མང་སྲོང་མང་བཙན།

 

 

          ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་སྲིད་ཡོངས་སུ་སྤངས་ཏེ་ཐུགས་རྗེ་ཆེན་པོའི་ཆོས་འབའ་ཞིག་བསྒྲུབ་རྒྱུའི་བཀའ་དགོངས་བཞིན། བློན་ཆེན་ཐོན་མི་དང་མགར་གཉིས་ཀྱིས་བཙན་པོ་དང་ལྷན་དུ་ཇི་ལྟར་དགེ་བའི་གསང་གྲོས་མཛད།

 

          ཐོག་མར་ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་ཟུར་ཞིག་ཏུ་ཆོས་རྒྱལ་ལ་གསང་བའི་སྒྲུབ་ཁང་ཞིག་བཞེངས། དེ་ནས་སྤྱི་ལོ་༦༥༠ལོར་ཆོས་རྒྱལ་དེར་གསང་བའི་སྒོ་ནས་སྐུ་མཚམས་ལ་བཞུགས།

 

          དེར་ཐོན་མི་དང་མགར་གྱིས་བཙུན་བློན་ནང་འཁོར་རྣམས་ལ་རྒྱལ་པོ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་ནས་མྱ་ངན་ལས་འདས་ཚུལ་བཤད་པས། ཚང་མ་ཡིད་ཆེས་ནས་ཕྱག་འཚལ་ཞིང་གསོལ་བ་བཏབ།

 

          དེར་བཙན་པོའི་སྐུ་མཆེད་གཅུང་བཙན་སྲོང་གི་སྲས་མང་སྲོང་མང་བཙན་ཆོས་རྒྱལ་གྱི་དབོན་སྲས་དེ་ཉིད་ཕོ་བྲང་དུ་གདན་དྲངས་ནས་རྒྱལ་ཁྲིར་མངའ་གསོལ།

 

          བློན་ཆེན་མགར་དང་ཐོན་མིས་སྲོང་བཙན་གྱི་བཀའ་ལྟར་གཉལ་དུ་བཞུགས་པའི་བཙན་པོའི་སྐུ་མཆེད་གཅུང་བཙན་སྲོང་ཕོ་བྲང་དུ་གདན་དྲངས་ནས་བཙན་པོའི་ཞལ་ཆེམས་ཕྱག་ཡིག་སྤྱན་འབུལ་ཞུས།

 

          ཕྱག་ཡིག་ནང༌། གཅུང་བཙན་སྲོང་གི་སྲས་རྒྱལ་ཁྲིར་མངའ་གསོལ་དང་སྲས་ནར་མ་སོན་པའི་བར་དུ་བློན་ཆེན་མགར་དང་སློབ་དཔོན་ཐོན་མི་གཉིས་ཀྱིས་སྲིད་འགན་གཙོ་གནང་དགོས་ཚུལ་གསུངས་ཡོད་པས་གཅུང་བཙན་སྲོང་ཡང་ཐུགས་མཉེས།

 

          དེ་ནས་བཙན་སྲོང་གི་སྲས་དགུང་ལོ་གསུམ་ལྷག་ཙམ་དེ་ལ་བཙན་པོའི་དབོན་སྲས་མང་སྲོང་མང་བཙན་ཞེས་མཚན་གསོལ་དང་བཅས་རྒྱལ་ཁྲིར་མངའ་གསོལ།

 

          བློན་ཆེན་ཐོན་མིས་རྒྱལ་སྲས་ཀྱི་སློབ་དཔོན་གནང་ཞོར་ནང་སྲིད་ཀྱི་འགན་དབང་བཞེས་ནས་ཕོ་བྲང་དུ་བཞུགས།

 

          སྤྱི་ཁྱབ་བློན་ཆེན་མགར་སྟོང་བཙན་གྱིས་ཕྱི་སྲིད་ཀྱི་འགན་དབང་བཞེས་ནས་བོད་རྒྱའི་མཐའ་མཚམས་ས་ཁུལ་མདོ་སྨད་དུ་ཕེབས་ནས་དམག་དོན་གྱི་བྱ་བ་གཉེར།

 

          མགར་གྱི་ཐུགས་ལ། རྒྱལ་བུ་ན་སོ་གཞོན་པ་དང༌། བོད་ཀྱི་མངའ་ཐང་ཇེ་རྒྱས་དང་དམག་དོན་གྱི་བྱ་བ་འགངས་ཆེ་བས། རྒྱལ་ཁབ་ཀྱི་དོན་ཆེན་ཚང་མ་རྗེ་བློན་ལྷན་འཛོམས་བཀའ་གྲོས་ཀྱི་ལམ་ནས་ཐག་གཅོད་གནང་ཐུབ་ན་དགེ་མཚན་ཆེ་བར་མཐོང༌།

 

          སྤྱི་ལོ༦༥༤ལོར་རྗེ་བློན་ཚང་འཛོམས་ཐོག་མགར་གྱིས་ཚོགས་འདུ་གཙོ་སྐྱོང་གིས་བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་སྤྱི་དང་བྱ་བྲག་དམག་དོན་གྱི་ཐད་ལ་བཀའ་གྲོས་ཞིབ་མོ་གནང༌།

 

          ཚོགས་ཐོག་དེར་རབ་དམག་གི་སྡེ་དང༌། ཕལ་བ་མི་སེར་གྱི་བར་ཁྱད་ཕྱེ་ནས་དམག་ལ་མཐོང་ཆེན་གྱི་སྒྲིག་སྲོལ་གཏན་འབེབས་གནང༌། དེ་ནས་བཟུང་ལོ་རེ་བཞིན་དུ་གྲོས་འདུན་ཆེན་མོ་རེ་འཚོགས་ནས་ཆབ་སྲིད་བརྟན་སྲུང་དང་ཡར་རྒྱས་བཏང༌།

 

          སྤྱི་ལོ་༦༥༥ལོར། བློན་ཆེན་མགར་གྱིས་བོད་ཀྱི་བཀའ་ཁྲིམས་ཆེན་མོ་དྲུག་སོགས་རྩ་ཁྲིམས་རྣམས་ཡི་གེར་བཀོད་ནས་ཀུན་ལ་ཁྱབ་བསྒྲགས་ཀྱིས། རྒྱལ་སྲིད་ཁྲིམས་ཀྱིས་སྐྱོང་བའི་བྱ་བ་ལག་ལེན་དོན་འཁྱོལ་ཡོང་ཐབས་གནང༌།

 

          བློན་ཆེན་མགར་གྱིས། འབྲོག་ནས་ཤ་ཁྲལ་དང་རོང་ནས་འབྲུ་ཁྲལ་བསྡུས་ཏེ་དམག་གི་འཚོ་བ་ཇེ་ལེགས་སུ་གཏོང་དགོས་པའི་བཀའ་གྲོས་ཀྱང་མཛད་དེ་གཏན་ལ་ཕབ།

 

          ད་དུང་རོང་འབྲོག་གཉིས་དབར་ལ་ཤ་མར་ཆུར་སོགས་དང་གྲོ་ནས་སྲན་གསུམ་སོགས་ཀྱི་ཚོང་འབྲེལ་ཤུགས་ཆེ་རུ་བཏང་མ་ཟད།

 

          རྒྱ་ནག་གི་དར་གོས་དང༌། ཇ་དང་དཀར་ཡོལ་སོགས་ཉེར་མཁོ་མང་པོའི་ཚོང་འབྲེལ་དར་རྒྱས་བཏང་བས་དམག་དོན་དང་མི་མང་གི་འཚོ་ཐབས་ཇེ་ལེགས་སུ་སོང༌།

 

          སྤྱི་ལོ་༦༥༩ཙམ་ཞིག་ནས་ཐང་རྒྱལ་རབས་ཀྱི་དམག་དཔུང་བརྒྱད་ཁྲིས་འ་ཞར་འཇིགས་ཟིལ་ངོམས་ཏེ་བོད་ཀྱི་མངའ་ཁོངས་ལ་ཧམ་འཛུལ་གྱི་དམག་བཤམས།

 

          བློན་ཆེན་མགར་གྱིས་དེའི་གདོང་འཐབ་ཏུ་རྟ་དམག་ཧྲག་བསྡུས་ཆིག་སྟོང་ལྷག་གི་ཁ་ལོ་བསྒྱུར་ནས་མྱུར་དུ་འ་ཞར་བསྐྱོད།

 

          སྟོང་རུ་མཚོ་ནག་ཏུ་ཐང་དམག་བརྒྱད་ཁྲི་དང་དམར་འཛིང་དྲག་པོ་བྱས་ཏེ་རྒྱལ་ཁ་ཐོབ་ནས་སྐད་གྲགས་ཁྱབ།

 

          དེ་ནས་ཐང་དམག་གིས། ནུབ་ཀྱི་ཤིན་ཅང་ཕྱོགས་ལ་བཙན་འཛུལ་གྱིས་ཡན་ཇི་སོགས་ཞིང་ཆེན་བཞི་དབང་དུ་བསྒྱུར།

 

          སྤྱི་ལོ་༦༦༢ ཙམ་ཞིག་ནས་ཐང་དམག་གིས་ད་དུང་གྲུ་གུར་གཡུལ་བཤམས་པས། གྲུ་གུའི་རྒྱལ་པོས་ཐང་གོང་མར་མགོ་འདོགས་སྐྱབས་བཅོལ་གྱིས་བོད་ལ་ངོ་ལོག་བྱས།

 

          དེ་བས་མགར་ཐུགས་ཁྲོས་ཏེ། ཐང་གོང་མ་ཧམ་པ་ཚ་ཐག་ཆོད་པ་རེད། ཅེས་ངར་སྐད་དང་བཅས་དམག་བརྡ་བརྒྱབ་ཅིང་རྟ་དམག་ཧྲག་བསྡུས་ཀྱིས་ཐད་ཀར་གྲུ་གུར་དཔུང་འཇུག་བྱས།

 

          གྲུ་གུའི་དམག་དཔོན་ཆེན་པོ་ཧོ་གེ་ཟེར་བས་བོད་དམག་ལ་མགོ་བཏེགས་ཏེ་ནང་གཏམ་གསང་བ་ཚང་མ་མགར་ལ་སྙན་སེང་ཞུས།

 

          བོད་དམག་གིས་དུས་ཡུན་ཐུང་ངུ་ཞིག་གི་ནང་ལ་གྲུ་གུའི་ཡུལ་ཚོ་ཆེན་པོ་བཅུ་བོ་རེ་རེ་ལ་དམག་ཆེར་རྒྱག་མ་དགོས་པར་དབང་དུ་བསྡུས།

 

          གྲུ་གུའི་རྒྱལ་པོ་མུ་ཡོན་ནོ་ཧེ་པོས་ཕོ་ཉ་ཞིག་མངགས་ནས། ཐང་གོང་མར་དམག་རོགས་ཡོང་བའི་སྐྱབས་བཅོལ།

 

          ཐང་གོང་མས་དམག་རོགས་གནང་རྒྱུ་ལྟ་ཞོག མཐའ་མཚམས་ཀྱི་དམག་དཔོན་ཚོས་དོན་མེད་བོད་དམག་ལ་ཕོག་ཐུག་མི་ཡོང་བའི་ཐོག་ནས་མཐའ་མཚམས་སྲུང་དགོས་པའི་བཀའ་ཕབ།

 

          དེ་བས་གྲུ་གུ་ཡོངས་སུ་ཕམ་སྟེ། གྲུ་གུའི་རྒྱལ་པོ་དང་བཙུན་མོ་འཁོར་བཅས་ཀྱིས་དམག་དཔུང་ཁག་ཅིག་ཁྲིད་དེ་རྒྱ་ནག་ལན་ཀྲའུ་ཕྱོགས་སུ་སྐྱབས་བཅོལ་ལ་བྲོས། བོད་དམག་གིས་མུ་མཐུད་རྗེས་འདེད་བཏང༌།

 

          ཐང་གོང་མས་དཔོན་འཇེན་ཞེན་ཐེན་དང༌། ཐུའུ་གུ་ཚེང་ཡུན་གཉིས་ལ་དཔུང་དམག་ཁྲིད་ནས་ལན་ཀྲའུ་ནས་བོད་དམག་འགོག་སྲུང་བྱ་དགོས་པའི་བཀའ་ཕབ།

 

          དེ་ནས་ཐང་བོད་བར་ལ་དམག་འཁྲུག་ཕྲན་བུ་བྱས་ཀྱང་རྒྱལ་ཕམ་ཆེན་པོ་མ་བྱུང༌། མགར་གྱིས། དགྲ་འཐབ་ཚོད་ཐིག་ན་རང་སྲོག་བཙན་པའི་དམག་ཇུས་ལྟར་བོད་དམག་ཕྱིར་འཐེན་གནང༌།

 

          སྤྱི་ལོ་༦༦༦ ལོར་སྤྱི་ཁྱབ་དམག་དཔོན་ཆེན་མོ་བློན་ཆེན་མགར་ལ་འབྲས་ནད་སྙུང་བས་དམག་ས་ནས་ཕྱིར་ལྷ་སར་ཕེབས་དགོས་བྱུང༌།

 

          ༦༦༧ ལོར་མགར་གྱིས་རྒྱལ་བློན་ཚང་མར་གཡུལ་འགྱེལ་རྒྱལ་སྐྱོང་གི་ཐ་མའི་ཞལ་ཆེམས་དང་བཅས་སྐུ་གཤེགས། རྒྱལ་བློན་ཚོས་བཀུར་བཟོ་བླ་མེད་མཚོན་ཕྱིར་བང་སོ་བརྩིགས།

 

          རྒྱལ་པོས་མགར་གྱི་སྲས་ཆེ་བ་བཙན་སྙ་ལ་ཕའི་ཚབ་ལ་དབང་བསྐུར་ཅིང་སྲས་བཞི་བོར་རྒྱ་བོད་ས་མཚམས་སྲུང་བའི་འགན་འཁྲི་སྤྲད།

 

          ༦༧༠ ལོར་ཐང་དམག་ལ་ཕར་རྒོལ་གྱིས་ཡན་ཇི་སོགས་ཞིང་ཆེན་བཞི་བོ་ཚུར་འཕྲོགས་ཏེ་ཤིན་ཅང་གི་ཡུལ་ཚང་མ་བོད་ཀྱི་མངའ་དབང་དུ་བསྡུས་པ་མ་ཟད། རྒྱའི་ཡུལ་ཚོ་ཆེན་པོ་བཅོ་བརྒྱད་བླངས།

 

          དེ་ནས་འ་ཞ་ལ་དམག་དྲངས་ཏེ་ལས་སླ་བོར་ཕམ་ཉེས་བཏང་ནས་ས་ཆ་ཚང་མ་དབང་དུ་བསྡུས།

 

          ཐང་ཀའོ་ཙུང་ཤིན་ཏུ་ཁྲོས་ཏེ་བཀའ་ཕབ་པ་ལྟར། དམག་དཔོན་ཞོས་རིན་ཀོས་དང༌། ཀའོ་ཏན་ཧཕུང་གཉིས་ཀས་འབུམ་དམག་ཅིག་ཁྲིད་དེ་ཏཱ་ཧཕེ་ཁྲོན་དུ་བསྐྱོད།

 

          ཞོས་རིན་ཀོས་ཀྱིས། དར་བུའུ་ཧེ་ཡི་ཕྱོགས་སུ་ལམ་ཐག་རིང་ཞིང་བོད་དམག་དཔུང་བཙན་པས་དམག་གི་ཁལ་རྟ་རྣམས་བཞག་ནས་སོང་ན་བཟང་ཚུལ་བཤད་ཀྱང་ཀའོ་ཏན་ཧཕུང་གིས་མ་ཉན།

 

          ཁྲི་འབྲིང་གི་དམག་དཔུང་དང་འཐབ་ནས་ཐང་དམག་ལ་ཕམ་ཉེས་ཆེན་པོ་བྱུང་སྟེ། ཁལ་རྟ་ཚང་མའང་བསྐྱུར་ནས་ཕྱིར་འབྲོ་དགོས་བྱུང༌།

 

          ༦༧༥ ལོར་བཙན་པོའི་བཀས་བོད་བློན་ཏོ་རེ་འཕན་བུ་ཐང་གི་རྒྱལ་སར་ཐང་བོད་ཞི་འགྲིགས་ཡོང་བའི་ཕོ་ཉར་བཏང་ཡང༌། ཐང་ཀའོ་ཙུང་གིས་མ་གསན།

 

          དེར་མུ་མཐུད་དམག་འཁྲུག་ཆེན་པོ་བརྒྱབ་ནས་རྒྱའི་ཡུལ་ཚོ་བཞི་ལྷག་བཅོམ་སྟེ། དཔོན་རིགས་མང་པོ་བསད། ནོར་ཕྱུགས་མང་པོ་བླངས།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php