས་རྒྱལ་སྲས་ངེས་པར་ཁྲི་ལ་བཞུགས་དགོས་ཚུལ་ཞུས།

 

          དེར་རྒྱལ་སྲས་ཁྲི་ཁར་བཀོད་པས་མཇིང་གཡོན་ནས་ཉམས་ཀྱིས་བཞུགས་ཤིང༌། ལྡེའུ་ལམ་ནས་དྲི་བ་སྣ་ཚོགས་ཞུས་པར་ལན་ཐིག་པོ་གནང་བས། སད་ན་ལེགས་སམ། ཁྲི་ལྡེ་སྲོང་བཙན་ཞེས་ཀྱང་གྲགས།

 

          མུ་ཏིག་བཙན་པོ་རྒྱལ་ཁྲིར་ཕེབས་པ་དང༌། བན་དེ་མྱང་ཏིང་འཛིན་དང༌། བན་དེ་བྲན་ཀ་དཔལ་གཉིས་ནང་བློན་ཆེན་མོར་བསྐོས་ཤིང༌། བློན་ངན་འགའ་ཞིག་གི་གོ་གནས་ཕབ་པས་ནང་སྲིད་རེ་ཞིག་ཞི་འཇམ་བྱུང༌།

          དེར་རྒྱལ་སྲས་ཀྱིས། ཡབ་མེས་དག་གི་རིང་ལ་ལྷ་ཁང་ཉི་ཟླ་ལྟ་བུ་བཞེངས་འདུག ངས་ཀྱང་རྟེན་འབྲེལ་དུ་ལྷ་ཁང་སྐར་ཆུང་འདྲ་བ་ཞིག་བཞེངས་དགོས་གསུངས་པར། མྱང་ཏིང་འཛིན་དགྱེས་ཏེ་བཀའ་བཞིན་བསྒྲུབས།

 

          དེར་ལོ་འགའ་ནས་ལྷ་ཁང་ངོ་མཚར་ཞིག་བཞེངས་གྲུབ་པར་སྐར་ཆུང་རྡོ་རྗེ་དབྱངས་ཀྱི་ལྷ་ཁང་ཞེས་སུ་མཚན་གསོལ་ཞིང༌། གདུང་རབས་ཀུན་ཏུ་དམ་པའི་ཆོས་སྤེལ་དགོས་ཚུལ་རྡོ་རིང་ལ་ཕབ་ཅིང་དབུ་མནའ་བཞེས།

 

          རྒྱལ་པོས་ཆོས་བློན་རྣམས་དང་ལྷན། བསྟན་པ་ཇི་ལྟར་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་བཀའ་གྲོས་དང༌། ལྷག་པར་གསུང་རབ་ལྷག་མ་རྣམས་བསྒྱུར་རྒྱུ་དང༌། སྒྱུར་ཐབས་ཀྱི་རྩ་དོན་དང་བཅས་ལ་གཏན་ལ་ཕབ།

 

          དེ་ནས་རྒྱ་གར་ནས་བིམ་ལ་མི་ཏྲ་སོགས་དང༌། བལ་བོ་ནས་ཧུཾཀར་སོགས་སྤྱན་དྲངས་ཏེ། སྔར་མ་འགྱུར་བའི་མདོ་དང་སྔགས་བཀའ་བསྟན་མང་པོ་གསར་བསྒྱུར་གྱིས་ཡབ་མེས་ཀྱི་མཛད་འཕྲོ་བསྐྱངས།

 

          ༨༠༦ ལོར། གོང་མ་ཧྲུན་ཙུང་སྐུ་གཤེགས་པ་དང་གོང་མ་གསར་པ་ཞན་ཙུང་གིས་ཐང་བོད་མཛའ་འབྲེལ་སྔར་ལྷག་ཡོང་རེའི་ཕོ་ཉ་འབྱོར། བོད་བློན་འབོ་བཟང་མྱ་ངན་དང་རྟེན་འབྲེལ་ཞུ་བར་བཏང༌།

 

          སྐབས་དེ་དག་གི་སྔ་རྗེས་ལ་བཙུན་མོ་འབྲོ་བཟའ་ཁྲི་མ་ལེགས་དང་ལྷ་རྩེ་གཉིས་རིམ་པར་བསུས་པར་ཆེན་མ་ལ་སྲས་ཁྲི་རལ་དང་གཙང་མ། ཆུང་མར་ལྷ་རྗེ་དང་ལྷུན་གྲུབ་འཁྲུངས་པ་ཆུང་དུས་ནས་གྲོངས།

 

          སྲས་རྣམས་ཀྱང་ཆུང་དུས་ནས་ཆོས་སློབ་ཏུ་བཅུག་པས། སྲས་ཆེ་བ་རལ་བ་ཅན་དང་འབྲིང་བ་གཙང་མ་གཉིས་ཆོས་ལ་དད་པ་ཆེན་པོར་གྱུར།

 

          ༨༠༩ ལོར། བོད་ཀྱི་ཕོ་ཉ་ཞིག་རྒྱ་དང་ཆིངས་ཡིག་འཇོག་པར་བཅར་ཡང་ས་མཚམས་སྐོར་ལ་གྲོས་མ་ཡོང༌། དེ་དང་ལྷན་དུ་བོད་དམག་ལྔ་ཁྲིས་ཀྲིན་ཝུའུ་དང་ཆིག་ཁྲིས་ཧཕུན་ཅོ་ལ་དམག་བརྒྱབ།

 

          ༨༡༠ ལོར། གོང་མའི་ཕོ་ཉ་ཞུ་ཧཕུའུ་བོད་ཀྱི་རྒྱལ་སར་ཕེབས་ནས་བློན་ཆེན་པོ་མྱང་ཏིང་འཛིན་ལ་ཞི་འགྲིགས་ཡོང་རེའི་གོང་མའི་ཞུ་འཕྲིན་ཕུལ། ཕར་ལའང་བློན་ཆེན་སི་བཞེར་ཞི་འདུམ་དུ་མངགས།

 

          སི་བཞེར་གྱིས་བཙན་པོའི་ཕྱག་ཡིག་ཕུལ་ནས། རྒྱའི་ཞིང་ཆེན་ཆིན་ཀྲའུ་དང་ཡོན་ཀྲུའུ། ཨན་ལོ་ཀྲའུ་བཅས་ཕྱིར་སྤྲོད་ཆོག་ཚུལ་ཞུས་པས། གོང་མ་དགྱེས་ཏེ་བློན་ཆེན་ཏུའུ་ཡུག་བོད་དུ་བཏང༌།

 

          ༨༡༣ ལོར། བོད་དམག་གིས་བོའུ་ལན་ཇོ་རུ་རྨ་ཆུར་ཟམ་པ་འཛུགས་རྒྱུའི་ཤིང་སྡོང་མང་པོ་དབོར་བ་རྒྱ་དམག་གིས་ཤེས་ཏེ། མཚན་མོར་གསང་འཇབ་ཀྱིས་སྡོང་པོ་ཚང་མ་ཆུ་ལ་གཡུགས།

 

          དེར་རྒྱུ་ཧམ་ཅན་གྱི་རྒྱ་དཔོན་ཞོ་ཧཕན་ལ་ལྐོག་རྔན་མང་པོ་སྤྲད་དེ་ཟམ་པ་འཛུགས་རོགས་བྱེད་བཅུག་པས་བདེ་བླག་གྲུབ། ཟམ་པའི་ཉེ་འཁོར་ཀུན་ལ་དམག་སྒར་བཏབ།

 

          ༨༡༤ ལོར། བློན་ཞང་ཁྲི་ཟུར་རམ་ཤགས་དང་མང་རྗེ་ལྷ་ལོད་སོགས་ཀྱིས་རྒྱའི་གྲོང་དང་གྲོང་ཁྱེར་འགར་བཙན་འཛུལ་དང་རྒྱུ་ནོར་མང་པོ་འཕྲོག་བཅོམ་གྱིས་དམག་གི་འཚོ་བ་སྦྱར།

 

          ལོ་དེར་ད་དུང༌། བྱང་དུ་གར་ལོག་གི་ཇག་དཔུང་ཚར་བཅད་ཅིང་དམག་དྲངས་པས། གར་ལོག་རྒྱལ་པོས་ཕོ་ཉ་བཏང་ནས་དགོངས་དག་དང་བཅས་བོད་ལ་མགོ་བཏེགས།

 

          ༨༡༦ ལོར་བཙུན་མོ་རྣམས་ཀྱིས་བཞེངས་པའི་དབུ་སྟོད་ཞྭ་ལྷ་ཁང་བཞེངས་གྲུབ་པར་མྱང་ཏིང་འཛིན་གྱིས་རབ་གནས་དང་བཅས་དགའ་སྟོན་མཛད། དེ་ནས་ཆོས་བློན་སྐུ་ཞི་བར་གཤེགས།

 

          བཙན་པོའི་ཐུགས་རབ་ཏུ་སྐྱོ་ཞིང༌། ཞྭ་ལྷ་ཁང་གི་མདུན་དུ་མྱང་ཏིང་འཛིན་ལ་དྲིན་གཟོ་བའི་རྗེས་དྲན་རྡོ་རིང་བཞེངས་སུ་བཅུག་ནས། ཕྱི་ལོའི་ལོ་མཆོད་སྐབས་སུ་གཟེངས་བསྟོད་ཀྱི་ཕྱག་ཡིག་ཕབ་བཅུག

 

          ནང་དོན་གཙོ་བོ། རྒྱལ་པོ་སྐུ་ཆུང་ངུ་ནས་སྲིད་ཁྲིར་མ་ཕེབས་བར་ཡབ་ཡུམ་གྱི་སྐུ་ཚབ་དང༌། དེའི་རྗེས་ཀྱང་བློན་ཆེན་གནང་ནས་འཕྲལ་ཡུན་ཀུན་དགེའི་ཆོས་སྲིད་ཀྱི་མཛངས་པའི་ཕྱག་རྗེས་ཆེ་ཚུལ་སོགས་ཡིན།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php