སྙུག་མིང་འོག་གི་ཁ་བརྡ་དང་ཤི་གསོན་བར་གྱི་བརྩེ་བ།

སྤོབས་པ་མཐའ་ཡས།

མགོན་པོ་ཕྱག་གཉིས་པའམ་མདའ་ཚན་པ་ལགས་འཆི་བདག་གི་ཁར་ཤོར་ཚུལ་ཐོས་པས་སེམས་ལ་སྐྱོ་གདུང་གི་ཚོར་བ་ཆེན་པོ་ཞིག་སྐྱེས་བྱུང་། མི་ལོ་ལྔ་ཙམ་གྱི་རིང་ལ་སྐུ་ཞབས་མགོན་པོ་ཕྱག་གཉིས་པ་ལགས་ཀྱིས་ཁ་བརྡ་དྲ་ཐོག་ཏུ་སྤེལ་བའི་རྩོམ་ཡིག ཁོང་གིས་སྤེལ་བའི་བསམ་ཚུལ་མཆན་བུ། བགྲོ་གླེང་གི་རིམ་པ་ཆེས་མང་པོ་ཞིག་ལྟ་ཀློག་བྱས་པས་རང་ཉིད་ལ་བློ་སྐྱེད་མང་པོ་ཞིག་བྱིན་པ་དང་། ང་རང་ཉིད་ཀྱིས་སྤེལ་བའི་གླེང་གཞི་དང་བསམ་ཚུལ་མང་པོ་ཞིག་ལ་ཁོང་གིས་དོ་སྣང་གནང་བ། མཚམས་མཚམས་སུ་སེམས་ཚོར་མཚོན་པའི་ཀུ་རེ་ཚིག་རྩོད་ཀྱིས་སེམས་ཁམས་ལ་མཚར་སྣང་སྣ་ཚོགས་སྦྱིན་པ་སོགས་ལ་བསམ་ཚེ་ཁོང་འདས་གྲོངས་ཤོར་བ་དེ་ནི་གྱོང་རྒུད་ཆེན་པོ་ཞིག་ཏུ་ཚོར་བྱུང་ལ་སྙིང་ཉེ་བའི་མི་ཞིག་དང་གཏན་བྲལ་བྱུང་བས་ཁེར་རྐྱང་གི་ཚོར་སྣང་ཞིག་ཀྱང་སྐྱེས་བྱུང་།
མཛད་པ་ཐམས་ཅད་ལས་ཀྱང་གསུང་གི་མཛད་པ་མཆོག་ཏུ་གསུངས་པ་བཞིན། མགོན་པོ་ལགས་ལ་དྲ་ཐོག་ཁོ་ན་ནས་འབྲེལ་བ་བྱུང་ཞིང་སྙུག་མིང་ཁོ་ན་ཡི་རྗེས་སུ་འབྲངས་བ་མ་གཏོགས་ཁོང་གི་ཞལ་རས་དངོས་སུ་མཐོང་བ་དང་གསུང་སྐད་ལ་དངོས་སུ་ཉན་པའི་གོ་སྐབས་རག་མ་མྱོང་། མ་ཟད་ཁོང་གི་མཚན་ཆ་ཚང་གང་ཞིག་ཡིན་པ་ཡང་ཁོང་གྲོངས་རྗེས་མ་གཏོགས་མ་ཤེས། ཡིན་ན་ཡང་གཙོ་ཆེ་བ་ཁོང་གི་གསེར་ལྟ་བུའི་རྣམ་དཔྱོད་ཀྱི་སྒྱུ་རྩལ་གསུང་ཚིག་མང་པོ་ཞིག་ལ་ཞིབ་ཚགས་ཀྱིས་ལྟ་ཀློག་བྱ་བའི་གོ་སྐབས་བྱུང་བ་དེར་ཕྱོགས་གཅིག་ནས་ཅུང་ཡིད་ཚིམ་པའི་སྣང་བ་ཞིག་ཀྱང་སྐྱེས་ཀྱིན་འདུག ངས་ལོ་ཁ་ཤས་སྔོན་ནས་བཟུང་དྲ་ཐོག་ཏུ་གླེང་མོལ་བྱས་དོན་ནི་མི་མང་པོ་ཞིག་གམ་ཡང་ན་མི་སྣ་གལ་ཆེན་རེ་ངོ་ཤེས་པའི་དོན་དུ་གཏན་ནས་མིན། རང་གིས་གླེང་གཞི་དང་བསམ་ཚུལ་མཆན་བུ་སྤེལ་ཏེ་བགྲོ་གླེང་ལ་ཞུགས་དོན་དེ་ཡང་རང་ཉིད་མི་མང་པོ་ཞིག་གིས་ངོ་ཤེས་པ་བྱེད་པའམ། རང་ཉིད་ཀྱི་མིང་དེ་མི་མང་པོ་ཞིག་གིས་གོ་བར་བྱེད་པའི་ཆེད་དུ་ཡང་མིན། དྲང་ཕྱོགས་དང་ལྡོག་ཕྱོགས་གང་རུང་ནས་མི་གཞན་གྱི་དཔྱོད་ཤེས་སྒྱུ་རྩལ་གྱི་ཐོན་རྫས་ལ་ལོངས་སུ་སྤྱོད་ཆེད་དང་རང་ཉིད་ཀྱི་བསམ་བློའི་སྒྱུ་རྩལ་ཀྱི་འགྱུ་བ་ཕྲ་མོ་རེ་སེམས་མཐུན་གྱི་གྲོགས་པོ་ཚོར་སྐྱེས་སུ་འབུལ་ཆེད་དུ་ཡིན། རྒྱུ་མཚན་དེའི་ཕྱིར་ན་མགོན་པོ་ཕྱག་གཉིས་པ་ནི་རང་ཉིད་ཀྱིས་འཚོལ་བཞིན་པའི་མི་ངོ་མ་དེ་ཡིན་ལ་ཁོང་གིས་དཔྱོད་ཤེས་ཀྱི་སྒྱུ་རྩལ་དེ་དག་ནི་རང་ཉིད་ལ་མཁོ་བའི་ལོངས་སྤྱོད་ངོ་མ་དེ་ཡིན་པས་དེའི་ཕན་ཆོད་ན་མི་ངོ་མ་ཞེས་པའི་བཟའ་བཏུང་ལ་རོལ་ཞིང་གཅིན་སྐྱག་འདོར་མཁན་ཙམ་གྱི་སྲོག་ཆགས་དེ་ནི་ངའི་འཚོལ་བྱ་མིན།
སྤྱིར་ཤེས་ཡོན་དང་ལྡན་པའི་ཚོགས་སྡེར་འཚངས་བའི་མི་མང་པོ་ཞིག་གིས་ཟུར་ཙམ་རེ་ལས་མི་ཤེས་ན་ཡང་གཏིང་ཕྱིན་པ་ཞིག་ཤེས་མདོག་བྱས་ནས་ཡམ་ཡོམ་རེ་ལས་མི་གླེང་བ་དང་། གང་མི་ཤེས་པ་དེ་ཡང་ཤེས་མདོག་གིས་སྡོད་པ་ལས་ངས་འདི་ཤེས་ཀྱིན་མི་འདུག་ཅེས་འདྲི་རྩད་བྱེད་ཕོད་མཁན་ཉུང་བ་རེད། སྐུ་ཞབས་མགོན་པོ་ཕྱག་གཉིས་པ་ལགས་ནི་རང་གིས་ཤེས་པ་གཞན་ལ་བསྒྲགས་པ་དང་། རང་གིས་མི་ཤེས་པ་གཞན་ལ་འདྲི་རྩད་བྱེད་པར་ངོ་མི་གནོང་མཁན་ཞིག་རེད། སྐབས་ཤིག་ལ་ཁོང་གིས་རྡོ་རྗེ་གཅོད་པའི་མདོའི་ནམ་དུ་འཇིག་རྟེན་ལ་རིལ་བོར་འཛིན་པ་ཞེས་པ་ཞིག་ཡོད་པ་དེ་ནི་སངས་རྒྱས་བཞུགས་པའི་དུས་ནས་རང་རེའི་འཇིག་རྟེན་ཀྱི་དབྱིབས་སྒོ་ང་ལྟ་བུའི་རིལ་རིལ་བོར་འདོད་མཁན་ཞིག་བྱུང་བར་བསམ་ནས་འདྲི་རྩད་བྱས་མཐར་ཚིག་དོན་དེ་ཁོང་གིས་མཐར་ཕྱིན་པར་ཤེས་པས་ཁོང་ཤིན་ཏུ་མཉེས། དེ་བཞིན་དུ་ཁོང་ལ་ཀུན་སྤྱོད་ཀྱི་བསམ་བློའི་ཐོག་ལ་གཞན་བརྟེན་མིན་པའི་བསམ་བློ་རང་ཚུགས་ཐུབ་པ་ཞིག་ཡོད། སྐབས་ཤིག་ལ་དྲ་ཐོག་ཏུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་ལས་བུད་མེད་ལོ་ན་བཅུ་གཉིས་ནས་འཁྲིགས་སྤྱོད་ན་ཚོད་ལ་སླེབས་ཡོད་ཚུལ་དེ་ཁྲིམས་དང་འགལ་བའི་སྐྱོན་རྗོད་སླེབས་པ་ལ། ཁོང་གིས་མིའི་ལྟ་སྟངས་དང་ཁྲིམས་ཟེར་བ་དེ་དུས་རབས་བཞིན་དུ་འགྱུར་ནས་འགྲོ་བ་ཞིག་ཡིན་སྟབས་དགེ་ཆོས་ཀྱི་རྒྱ་གར་གྱི་གནའ་བོའི་ལུགས་བཞིན་བྲིས་པའི་འདོད་པའི་བསྟན་བཅོས་སུ་གང་བཤད་པ་དེང་དུས་ཀྱི་ཁྲིམས་དང་འགལ་ཡང་དེ་དུས་མིའི་ལྟ་སྟངས་དང་ཡུལ་ཁྲིམས་ལ་མི་འགལ་བས་ཁོང་གི་བསམ་བློ་དང་ཀུན་སྤྱོད་ལ་སྐྱོན་མེད་ཚུལ་སོགས་ཀྱིས་ལན་སློག་པ་དྲན།
ཁོང་ནི་བོད་ཀྱི་ལོ་རྒྱུས་སྐོར་ལ་དོ་སྣང་དང་མཐོང་ཐོས་རྒྱ་ཆེ། བོད་སྤྱིའི་ས་ཁམས་དང་སྤྱི་ཚོགས་ལ་ཡང་རྒྱུས་མངའ་ཟབ། ཡིག་ཆ་དང་དྲ་ཐོག་གི་རྒྱུ་ཆ་མང་པོ་ཞིག་ཁུངས་སུ་དྲངས་ནས་ལོ་རྒྱུས་སྐོར་མང་པོ་ལ་ཞིབ་འཇུག་བྱེད་པས་སྤྲོ་བས་ནམ་ཡིན་ཡང་ངེད་གཉིས་ཀྱིས་བགྲོ་གླེང་ཕལ་ཆེར་ལོ་རྒྱུས་ཀྱི་སྟེང་ལ་བྱས། དེང་དུས་སུ་བོད་ཀྱི་ལོ་རྒྱུས་ཟེར་བ་འདི་ཆོས་པའི་ཚོགས་སྡེ་ཁ་ཤས་དང་ཆབ་སྲིད་པའི་ཚོགས་སྡེ་ཁ་ཤས་ཤིག་གིས་རང་འདོད་སྒྲུབ་ཆེད་དུ་བཤད་བསྡད་པ་མ་གཏོགས་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་རིན་ཐང་གཞལ་ནས་འཆད་མཁན་ཉུང་བས་བོད་ཀྱི་ལོ་རྒྱུས་གླེང་ས་ལ་མགོན་པོ་ཕྱག་གཉིས་པ་ལྟ་བུ་ནི་ཆེས་དགོས་མཁོ་ཆེ།
དེ་བཞིན་དུ་ཁོང་སྙན་ངག་འབྲི་བར་དགའ། ཁོང་གིས་སྙན་ངག་གང་བྲིས་པ་གོ་སླ་ཞིང་ཀློག་བདེ། བོད་ཀྱི་ཡིག་ཐོག་གཞུང་ལུགས་ལ་སྐད་གསར་བཅད་བྱས་མ་ཐུབ་པས་ཁ་སྐད་དང་ཡིག་སྐད་ལ་མི་འདྲ་བའི་ཁྱད་ཆེན་པོ་ཡོད་ན་ཡང་མགོན་པོ་ཕྱག་གཉིས་པས་བྲིས་པའི་སྙན་ངག་དག་ནི་བོད་ཡིག་མི་ཤེས་མཁན་གྱི་བོད་མི་ཞིག་གི་རྣ་བར་བཀླགས་ཀྱང་གོ་ཐུབ་པ་ཡིན། དེ་བཞིན་དུ་ཁོང་གིས་སྲོལ་རྒྱུན་གྱི་འབྲི་སྲོལ་བཞིན་དུ་མངོན་རྗོད་ཀྱིས་བཅིངས་པ་དང་། ལེགས་སྦྱར་དང་བསྲེས་པ། བརྡ་རྙིང་གིས་བརྗོད་པ། གོ་དཀའ་བའི་རྒྱན་དང་སྦྱར་བ་སོགས་གཙོ་བོར་མི་འཛིན།་དེ་བཞིན་དུ་ཉེ་བའི་དུས་རབས་ནས་བོད་དུ་དར་བའི་རང་མོས་སྙན་ངག་ཟེར་བ་བཀླགས་ན་གོ་བ་ཆེར་མེད་པའི་འབྲི་སྲོལ་སོགས་ཀྱང་མི་སྤྱོད། ཁོང་གིས་གང་བྲིས་པ་དེ་ནི་དེང་རབས་བོད་མང་ཚོགས་ཀྱི་རྒྱུན་སྤྱོད་ཁ་སྐད་དང་གང་ཉེ་ཉེ་ཞིག་དང་། དེ་ཡང་ཡུལ་ལུང་བྱེ་བྲག་པ་ཞིག་གི་ཁ་སྐད་ཀྱིས་ཤན་མ་ཞུགས་པར་བོད་སྤྱིའི་མིའི་གོ་ནུས་པའི་ཐ་སྙད་དང་རྗོད་སྟངས་གཙོར་འདོན་པས་བོད་ཀྱི་དེང་རབས་སྙན་ངག་གི་ཚབ་མཚོན་དུ་བཞག་ཆོག
མདོར་ན་ཁོང་འཆི་བདག་གི་ལག་ཏུ་ཤོར་བ་དེ་ནི་ང་རང་ཉིད་ཚུད་པའི་ཁ་བརྡ་དྲ་བའི་སྟེང་དུ་ཁ་བརྡ་ལ་ཞུགས་མཁན་ཚོར་གྱོང་གུད་ཆེན་པོ་ཡིན། དེར་བརྟེན་ངས་འདིར་ཁོང་གི་ནང་མི་གཉེན་གྲོགས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་སེམས་གསོ་ཞུ་བ་དང་། ཁོང་གིས་རྣམ་དཔྱོད་ལས་ཐོན་པའི་རྩོམ་ཡིག་རྣམས་ཕྱོགས་བསྡུས་ཀྱིས་མི་རབས་འདི་དང་མི་རབས་ཕྱི་མའི་ལེགས་སྐྱེས་སུ་སུ་འཕྲོད་ཐབས་གནང་བའི་འབོད་སྐུལ་ཡང་ཞུ་བ་ལགས་སོ། །

 

སྙུག་མིང་འོག་གི་ཁ་བརྡ་དང་ཤི་གསོན་བར་གྱི་བརྩེ་བ་ཞེས་པའི་སྐོར་ལ་མཆན་ ༥ བཀོད་འདུག

  1. ༡༽ རྟ་བདུན་དབང་བོ་ནས། 

    སྤོབས་པ་མཐའ་ཡས་ནས་སྙན་མོ་ཞིག་བྲིས་འདུག་པས་མགོ་ནས་མཇུག་བར་དུ་ལེགས་པོ་ཞིག་བཀླགས་པ་ཡིན། །

  2. ༢༽ གཞོན་ནུ་ཟླ་མེད་ནས། 

    དེ་རིང་དགོངས་ཟས་རྗེས་སུ་ཀ་ཅ་བསྡུ་དབང་ཡང་མ་བྱུང་པར་གཉིད་ལ་ཤོར།་ནམ་གུང་ཆུ་ཚོད་དང་པོ་སྟེང་གློ་བུར་དུ་གཉིད་ལས་སད། ཁ་བརྡ་དྲ་རྒྱ་མ་ཀློག་པར་རྒྱུན་རིང་འགོར། ཁ་བརྡ་ཚང་གི་ཁ་ཕྱེས་པ་དང་། གསར་འགྱུར་འདི་མིག་ལམ་དུ་ཤར། འོན་ཀྱང་ཅུང་ཙམ་ཀློག་སྐབས་ཡི་གེ་རྣམས་རིམ་བཞིན་རབ་རིབ་ཏུ་གྱུར། མགོན་ཕྱག་ལ་ཁ་བརྡ་དྲ་ལམ་ནས་བགྲོ་གླེང་ཐེངས་མང་བྱས་མྱོང་། ལྷག་པར་ཏུ་ཉེ་ཆར་ཞིག་ལ་སྐྱེ་བ་སྔ་ཕྱིའི་སྐོར་ལ་ཕན་ཚུན་བགྲོ་གླེང་བྱས་བ་དེ་མཐའ་མ་ཡིན་པ་འདྲ། གོང་དུ་སྤོབས་པ་མཐའ་ཡས་ནས་གསུངས་པ་བཞིན། མགོན་ཕྱག་ནི་རྩོམ་ཡིག་གང་ཞིག་བྲིས་ན་ཡང་ཚིག་སྦྱོར་རྦབ་ཆུ་དང་མཚུངས་པར་ལྷུང་ལྷུང་དུ་འབབ་པ་དེ་རེད། ཤེས་བྱ་རིག་པའི་ཐད་ལ་མཐོང་རྒྱ་ཡངས་པར་མ་ཟད། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་སྐོར་ནས་བགྲོ་གླེང་བྱེད་སྐབས་ཡིད་དབང་འཕྲོག་པ་ཞིག་རེད། ཡིད་ཕངས་པ་ཞིག་ལ་གདོང་ཐུག་ནས་ངོ་མ་ཤེས་བའི་སྔོན་ལ་ཕྱི་མར་གཤེགས་པ་ནི་ཡིད་སྐྱོ་བ་ཞིག་རེད།

  3. ༣༽ པདྨ་ནས། 

    མྱ་ངན་ཞུ།

  4. ༤༽ ཁྲི་གཡུང་དྲུང་ནས། 

    བཀའ་དྲིན་ཆེ་ཞུ། བཀླགས་ཟིན།

  5. ༥༽ ཤར་ཕྱོགས་ཁུག་རྟ་ནས། 

    གྲོངས་ཟིན་རྗེས་མང་པོ་ཞིག་གོ་ཡོང་གི་འདུག མང་པོ་ཞིག་གིས་གླེང་ཡོང་གི་འདུག འདི་ཡག་པོ་ཡིན་རྒྱུ་རེད། ཡིན་ནའང། ཁོང་མ་གྲོངས་གོང་ནས་ཁོང་གི་གསེར་དང་མཚུངས་པའི་རྣམ་དཔྱོད་ལ་འདི་ལྟར་རིན་ཐང་བཞག་ཡོད་ན་དེ་བས་དགའ་བ་ལའང། དེ་མ་བྱུང་བ་རེད། ཐབས་ཤེས་གང་ཡང་ཡོད་པ་མ་རེད། ངེད་ལ་མཚོན་ན་ཁ་བརྡར་རྩོམ་འཆལ་བྲིས་པ་མང་ཙང། མཆན་བུ་གང་ཡིན་གསལ་ཆ་མི་དྲིན་མོད། ཁོང་དང་མཉམ་དུ་དབུ་མའི་ལམ་ལ་ཕེབས་དགོས་དོན་སྐོར་མཆན་བུ་འདེབས་རེས་བྱས་པ་ཞིག་དྲན་ཡུལ་ན་འདུག དེ་བཞིན་མཁས་པ་རབ་གསལ་དང་མཉམ་དུ་བརྡ་སྤྲོད་སྐོར་བགྲོ་གླེང་བྱས་པ་དེས་ཁོང་རང་སེམས་ལ་བརྟན་པོ་ཞིག་འཛུལ་བྱུང། ད་ལྟ་སྤོབས་པ་ལགས་ནས་གླེང་ཡོང་དུས་དེ་བས་ཀྱང་ཁོང་གི་རྣམ་དཔྱོད་རྣམས་སྔོགས་འདོན་བྱེད་པའི་ཚུལ་ཞིག་མཐོང་སོང། དེ་དགའ་འོས་པ་ཞིག་རེད། དཔེར་ན་རྒན་རབས་མཁས་དབང་ཨ་ཁུ་པད་འབུམ་དང། མཁས་པ་རབ་གསལ། དགེན་ལྷ་མོ་སོགས་ནས་རྗེས་དྲན་དང་མཆན་བུ་སྤེལ་སོང། འོན་ཀྱང་ཁོང་གི་བརྩམས་ཆོས་གཞིར་བཞག་གིས་རྗེས་དྲན་བྱས་མ་སོང། གཅིག་བྱས་ནས་བྱེད་འཆར་ཡོད་ཀྱི་རེད། དེ་ཡོད་ན་ཤིན་ཏུ་ཡག་པོར་མཐོང་སོང། མི་རབས་གསར་པ་ཚོར་མིག་དཔེའང་རེད་འདོད། འདས་པོ་དམ་པས་དུར་ཁྲོད་སྐོར་བྲིས་པ་དང་དེ་བཞིན་དུས་ཚོད་སྐོར་བསམ་ཚུལ་བཏོན་འདུག་པ་དེས་ཁོང་གི་ཤེས་ཡོན་གྱི་གཏིང་མཐའ་ཟབ་པ་དང། ཕ་ཡུལ་བརྩེ་ཞེན་ཆེ་བ། ཕྱི་རྒྱལ་ལུང་པར་བསྡད་པའི་སུན་སྣང། རང་ཉིད་ཤི་ངེས་པ་ཡིན་སྟབས་ཕུང་བོ་བོད་དམ་བོད་དང་ས་འབྲེལ་ཞིག་ལ་བསྐྱལ་ན་བསམས་པ་སོགས། ཁོང་གིས་རང་ཉིད་ཁེར་རྐྱང་ལྟ་བུར་ལྷགས་པའི་མགོ་སེར་ལུང་པ་ནས་ཁ་བརྡ་དྲ་བ་རུམས་ནས་ཁ་བརྡ་དྲ་བར་སྡུག་གཏམ་དང་སེམས་གཏམ་བརྗོད་དེ། རང་ཉིད་ཀྱི་དུར་ཐལ་ཙམ་ཡང་ཕ་ཡུལ་བོད་དུ་སླེབས་རྒྱུའི་ཐུགས་འདུན་དང་བསམ་ཚུལ་སྤེལ་བ་སོགས་ནི། ཆེས་སྤྱིར་བཏང་གི་ཚིག་སྦྱོར་ཐོག་སུས་ཀྱང་གོ་སླ་བར་སྨྲས་ཏེ་ཞིབ་མོར་ཐེངས་གཅིག་བཀླགས་རྗེས་ཡུད་ཙམ་བསམ་བློ་བཏང་སྟེ་འདུག་དགོས་པ་ཞིག་བྲིས་འདུག དེ་དང་དེ་བཞིན་གང་མང་མང་ཡོད་ཀྱི་རེད། དཔེར་ན་དུས་ཚོད་ཅེས་པའི་ནང་དུ་ཁོང་གི་ལྟ་གྲུབ་རང་བཞིན་གྱི་བསམ་ཚུལ་འབུར་དོད་དུ་མངོན་འདུག་པ་ལྟ་བུ་རེད། དེས་ན་ངས་གྲོགས་ཐུབ་བསྟན་གཙོས་ཁོང་གི་གྲོགས་པོ་རྒོད་པོ་སྟག་འདྲ་བ་དག་ལ་རེ་སྐུལ་ཞིག་ཡོད་པ་ནི། ཁོང་གི་གདུང་ཐལ་ཡིན་གཅིག་མིན་གཅིག་ཁོང་ཉིད་འཚར་ལོངས་བྱུང་སའི་མཐའ་ཡས་པའི་རྩ་ཐང་དུ་གཏོར་རོགས་ཞེས་ཞུ་ན་འདོད་བྱུང།།

    ཁོང་གིས་འདི་འདྲ་ཞིག་བྲིས་འདུག

    ༡༥༽ མགོན་པོ་ཕྱག་གཉིས་པ་ནས།
    སྤྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༨ གི་ཆུ་ཚོད་ ༡༩ སྐར་མ་ ༢༡
    རེད། ཁོ་ཚོས་དུར་ཁྲོད་ཅིག་གླེང་བཞིན་འདུག
    ཁོ་ཚོས་རང་དབང་མེད་པའི་དུར་ཁྲོད་ཅིག་གླེང་བཞིན་འདུག
    ཁོ་ཚོས་ཉམས་ཉེས་ཕོག་པའི་དུར་ཁྲོད་ཅིག་གླེང་བཞིན་འདུག
    ཁོ་ཚོས་ཤི་ན་དུར་ས་མེད་པའི་མི་རིགས་ཤིག་གླེང་བཞིན་འདུག
    ཁོ་ཚོས་དུར་ཁྲོད་དང་འབྲེལ་ནས་ཁོར་ཡུག་གི་འཇིག་ཉེན་གླེང་གི་འདུག
    ཁོ་ཚོས་དུར་ཁྲོད་དང་འབྲེལ་ནས་བཙན་དབང་ཞིག་གི་ངོ་གདོང་གླེང་གི་འདུག
    ཁོ་ཚོས་དུར་ཁྲོད་དང་འབྲེལ་ནས་བཙན་བྱོལ་པ་ཞིག་གི་སེམས་འདུན་གླེང་བཞིན་འདུག
    ཤི་ཡང་རྣམ་ཤེས་ཕ་ཡུལ་ལ་ཕྱོགས་པའི་བཙན་བྱོལ་བ་ཞིག་གི་སེམས་འདུན་གླེང་བཞིན་འདུག
    དུར་ཁྲོད་གླེང་བའི་དུས་ལ་བབས་ལོས་ཡོད།
    མི་རིགས་ཧྲིལ་བོ་ཞིག་དུར་ལས་བྱེད་པའི་དུས་ལ་སླེབས་ཡོང་གི་འདུག ཡིན་ན་ཡང་དུར་ས་མི་འདུག
    རིག་གཞུང་ཕྱུག་པོ་ཞིག་དུར་ལས་བྱེད་པའི་དུས་ལ་སླེབས་ཡོང་གི་འདུག ཡིན་ན་ཡང་། དུར་ས་མི་འདུག
    སྐད་ཡིག་ཆ་ཚང་ཞིག་དུར་ལས་བྱེད་པའི་དུས་ལ་སླེབས་ཡོང་གི་འདུག ཡིན་ན་ཡང་། དུར་ས་མི་འདུག
    དུར་ཁྲོད་གླེང་བའི་དུས་ལ་བབས་ལོས་ཡོད།


 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php