༄༅།།རྩ་བའི་བླ་མ་རང་རང་སེམས་ན་གསལ།
ཡི་དམ་ལྷ་གང་ཐུགས་རྗེར་གསོལ་དགོས་མེད།
རང་ལ་བདོག་པའི་ཚེ་བསགས་དགེ་བའི་སོན།
ད་ལྟ་ཉིད་དུ་འབྲས་བུར་སྨིན་གྱུར་ཅིག
ཨ་ཁ་མ་བཟང་འཆི་བདག་ཞགས་པ་དེ།
ཧ་ལམ་ནོར་ནས་གྲོགས་གང་མགུལ་ལ་ཐེབས།
ཨ་ཙི་རང་ཡུལ་རང་དབང་མ་ཐོབ་གོང།
ཧ་ལམ་གྲོགས་ཚོ་འདི་ལྟར་ཡལ་རྒྱུ་རེད།
ས་མཐའ་བསྐོར་ནས་སེམས་སྡུག་མ་མྱོང་མེད།
ཤ་ཞེན་ཟབ་མོས་ཤུ་རིང་མ་འབྱིན་མེད།
ལ་རྒྱའི་སྙུག་རྩེས་ལབ་གླེང་མ་བྱས་མེད།
ར་བ་གངས་རིའི་བདེ་སྡུག་བོར་བ་མེད།
ཡ་ཆུང་སེམས་ན་ནག་པོའི་ཡ་ཡོ་མེད།
འ་འུར་ཀུ་ཅོས་གཞན་སེམས་དཀྲུགས་པ་མེད།
ཟ་འཐུང་ཁོ་ནས་མི་ཚེ་ཟད་པ་མིན།
ཞ་ལྷམ་ལྡོག་པའི་སྤྱོད་ཚུལ་ཞ་ར་མེད།
ཝ་ལྟར་གཡོ་སྒྱུས་སུ་ཡང་བསླུས་པ་མེད།
ཛ་ཡའི་བསྟན་ལ་སུན་འབྱིན་ཛོར་རྟགས་མེད།
ཚ་གྲང་བར་ནས་ཡིན་མིན་ཚར་གཅོད་མེད།
ཙ་ཙིག་ནོར་ལ་རྐུ་གསོག་ཙིག་ལས་མེད།
མ་རབས་སྡིག་ལས་དུ་མའི་བྱུང་རབས་མེད།
བ་མོ་འདོད་འཇོའི་ཁ་བརྡར་ཚར་བ་མེད།
ཕ་བཟང་བུ་ཡི་རྣ་འབྱོག་ཤོར་བ་མེད།
པ་པོ་མང་པོའི་མིང་གྲགས་གཉེར་བ་མེད།
ན་བ་ཚ་བས་བཟུང་ཡང་མནར་སྡུག་མེད།
ད་ལྟ་འཆི་བར་ཉེ་ཡང་དི་འདི་མེད།
ཐ་མའི་ཉལ་སར་ཐ་མལ་ངང་ཚུལ་མེད།
ཏ་རེ་ལྷ་རྣམས་མ་བཀུར་དད་ལོག་མེད།
ཉ་མ་འཁོར་སློབ་བསྐྱངས་པ་ཉུང་ཉུང་མིན།
ཇ་ཆང་བདུད་རྩིར་རོལ་བ་མང་མང་མིན།
ཆ་ལུགས་མ་ངེས་ཆགས་འཇོག་མེད་པ་མིན།
ཅ་རིལ་བཞིན་དུ་འཁུམས་ནས་སྡོད་པ་མིན།
ང་ཡི་གྲོགས་མཆོག་ང་ལ་རྒྱུས་མེད་མིན།
ག་ས་གང་དུ་ལོ་མང་མཉམ་འཛོམས་མེད།
ཁ་ཞེ་མཐུན་ཡང་ཁ་རྩོད་མ་ཤོར་མེད།
ཀ་ནས་ཨ་བར་ཁ་སྐོང་གྲོགས་ཚོས་གྱིས།
མེད་མིན་འདི་དག་ཆ་ཤས་ཙམ་ཞིག་སྟེ།
ཡོད་དང་ཡིན་པའི་ཡོན་ཏན་གཞན་ཡང་མང།
ད་ལྟ་བར་དོ་ཉུལ་བའི་རྣམ་ཤེས་དེས།
འདི་དག་ཚོར་རྟོགས་ཐུབ་ན་མགུ་ཡང་སྲིད།
བསྔོ་བ་སྨོན་ལམ་བཟང་པོའི་ཆོས་མིན་ཡང།
རྗེས་སུ་ཡི་རང་གཙང་མའི་གཏམ་ཡིན་པས།
དགེ་བ་མེད་ཀྱང་སྡིག་པ་མེད་སྙམ་བློས།
ཉེ་སྔོན་ཀ་རྩོམ་མཇུག་དེ་དེ་རིང་བསྡུས། །
ཞེས་གྲོགས་ཀྱི་ཐ་མ་ཆབ་བྲག་ཕོ་ཉས། ༢༠༡༣།༤།༧་ལ་ཕྱི་མའི་ཡུལ་དུ་བསྲིངས་སོ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༦ སྐར་མ་ ༥༥
ཐོག་མར་ཁ་བརྡར་འཇུག་དུས་མགོན་ཕྱག་འདུག །
བར་དུ་ཟླ་གྲངས་མང་པོ་གོ་ཐོས་མེད། །
ད་ལྟ་མགོན་ཕྱག་གྲོང་བ་བློ་མ་བདེ། །
ད་དུང་མགོན་ཕྱག་འདས་པ་ཡིད་མ་འཆིས། །
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༦ སྐར་མ་ ༥༩
འདི་ཡང་ལྷ་རམས་པ་གྲོངས་སོང་ཟེར་བའི་རྫུམ་གཏམ་ལྟར་མི་བདེན་པར་ཤོག
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༧ སྐར་མ་ ༠༣
མྱི་ངོ་ཤེས་དུས་མྱི་འཇིག་རྟེན་དང་ཁ་གྱེས་སོང་། (ཁོལ་ཕྱུང་རྩོམ་མཆན་དུ་དྲངས་ཡོད)
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༧ སྐར་མ་ ༡༤
འདི་ནི་བདེན་པ་ལས་རྫུན་པ་ཞིག་མ་ཡིན་པ་བདག་གིས་འགན་འཁུར་ཐུབ། དེའི་ཕྱོགས་ནས་དྲ་གྲོགས་ཚོས་དོགས་པ་མ་ཟ་རོགས་ཞུ། བསྔོ་སྨོན་རེ་མཁྱེན་མཁྱེན།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༧ སྐར་མ་ ༣༣
མགོན་ཕྱག་མགོན་པོ་ཚེ་རིང་མིང་དངོས་དང་། །
ཚེ་ལོ་མ་རྫོགས་གྱེས་པར་དེ་རིང་ཤེས། །
ཕྱི་མ་ངན་འགྲོར་འགྲོ་བ་མི་སྲིད་ཀྱང་། །
ཚེ་འདིར་བཞུགས་ཐག་ཐུང་བར་མྱ་ངན་ཞུ། །
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༨ སྐར་མ་ ༠༢
ཕ་ཡུལ་གཅིག་ལ་སློབ་གྲྭ་གཅིག་པ། རྒྱང་བཞུད་ཀྱི་དམིགས་རེ་དང་སྐྱིད་སྡུག་གཅིག་པའི་བཟང་ས་དམ་པ་འདི། ཐོག་མར་ལྷན་ཅིག་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས་ལོ་འགར་བོད་དགེའི་ཕྱག་ལས་གནང་ཞིང་ཤེས་རིག་ལས་ཁུངས་སུ་བོད་ཡིག་སློབ་རྩོམ་སྒྲིག་གནང་རོགས་ཀྱང་བྱས། དེ་རྗེས་དམངས་གཙོ་ཚགས་པར་གྱི་རྩོམ་སྒྲིག་པ་གནང། སྙན་དངགས་སོགས་རྩོམ་ཡིག་ཐར་ཐོར་རེ་རྟག་ཏུ་གཏོར་མྱོང། རྗེས་སུ་དྲ་ལམ་ནས་ཁ་བརྡ་ནང་དུ་དྲ་གྲོགས་མི་ཉུང་བ་ཞིག་དང་གླེང་མོལ་ཅི་རིགས་གནང་ཡོད། དེ་བས་བདག་གིས་འདིར་རྗེས་དྲན་མྱ་ངན་གྱི་ས་བོན་ཙམ་གཏོར་ནས་ཁོང་གི་ངོ་ཤེས་ཚོས་ཀྱང་རང་དབང་གི་དྲན་གསོའི་ཞུ་ཚིག་རེ་འབུལ་རེ་བཅངས་ཡོད་པ་དགོངས་འཇགས་ཞུ། ལྷག་པར་ཨ་རིག་དགེ་མཐོང་ནས་ཨ་རིག་པ་ཞིག་གི་སྐད་ཆ་གསོན་པོ་བཤད་པར་དགའ་ཡོད།
ཀྱེ་མ་ཧོ། །གདུང་བས་འབོད་དོ་སྐྱབས་གནས་དཀོན་མཆོག་གསུམ། །བྱིན་གྱིས་རློབས་ཤིག་བར་དོའི་རྣམ་ཤེས་དྲོངས། །སོག་རྒན་མགོན་པོ་ཚེ་རིང་གཤེགས་པ་འདི། །བོད་ལ་མཚོན་ན་གྱོང་རྒུད་ཆེན་པོ་ཡིན། །(མཆན་འདི་ཟུར་དུ་བཀོད་ཡོད)
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༨ སྐར་མ་ ༥༡
ཨ་ཁ་ཁོང་དགུང་ལོ་ག་ཚད་ཡིན་ནམ། དུས་སུ་མ་སྨིན་པའི་ལྗང་བུར་རྐྱེན་ངན་སད་སེར་གྱིས་བཅོམ་པ་དེར་ངོས་ནས་མྱ་ངན་དང་སེམས་གཏིང་ནས་སྨོན་ལམ་ཞུ་བཞིན་དང་་་་ནརིང་མིན་བར་དོའི་འཇིགས་པའི་འཕྲང་ལས་གྲོལ་ནས་སླར་ཡང་དལ་རྟེན་དུ་འཁྲུངས་ཏེ་སྔར་གྱི་འཕྲོ་ལུས་ཀྱི་དགོངས་དོན་རྣམས་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་བཅས་ཞུ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༨ སྐར་མ་ ༥༨
མྱ་ངན་ཞུ
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༩ སྐར་མ་ ༡༠
འདིར་ཁོང་གི་གྲོགས་དང་ངོ་ཤེས་དྲ་གྲོགས་སོགས་ལ་མ་འཚམས་པའི་བརྡ་ལན་ཙམ་སྐྱེལ་བ་ལས། ཁོང་གི་མི་ཚེའི་བྱུང་རབས་གཙོ་བོར་བཀོད་མེད། མི་རིང་བར་ཁོང་གི་བརྩམས་ཆོས་རྣམས་ཕྱོགས་བསྒྲིགས་ཀྱིས་ཁོང་ཉིད་ཅུང་ཟད་མཚོན་ཐུབ་པའི་རེ་བ་ཡོད།
གདུང་སེམས་མཉམ་སྐྱེད་པ་ཚང་མར་བཀའ་དྲིན་ཆེ་ཞུ། འདིར་རྒྱུས་ཡོད་མེད་ཚང་མས་ཤེས་དགོས་པ་ཞིག་ནི་དྲ་ཐོག་གི་བོད་ཡིག་རྩོམ་ཡིག་སྤེལ་མཁན་ཡག་གྲས་ཤིག་ང་ཚོ་དང་གཏན་བྲལ་སོང་བའི་ཆ་ནས་ཞུ་ཚིག་འོས་འཚམ་རེ་སྤེལ་འོས་པ་དེ་ཙམ་མོ།
གཞན་འདིར་འབྲེལ་མེད་ཀྱི་ཉོག་གཏམ་རིགས་འབྲི་བའི་རེ་བ་དང་བཅས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༩ སྐར་མ་ ༡༧
དགེན་ཆབ་བྲག་གིས་སྙན་ངག་གིས་འདས་མཆོད་ཡག་པོ་བྲིས་གནང་འདུག
མགོན་པོ་ཕྱག་པ་འདས་སོང་པའི་གཏམ་འདི་རྣར་མ་སོང་ཡང་མང་པོ་ཞིག་གིས་སྒྲུབ་བཤད་ཀྱང་མང་དུ་བཀོད་འདུག་པ་མ་ཟད། བླ་མ་སྐྱབས་ཀྱི་སྤུན་མཆེད་ཡིན་ཚུལ་གོ་མ་ཐག་ངས་སྔོན་མ་ནས་སེམས་ལ་བཟུང་པའི་མི་དེ་དང་། དེ་རིང་འདས་སོང་ཟེར་བའི་མགོན་པོ་ཕྱག་གཉིས་པ་གཉིས་མི་གཅིག་པ་མིན་པ་གཞི་ནས་ཤེས།
(ཁོལ་ཕྱུང་རྩོམ་མཆན་དུ་གཟིགས།)
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༩ སྐར་མ་ ༡༧
མྱ་ངན་སྙིང་ནས་ཞུ། བདེ་བ་ཅན་དུ་སྐྱེ་བར་ཤོག
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༩ སྐར་མ་ ༡༩
དགོངས་དག མི་འཆད་རྒྱུ་ཞིག་ཆད་འདུག མི་འབྲི་བའི་་་་
སྐབས་སུ་མ་བབ་པའི་གཏམ་དང། ཡིན་མིན་མི་ཤེས་པ། གང་དྲན་དྲན་སྨྲ་སོགས་ཀྱི་ཉོག་གཏམ་རིགས་མ་འབྲི་རོགས་ཞུ་གིན་ཡོད།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༩ སྐར་མ་ ༢༧
གཅན་བཟོད་རྒྱམ་ལགས་ཀྱིས་བཤད་པ་ལྟར། ཁོང་ངོ་མ་ལོ་རྒྱུས་ལ་ཧ་ཅང་དགའ་ཞིང་མཐོང་ཐོས་ཀྱང་མང། རྒྱ་གར་ནས་བཏོན་པའི་ལོ་རྒྱུས་ངག་ཕྲེང་དེབ་སོགས་ཁོས་མ་བཀླགས་པ་དཀོན།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༩ སྐར་མ་ ༤༤
སྐུ་གཤེགས་དམ་པ་ཁོང་གི་གསུང་རྩོམ་ཕྱོགས་སྒྲིགས་གནང་ཚེ་། དྲ་རྒྱའི་མཆན་ཁོ་རང་གི་ལྟ་བ་བཟུང་ནས་རྩོད་པ་ཤུགས་ཆེན་གནང་པ་ཁག་དང་། རང་ཉིད་ངོ་སྤྲོད་སོགས་གཙོ་བོར་བཟུང་ན་རྩོམ་པ་པོའི་དགོངས་པ་རྫོགས་པར་ངེས།སྐུ་གཤེགས་ཁོང་ལ་མྱ་ངན་དང་གུས་འདུད་ཞུ། གཞིས་ལུས་ཡོངས་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ། །དྲི་མེད་པས་སྙིང་ཐག་པ་ནས་གུས་ཕུལ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༠ སྐར་མ་ ༠༦
དྲི་མེད་ལྷག་བསམ་ལགས་ཀྱི་རེ་སྐུལ་དང་ལེན་ཞུའོ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༠ སྐར་མ་ ༣༤
ངོ་མི་ཤེས། གོ་མྱོང་། ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གདེང་འཇོག་གནང་ས་ཞིག་ཡིན་དུས་མི་འདིའི་སྒང་ན་རིན་ཐང་ཞིག་ཡོད་པ་ཤོད་མི་དགོས། མ་གཞི་བོད་ལ་ཤེས་ཡོན་ཅན་མྱོང་། དེའི་ནང་ནས་ཀྱང་རང་གི་སྐད་ཡིག་ཤེས་མཁན་ཉུང་། མི་འདི་ནི་རང་གི་སྐད་ཡིག་སྨྲ་བའི་རྩོམ་པ་པོ་ཞིག་དང་ཤེས་ཡོན་པ་ཞིག་ཡིན་པས་ཤིན་ཏུ་ཕངས། བདེ་འགྲོར་སྐྱེས་ཤིང་སླར་ཡང་དལ་བརྒྱད་འབྱོར་བཅུ་ཚང་བའི་བོད་ལུས་སུ་སྐྱེ་བར་ཤོག
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༠ སྐར་མ་ ༣༦
མ་གཞི་བོད་ལ་ཤེས་ཡོན་ཅན་ཉུང་། ནོར་འདུག
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༠ སྐར་མ་ ༣༦
མགོན་པོ་ཕྱག་གཉིས་པ་ཁོང་དུས་ཆོས་སུ་གྱུར་བར་མྱ་ངན་ཞུ། ཁོང་མཆན་བུ་འདེབས་མཁན་གཞན་དག་ཚོ་དང་མི་འདྲ་བའི་ཁྱད་ཆོས་ཤིག་ནི། རྒྱུན་དུ་ནང་ཁུལ་དཀྲུག་ཤིང་དང་གཏམ་འཁྱར་མི་སྤེལ་བར། མི་རིགས་དང་རིག་གནས་ལ་ཤ་ཚ་ཅན་ཞིག་དངོས་འཛིན་ཞུས་ཀི་ཡོད།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༠ སྐར་མ་ ༣༩
ངོ་ཤེས་རྙིང་བ། སེམས་པ་དགའ་ས། མྱིག་ལྟོས་བྱེད་སའི་ཕོ་སྐྱེས་རབ་ཁོང་ཚེ་ལས་འདས་བ་གོ་དུས་སེམས་སྐྱོ་སོང་།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༠ སྐར་མ་ ༥༣
ཁ་བརྡ་དྲ་བའི་ནང་ནས་མཇལ་མྱོང་ལ།།
མགོན་པོ་ཕྱག་གཉིས་ཟེར་ནས་ཡང་ཡང་འཕྲད།།
མཆན་བུའི་ས་དང་གསེང་ནས་གླེང་མོལ་གྱིས།།
གོ་སྐབས་ཕྲན་པུ་ཙམ་རེ་རེག་མྱོང་ཡང་།།
དེ་རིང་བར་དུ་ལོ་རྒྱུས་དངོས་མི་ཤེས།།
རིགས་ཀྱི་འདུ་ཤེས་ཟབ་པའི་བྱེས་གྱར་བ།།
དེ་རིང་འཇིག་རྟེན་ཕྱི་མར་ཆས་པའི་གཏམ།།
ཁ་བརྡ་དྲ་བའི་ནང་ནས་ཐོས་དུས་སུ།།
མི་དངོས་མཇལ་མྱོང་མེད་པའི་རྒན་རབས་ཉིད།།
ཕྱི་མ་རྒྱུས་མེད་གྲོང་གི་མགྲོན་གྱུར་འདུག།
ཡོད་དུས་དགའ་གུས་ཉུང་བ་ང་ཚོའི་ལུགས།།
མེད་དུས་བསྟོད་པ་མང་བ་ང་ཚོའི་གཤིས།།
འདི་གཉིས་གང་ཡང་ང་ལ་མེད་ན་ཡང་།།
ཡི་གེ་དྲུག་མ་ཚར་འགའ་ངག་ལས་ཤོར།།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༡ སྐར་མ་ ༡༨
ཁ་སང་ཞིག་ལ་ངས། “མི་ཚེ་འདི་མུ་ཏིག་གི་ཕྲེང་བ་འདྲ་བྱུང་། མཛེས་སྡུག་དང་རིན་ཐང་ཇི་ལྟར་ཆེ་ཡང་ཚེ་སྲོག་གི་སྐུད་པ་ཕྲ་མོ་འདི་ཉིན་གཅིག་ཆད་རྒྱུ་ཉག་གཅིག་ཡིན། ཀྱེ་མ། ཇི་འདྲའི་སྐྱོ་བ་ལ་ཨང་། ” ཟེར་ཡིན། དེ་རིང་དངོས་གནས་སྐྱོ་སོང་།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༡ སྐར་མ་ ༣༡
ཨ་ཁ་ཨ་ཁ་དཀོན་མཆོག་གསུམ་པོས་མཁྱེན། །
ཧ་བོ་ཧ་བོ་དྲ་གྲོགས་མདའ་ཚན་པ། །
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༡ སྐར་མ་ ༤༡
བདེ་བ་ཅན་དུ་སྐྱེ་བར་ཤོག
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༡ སྐར་མ་ ༤༨
ཁོང་གི་སྙན་དངགས་ཚན་པ་འགའ་འདིར་ཡོད།
http://www.chapdaklhamokyab.fr/%E0%BD%95-%E0%BD%A1-%E0%BD%A3/%E0%BD%A1-%E0%BD%A3-%E0%BD%82-%E0%BD%A2-%E0%BD%96-%E0%BD%9A/%E0%BD%98%E0%BD%82-%E0%BD%93-%E0%BD%94-%E0%BD%9A-%E0%BD%A2-%E0%BD%84/
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༡ སྐར་མ་ ༤༩
ཞིང་གཤེགས་ཁོང་མདའ་ཚན་པ་མགོན་པོ་ཚེ་རིང་རེད་ཟེར། རྒན་ལགས་ནས་མགོན་པོ་ཕྱག་གཉིས་རེད་ཟེར།
(ཁོལ་ཕྱུང་རྩོམ་མཆན་དུ་གཟིགས།)
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༡ སྐར་མ་ ༥༠
ག་རེ། མདའ་ཚན་པ། ཁོང་གཉིས་མི་གཅིག་རེད་དམ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༡ སྐར་མ་ ༥༦
རེད། ཁ་བརྡ་དྲ་བའི་ནང་དུ་རྩོམ་ཡར་འཇོག་སྐབས་མདའ་ཚན་པ་དང་མགོ་པོ་ཕྱག་གཉིས་པ་ཟེར་ནི་རེད། མདའ་ཚན་ཁོང་སྐྱེ་སའི་སྡེ་བའི་མིང་རེད། མདའ་ཚན་ནམ་གསེང་ལུང་ཟེར།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༢ སྐར་མ་ ༡༧
སྐྱོ་བ་ལ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༢ སྐར་མ་ ༤༥
མདའ་ཚན་སྡེ་བའི་མདའ་མོ་གཅིག
ཕྱག་གཉིས་པ་ཡི་སྙུག་མདར་གྱུར།
དགྲ་གྲོགས་མི་ནོར་འཕོག་འགྱུར་བ།
མདའ་ཚན་པ་ཡི་མདའ་རྩལ་གཅིག
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༢ སྐར་མ་ ༤༧
འོ་་་མགོན་པོ་ཕྱག་གཉིས་པ་ཁོང་ལ་་བར་སྐབས་ཤིག་ནས་ཁ་བརྡ་སོགས་ནས་མཇལ་མ་སོང་། ཨ་ཁ་་་་ཁོང་གིས་བྲིས་པའི་གནང་བའི་མཆན་སོགས་བཀླགས་མྱོང་ཙམ་ལས་ཆ་རྒྱུས་མེད། ད་བྱས་དུས་ཁོང་ནི་མཁས་པ་ཞིག་དང་རྩོམ་པ་བོ་ཡ་རབས་ཤིག་ཡོད་ཚོད་འདུག གང་ལྟར་ཁོང་ནི་འཇིག་རྟེན་འདི་དང་ཁ་གྱེས་སོང་བར་བློ་ཕམ་ཡོད།
ཁོང་ལ་ཆ་རྒྱུས་ཡོད་མཁན་ཚོས་་གང་འགྱོགས་སུ་ཁོང་གི་རྩོམ་ཡིག་ཁག་ཕྱོགས་བསྡུས་ཤིག་གནང་ཐུབ་ན་དགེ་མཚན་ཆེ།
ཀ་མད་སོ་བཞིར་དུང་བའི་རྩོམ་པ་བོ། །
ཁ་བའི་ཡུལ་དུ་ཕེབས་རྒྱུ་མ་བྱུང་བར། །
ག་ལེར་འཇིག་རྟེན་འདི་དང་ཁ་གྱེས་པར། །
ང་ཅག་སྨྱུག་ཐོགས་ཀུན་ལ་ཅུང་དུ་ངེས། །
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༣ སྐར་མ་ ༢༩
མདའ་ཚན་པ་དང་མགོན་པོ་ཕྱག་གཉིས་པ་མི་གཅིག་ཡིན་པ་རེད་དམ། གང་ལྟར་ང་ལ་ཁོང་གིས་བཞག་པའི་བག་ཆགས་ནི་རྩོམ་མཁན་གྱི་མིང་ལ་མི་བལྟ་བར་རྩོམ་ཡིག་ལ་གཟིགས་ཏེ་ཞབས་མཆན་གནང་བ་དེ་ཡིན། ཕྱི་ཡུལ་དུ་་ལྷག་པར་དྲ་འཇུག་པའི་ཁྲོད་དུ་ཁོང་ལྟ་བུ་དཀོན་པོ་ཞེ་དྲག་ཡིན་པ་མ་ཟད། མིག་དཔེར་འོས་པ་ཞིག་རེད། མྱ་ངན་གུས་འདུད་ཞུ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༣ སྐར་མ་ ༣༧
དངོས་སུ་མཐོང་ཐོས་ག་ལ་སྟེ།།
གཟུགས་བརྙན་ཙམ་ཡང་མ་རིག་མོད།།
ཁ་བརྡའི་གླིང་ནས་ངོ་ཤེས་པའི།།
ཁྱོད་ཀྱིས་ངེད་ཅག་དོར་ནས་སོང་།།
འདི་ནས་ནུབ་ཀྱི་ཕྱོགས་རོལ་ན།།
འོད་དཔག་མེད་ཀྱི་ཞིང་ཁམས་ཡོད།།
སུ་ཞིག་དེ་ཡིས་མཚན་བརྗོད་པ།།
ཞིང་མཆོག་དེ་རུ་སྐྱེ་བར་གསུངས།།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།། མཆོད་དོ། ། སྐྱབས་སུ་མཆིའོ།།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༤ སྐར་མ་ ༢༩
གྲོགས་པོ་སྐོར་ཞིག་གིས་རྒན་མགོན་པོ་དམ་པ་འདི་ཉིད་ལ་བསྙུང་གཞི་བཞེས་པའི་གནས་ཚུལ་བཤད་པ་བརྟེན་ནས་ཉིན་གྱི་ཟས་ལ་དང་བ་མེད་པ་དང་།(ཁོལ་ཕྱུང་རྩོམ་མཆན་དུ་གཟིགས།)
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༥ སྐར་མ་ ༤༥
མདའ་མོ་འདི།
མདའ་ཚན་ཡུལ་ནས་འཁྲུངས་བའི་མདའ་མོ་འདི།།
དམངས་གཙོ་གངས་ལ་དྲངས་བའི་མདའ་མོ་ཡིན།།
ཁ་བརྡའི་རུ་སྣ་འདྲེན་པའི་མདའ་མོ་ཡིན།།
ཁ་བརྡའི་གནད་ལ་ཕོག་པའི་མདའ་མོ་ཡིན།།
ལུང་རིགས་སོ་ཁ་རྣོ་བའི་མདའ་མོ་ཡིན།།
གནའ་དེང་གཞུང་སྒྲོའི་བརྒྱན་པའི་མདའ་མོ་ཡིན།།
དྲ་འབུའི་སྙིང་རྩ་ཕུག་པའི་མདའ་མོ་ཡིན།།
རང་བཙན་ལམ་ཆེན་བཤགས་པའི་མདའ་མོ་ཡིན།།
དབུ་མར་རྨ་ཁ་བྱིན་པའི་མདའ་མོ་ཡིན།།
རིག་གཞུང་དགུང་ལ་བཏེགས་པའི་མདའ་མོ་ཡིན།།
རང་གི་རིགས་ལ་འཁྲེང་བའི་མདའ་མོ་ཡིན།།
རྒྱ་སྡེ་སྙིང་ཁམས་དཀྲུགས་པའི་མདའ་མོ་ཡིན།།
མདའ་ཚན་ཡུལ་གྱི་མདའ་མོ་འགྱེལ་བ་འདིས།།
གངས་ཅན་བུ་མོར་མདའ་མོའི་ན་ཟུག་བཞག །
ཕྱི་མའི་འཕྲེང་ལ་འཁྱུག་པའི་མདའ་མོ་ལ།།
དྲ་གྲོགས་མདའ་མོ་སྟོང་གིས་ར་མདའ་མཛོད།།
ཨོ་མ་ཎི་པདྨེ་ཧྰུ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༦ སྐར་མ་ ༠༡
ང་གྲྭ་སར་འབྱོར་ནས་ལོ་གཅིག་གཉིས་ཀྱི་རྗེས་ནས་ལྷ་མོ་སྐྱབས་དང་ཁོང་གཉིས་རྡ་སར་འབྱོར་བ་གོ་ཐོས་བྱུང་ལ། སློབ་ཆེན་ནས་ཕེབས་པའི་སྐད་གྲགས་གྲྭ་བ་ཚོས་གླེང་བ་ཐོས་མྱོང་།(ཁོལ་ཕྱུང་རྩོམ་མཆན་དུ་གཟིགས།)
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༦ སྐར་མ་ ༠༦
ཨ་ཧོ་ཁ་བརྡ་ཚང་གི་དྲ་རྒྱ་ཉུལ་སྐབས། །ཧ་ཅང་སེམས་པ་སྐྱོ་པའི་གཏམ་འདི་ཐོས་བྱུང་།།
༤༤༽ BONPO ནས།ཨ་ཁུ་ཀླུ་སྨྱོན་ཆབ་བྲག་ཕོ་ཉ་གཉི་ཀས། །ཧ་ལམ་མཚུངས་པའི་སྙན་ངག་ལྷུག་པོར་བྲིས་འདུག།
(ཁོལ་ཕྱུང་རྩོམ་མཆན་དུ་གཟིགས།)
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༧ སྐར་མ་ ༡༣
མགོན་པོ་ཕྱག་གཉིས་པའི་སྨྱུག་མིང་འཆང་བའི་མཁས་དབང་སྐྱེ་མཆོག་དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པའི་གནས་ཚུལ་དེང་འདིར་ཐོས་པར་རང་སེམས་ཤིན་དུ་ཕམ་ནའང་།(ཁོལ་ཕྱུང་རྩོམ་མཆན་དུ་གཟིགས།)
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ གི་ཆུ་ཚོད་ ༣ སྐར་མ་ ༣༧
གོང་གསལ་མཆན་འགོད་པ་ཚང་མར་བཀའ་དྲིན་ཆེ་ཞུ། རྒྱུ་མཚན་ནི་བོད་ཀྱི་དགེ་རྒན་ཞིག སྙན་ངག་པ་ཞིག དྲ་རྩོམ་དང་མཆན་འདོགས་པ་དགའ་ཞིག་ལ་ཤ་ཚ་བའི་རྣམ་འགྱུར་འདི་ཧ་ཅང་རིན་ཐང་ཆེ། འདིས་མི་གཅིག་ཙམ་མིན་པར་རང་གི་སྐད་ཡིག་རིག་གཞུང་ལ་ཆེ་མཐོང་སྤྲོད་ཀྱིན་ཡོད། མ་འོངས་པར་ཡང་ཤེས་ཡོན་པ་རེ་རེ་འཕུར་ཤུལ་དུ་འདི་ལྟར་ང་ཚོས་འདས་མཆོད་རེ་སྒྲུབ་འོས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ གི་ཆུ་ཚོད་ ༦ སྐར་མ་ ༡༡
ཆབ་བྲག་ཕོ་ཉས་གསུང་པ་ལ་མངོན་པར་བསྟོད། ལོ་ཙཱ་པ་ལ་འཇིག་རྟེན་མིག་དང་། སྨན་པ་ལ་ལྷ་རྗེ་ཞེས་འབོད་པ་བཞིན། སྙན་ངག་མཁན་ལ་འཇིག་རྟེན་གསུང་དང་། དགེ་རྒན་ལ་སྲིད་པའི་སེམས་ཞེས་རང་རེས་རྗེས་དྲན་བྱས་ན། མི་རབས་ཕྱི་མར་མིག་དཔེ་ཡག་པོ་ཡོང་བར་ངེས། དེ་བཞིན་མི་རིགས་དང་རིག་གཞུང་ལ་ཤ་ཞེན་ཅན་འདི་ལྟ་བུ་ཞིག་སྐུ་འདས་མ་ཐག་དེ་ལ་སྙན་རྩོམ་གྱིས་མཆོད་པ་འབུལ་མཁན་ཡོང་ན་བྱས་པ་ལ་དྲིན་དུ་བཟོ་ཟེར་བ་ཡང་ཁ་གཡང་ཙམ་མིན་པར་བསྐལ་བར་གནས་པར་སེམས། །ལྷ་རྒྱལ་ལོ། དགེ་རྒན་རྒྱལ་ལོ། སྙན་ངག་མཁན་རྒྱལ་ལོ། གྲོགས་པོ་རྒྱལ་ལོ། །