ངས་ལེ་ལོའི་མངོན་རྟགས་སྟོན་བཞིན་རྒན་དམ་པ་ལ་རྗེས་དྲན་ཞུ།

སྦ་རྒན་བསྟན་འཛིན་ཕུན་ཚོགས་ཀྱིས།

 
བར་ལམ་ཞིག་ནས་ངའི་ཡིད་ཀྱི་ཟུར་དུ་སྐད་ཆ་དེ་གོ་རྒྱུ་རེད་སྙམ་སྟེ་སྐྲག་ནས་སྡད་པའི་སྐབས་སུ་ཉིན་ཞིག་ཁོང་གི་གྲོགས་པོ་གཞན་ཞིག་གིས་ང་ལ་མགོན་པོ་ཚེ་རིང་ཕྱིན་ཚར་འདུག་ཅེས་བརྗོད་པ་དེ་གོ་རྗེས་ཁོང་ཐུག་འཕྲད་གཅིག་བྱེད་མ་ཐུབ་པ་དེར་བློ་འགྱོད་བྱེད་བཞིན་དབུགས་རིང་འདྲ་བཏང་ནས་སྡོད་རྒྱུ་ལས་ཅི་བྱེད་འདི་བྱེད་མི་འདུག དེ་རྗེས་དམ་པ་དེའི་དྲ་གྲོགས་ཚོས་ཁོང་གི་སྐོར་ལ་ཁ་བརྡ་ནང་གླིང་མོལ་བྱེད་ཀྱི་འདུག་ཟེར་བ་ཞིག་གོ་རྗེས་དྲྭ་རྒྱ་འདིའི་ནང་གཅིག་ལྟས་པར་པདྨ་འབུམ་གྱིས་དམ་པ་དེ་བོད་ནས་རྡ་སར་འབྱོར་སྐོར་དང་དུས་དེབ་རྩོམ་གྲོས་བྱས་པའི་སྐོར་ཞིག་བྲིས་པ་དེ་མཐོང་བྱུང་བས་ངས་ཀྱང་ཁོང་སྦིརའི་སློབ་གྲྭའི་ནང་འབྱོར་རྗེས་སློབ་གྲྭ་དེའི་ནང་གི་ཁོང་གི་མི་ཚེའི་ཟུར་ཙམ་ཞིག་ཅི་དྲན་དྲན་ཞིག་འབྲི་བསམ་པའི་སྐུལ་མ་ཞིག་ཐེབ་བྱུང་། འོན་ཀྱང་ཟང་ཟིང་གི་འཁོར་ཡུག་འདི་སྟངས་འཛིན་བྱེད་མི་ཤིས་པའི་ངའི་སྒྱིད་ལུག་གི་མི་ཚེ་འདིས་དངོས་སུ་འདི་འབྲི་རྒྱུར་སླར་ཡང་ཕྱིར་འགྱངས་ཤོར་སོང་ལ་ང་དྲན་ཤེས་སྐྱོ་བས་ཁོང་གི་སྦིར་སློབ་གྲྭའི་ནང་གི་མི་ཚེའི་རིན་ཐང་ལ་འོས་འཚམས་ཀྱི་ལོ་རྒྱུས་ཤིག་འབྲི་ཡང་ཤེས་ཀྱི་མི་འདུག དེ་ལྟར་ན་ཡང་ཁོང་གི་སློབ་མ་ཞིག་དང་སེམས་ཐག་ཉེ་བའི་མི་ཞིག་ཡིན་པའི་ཆ་ནས་དྲན་རྟེན་གྱི་ཚུལ་དུ་ཅི་དྲན་གང་དྲན་ཞིག་འབྲི་གི་ཡོད།
ལོ་ག་རེའི་ལོ་ནང་ཡིན་མིན་མི་དྲན་དེ་སྦིར་སློབ་གྲྭ་སྙིང་པའི་ནང་ཡོད་པའི་སྐབས་ཀྱི་ཉི་མ་གཅིག་ལ་སློབ་མ་གསར་པ་ཚོ་ཞིག་འབྱོར་འདུག་པ་དེའི་གྲས་ནས་གཅིག་ཁོང་རེད་འདུག དེ་དུས་འགྲམ་པ་ལ་རྒྱ་མཐུག་པོ་ཡོད་པའི་མི་གཟུགས་པོ་ཆུང་ཆུང་ཞིག་འདུག་སྙམ་པའི་སྣང་བ་འཁོར་བྱུང་། ང་ཚོ་ཁང་ཚན་གཅིག་པ་ཁེལ་སོང་།
འགའ་ཤས་ཀྱིས་མི་དེ་ཤེས་ཡོན་ཆེན་པོ་ཡོད་མཁན་ཞིག་རེད་ཅེས་བརྗོད་སོང་བསམ་གྱི་འདུག་དེ་གསལ་པོ་མི་དྲན།
འོན་ཀྱང་གསལ་པོ་དྲན་པ་དེ་ནི་སློབ་མ་རྣམས་ཞོགས་པ་སྔ་པོ་ལང་ནས་ཞལ་འདོན་འདོན་པར་འགྲོ་དུས་ཁོ་རང་ཉལ་སྡོད་ཀྱི་ཡོད་པ་དེ་རེད། ཐེངས་མ་འགའ་ཤས་ཕལ་ཆེར་སློབ་སྤྱི་འམ་དགེ་རྒན་ཆེན་མོའི་དབྱུག་གུ་རྐུབ་ལ་རག་ཡོད་སྲིད་ཀྱི་རེད། ཁོ་རང་སྒེའུ་ཁུང་ཞིག་གི་འཁྲིས་ཀྱི་ཉལ་ཁྲི་འོག་མའི་ཐོག་ཉལ་གྱི་འདུག་པས་གཅིག་བྱས་ན་སྒེའུ་ཁུང་ནས་མཆོངས་ནས་དབྱུག་སྣེ་རྐུབ་ལ་མ་ཐུག་ཙམ་བྱུང་ཡོད་སྲིད། དེ་འདྲ་ཡོང་སྲོལ་ཡོད་རེད། དེ་དུས་ངས་ཁོ་རང་སྐད་ཆ་མང་པོ་མི་ཤོད་མཁན་བསམ་བློ་གཏིང་ཟབ་པོ་གཏོང་ནས་སྡོད་མཁན་ཞིག་མཐོང་བྱུང། དེའི་རྗེས་སུ་བར་སྐབས་ཤིག་རིང་ལ་ཁོ་རང་གི་སྐོར་ལ་གང་ཡང་དྲན་གྱི་མི་འདུག རྗེས་སུ་སློབ་གྲྭ་གསར་པ་ནང་ལ་སྤོས་རྗེས་ཁོང་གིས་བོད་ཡིག་སློབ་ཁྲིད་གནང་བ་རེད། དེ་ནས་བཟུང་ཤེས་ཡོན་ལ་དགའ་མཁན་གྱི་སློབ་མ་ཞིག་ཡིན་ན་ཁོང་མི་དྲན་མཁན་ཞིག་ཡོད་མི་སྲིད་ལ། ཁོང་ནི་སློབ་གྲྭ་དེའི་ནང་གི་མི་སྣ་རྩ་ཆེ་ཤོས་ཤིག་གྱུར་ཡོད། དེའི་གོང་དུ་སྦིར་སློབ་གྲྭའི་ནང་བོད་ཡིག་དགེ་རྒན་དེ་འདྲ་ལ་འཛིན་གྲྭའི་ནང་སློབ་མ་ཚོས་བོད་ཡིག་ཡར་ནོར་བཅོས་བྱེད་དགོས་པའི་གནས་ཚུལ་ཡོང་གི་ཡོད་པ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ལ་ཁོང་གིས་བོད་ཡིག་སློབ་ཁྲིད་གནང་བ་དང་། དེ་ཡང་སློབ་མ་ཚོ་བོད་ཡིག་འབྲི་ཀློག་ཤེས་ཙམ་ཞིག་གི་དམིགས་ཡུལ་བཟུང་ནས་སླབ་པ་མ་ཡིན་པར་རྩོམ་པ་པོར་གསོ་སྐྱོང་བྱེད་རྒྱུའི་དམིགས་ཡུལ་ངེས་ཅན་ཞིག་གིས་འོག་ནས་ཁོང་གིས་འབད་བརྕོན་ཆེན་པོ་བྱེད་ཀྱི་ཡོད་པ་དེ་ངའི་ཡིད་ཀྱི་མིག་ལམ་དུ་ད་ཆ་ཡང་གསལ་པོ་འཁོར་གྱི་འདུག
འགན་ཁུར་ཡོད་པའི་དགེ་རྒན་སྤྱི་ལྟར། ཁོང་ནི་སློབ་སྦྱོང་ལ་བརྩོན་མཁན་གྱི་སློབ་མ་རྣམས་ལ་ཤིན་ཏུ་མཐོང་ཆེན་བྱེད་མཁན་ཞིག་རེད་ལ། སློབ་མ་ཞིག་གིས་ཡིག་ཚད་ཡག་པོ་ཞིག་བྱུང་བ་འམ་ཡང་ན་རྩོམ་ཡིག་ཅུང་ཙམ་ཡག་པོ་ཞིག་འབྲི་ཐུབ་དུས། དུས་དེ་ཙམ་ནས་གར་སོང་མེད་པར་གྱུར་ཚར་བའི་རྒྱ་དེའི་ཤུལ་གྱི་འགྲམ་པའི་ཤ་རྒོད་ཟུང་ནས་ཞི་ལྷོད་ཀྱི་ངང་ནས་ག་ལེར་ཕྱི་ལ་མངོན་ཡོང་བའི་བཅོས་མིན་གྱི་འཛུམ་མདངས་དེ་ཤར་ཡོང་གི་རེད། སློབ་མ་ཚོས་ཁོང་གི་མིང་འདོག་ལ་དབྱིན་ཇིའི་ཚིག་ཌིག་ཤུ་ནཱ་རེས་ཅེས་འབོད་ཀྱི་ཡོད་པ་དེ་ནི་ཁོང་གིས་དག་ཆ་མི་ཤེས་པའི་བོད་ཡིག་གི་མིང་ཚིག་གཅིག་ཀྱང་མེད་པ་ལྟ་བུ་ཞིག་རེད་འདུག་པ་དེས་རེད། སློབ་ཁྲིད་བྱེད་སྟངས་བྱང་ཆུབ་པ་དང་བྱེད་རྒྱུའི་རྒྱུ་ཆ་ཡིས་ཕྱུག་པ། སློབ་མ་ཚོར་ཤེས་ཡོན་སྤྲོད་རྒྱུའི་འདུན་པ་ཧ་ཅང་ཆེ་བ་བཅས་ཀྱི་རྒྱུ་མཚན་གྱིས་སློབ་མ་ཚོས་ཁོང་ལ་ཡིད་ཆེས་དང་གུས་ཞབས་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ང་ལ་མཚོན་ན། ཡིད་ཆེས་དེ་སློབ་གསོའི་ས་མཚམས་ལས་ཀྱང་བརྒལ་བ་ཞིག་ཡིན། ཁོང་གི་ལྷག་བསམ་དང་བོད་སྤྱི་ལ་བཅངས་པའི་འགྱུར་མེད་ཀྱི་བརྩེ་སེམས་དེས་ངའི་སེམས་ཁོང་དང་ཐག་ཉེ་པོར་ཁྲིད་སོང་།
ལོ་ཟླའི་ཁུག་པ་དང་དུས་ཀྱི་འཕོ་འགྱུར་གྱི་བརྒྱུད་ནས་ང་ལ་ངེས་ཤེས་སླེབ་པ་དེ་ནི། གངས་རི་དང་གཡག་རྟག་ཏུ་གླེང་མཁན་གྱི་མགོན་པོ་ཚེ་རིང་གི་ལང་ཕྱོགས་དེ་གཡག་རོག་པོའི་སྤུ་ལྟར་དེའི་ཁ་མདོག་འགྱུར་རྒྱུ་མེད་ལ་ཁོང་གི་ལྷག་བསམ་དེ་སྲིད་པའི་གངས་རྒན་གྱི་རང་མདངས་ལྟར་བཅོས་བཟོ་མི་དགོས་པའི་དཀར་པོ་ཞིག་རེད། སྦིར་སློབ་གྲྭ་དེ་ཕ་མ་སྤུན་ཉེ་ཚང་མ་བོད་ལ་བཞག་ནས་ཡོང་བའི་གངས་ཕྲུག་ཚོའི་ལྡ་ལིའི་ཁུ་བ་མཉམ་འཐུང་བྱེད་ས་དང་མང་ཆེ་བའི་དེ་སྔོན་མི་ཚེའི་ནང་མ་ཐོབ་བའི་ཤེས་བྱའི་སྒོ་མོ་མཉམ་ཕྱེ་བྱེད་ཡུལ་དེ་ཡིན་པ་བརྗོད་དགོས་ཀྱི་མེད་དེ། རིམ་གྱིས་སློབ་གྲྭ་དེ་སྐྱེས་ཕོ་ཡི་ལྷག་བསམ་གྱི་བློ་རྩ་སུ་བརྟན་གྱི་ཚད་མཇལ་ས་ཞིག་ཀྱང་ཆགས་པ་རེད་བསམ་གྱི་འདུག བོད་ནས་ཡོང་དུས་ཆོལ་ཁ་ཟེར་བའི་ཚིག་ཙམ་ཡང་གོ་མ་མྱོང་བའི་མི་མང་པོ་རྒྱ་གར་ནང་འབྱོར་རྗེས་ཆོལ་ཁའི་གདོང་ལེན་པ་དང་ཆོལ་ཁའི་འཐེན་འཁྱེར་གྱི་རྐང་འཛིན་པ་འམ། ཡང་ན་དེ་འདྲ་བའི་མིའི་ལག་འོག་ནས་རྒེར་གྱི་ཁེ་ཕེན་ལེན་མཁན་དེ་འདྲ་གྱུར་སོང་ཡང་རྒན་དམ་པ་དེའི་དམ་པའི་རང་ཚུགས་རི་ལྟར་གནས་ཡོད། དཔེར་ན་སྦིར་སློབ་གྲྭའི་ནང་རང་རང་ལ་ཁབ་དང་སྐུད་པ་ཙམ་ཡང་བརྩོད་རྒྱུ་མེད་པའི་སློབ་མ་ཉུང་ཤས་ཞིག་ཙི་ཀླད་ཅན་གྱི་བཙན་བྱོལ་ནང་གི་སྲིད་དོན་པ་ཁག་གཅིག་གི་ལག་ཆ་ལ་གྱུར་ནས་མིང་ངན་པའི་འཁྲུག་པ་དེ་བཟོས་སྐབས། མགོན་པོ་ཚེ་རིང་ངུ་བཞིན་པ་སློབ་མ་འགའ་ཤས་ཀྱིས་མཐོང་འདུག ཁོང་གི་རྒྱུན་དུ་གངས་ལྗོངས་ཀྱི་ཆེད་དུ་ཐག་རིང་བ་དང་རྒྱ་ཡངས་པའི་མིག་རྒྱང་དང་ལྟ་བ་དེ་ངས་གང་ལ་གང་འཚམ་ཤེས་སོང་བས་ཁོང་ངུས་པ་དེར་ང་ཡ་མཚན་མ་སོང་། ལོ་མང་པོས་རྗེས་སུ་ང་གཉིས་དངོས་སུ་མ་ཐུག་ཀྱང་ཁ་པར་ནང་སྐད་ཆ་ཤོད་དུས། ཁོང་གི་ལང་ཕྱོགས་དང་འཇིག་རྟེན་ལྟ་ཚུལ་དེ་སྔར་བཞིན་གནས་འདུག་ལ།ཁོང་དང་མཉམ་དུ་སྐད་ཆ་ཐེངས་རེ་ཤོད་དུས་གཞན་དབང་གི་ནད་ཤུགས་ཀྱིས་སྐྲངས་ལ་ཁད་བཟོས་པའི་ངའི་བསམ་བློའི་སྦུ་གུ་དེ་ཡངས་ཏུ་རེ་གཏོང་ཡོང་བའི་ཚོར་བ་རེ་ངའི་སེམས་ནང་བསླེབས་མྱོང་།
དེ་བཞིན་ང་ལ་མཚོན་ན།་དེ་སྔོན་ངས་བོད་ཡིག་ནང་རྩོམ་ཞིག་འབྲི་ཁུལ་བྱས་ན་མགོན་པོ་ཚེ་རིང་གིས་དག་བཅོས་བྱེད་ཀྱི་རེད་བསམ་ནས་འབྲི་གི་ཡོད། ད་རྐང་གཉིས་པའི་ཚིག་མཛོད་ཁྱོད་ཕྱིན་ཚར་བས་ངའི་རྩོམ་ཡང་དྭ་ཕྲུག་ཏུ་ལུས་ཏེ།དྲན་ཐོ་འདི་འབྲི་བའི་སྐབས་སུ་ངའི་དག་ཡིག་ཞིག་གི་ཤོག་ལྷེ་རྣམས་རྫོགས་གྲབས་བྱས་སོང་ཡང་ད་དུང་ཡང་ཡིག་ནོར་མང་པོ་ཞིག་ཡོད་པ་ཐག་ཆོད།
རྒན་མདའ་ཚན་པ་མགོན་པོ་ཚེ་རིང་ལགས། བཤམ་གྱི་ཚིག་ཉོག་ཐུང་ཐུང་འདི་ཁྱོད་ཕྱིན་ཚར་བ་གོ་བའི་ཕྱི་ཉིན་དེར་རང་གི་སེམས་ལ་རང་གིས་ལྟས་ནས་བྲིས་ཏེ་ངའི་ཉིན་དེབ་ནང་བཅུག་ཡོད།
ཁོལ་མོ་ལྟར་རྡེབ་པའི་བྱང་ཁོག་དབུག་རིང་གིས་བརྒྱངས།
གྲང་ལྷང་ལྷང་གི་སྤྲིན་ནག་སྙིང་རྩ་རུ་འཁྲིགས།
བློ་འགྱོད་ཀྱི་ཐོག་མདའ་རེ་རེ་སྙིང་ལ་ཕོག་དུས།
ཁྲ་ཆུང་ཟུང་ལས་ཆུ་ཐིགས་རྒྱག་ལ་ཁད།
རྒན་མགོན་པོ་ལགས། ཁྱོད་ཁ་སང་ཕྱིན་ཚར་ལེ་དེ་རིང་ངས་གོ་བྱུང་། ཁྱོད་མ་སོང་གོང་ལ་ཐུག་པར་ཡོང་རྒྱུའི་བསམ་བློ་ངོ་མ་ཡོད་དེ་རྟག་པར་ལེ་ལོ་ཡིས་བཙན་སྣོན་འོག་གནས་པའི་ངའི་བསམ་ཟུར་དུ་འདི་འདྲ་ཞིག་ཡོང་གི་རེད་སྙམ་ནས་ཞེད་ནས་སྡད་པ་ཡིན། ད་ང་རང་གི་མ་འཇོན་པའི་མི་ཚེའི་ལེའུའི་ནང་རྡོ་ལས་བཟོས་པའི་ཤོག་ལྷེ་ཞིག་འཇུག་རྒྱུ་ལས་ཐབས་གཞན་ཅི་མེད། ཡིན་ན་ཡང་ཁྱོད་ཀྱིས་ངས་མི་དྲན་པའི་འཇིག་རྟེན་གྱི་བར་མཚམས་དེ་ནས་སྟོབས་རྩལ་ཞིག་བླངས་ནས་གངས་ལྗོངས་འདིའི་ཆེད་དུ་འཕྲོ་ལུས་པའི་བྱ་བ་དེ་བྱེད་པར་སླར་ཡང་ཀླད་པའི་རྩ་ལག་མ་ནོར་བའི་མགོ་ནག་མི་ཞིག་གི་ལུས་རྟེན་ནང་ཞུགས་པའི་སྨོན་ལམ་འདེབས།། །།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php