ཕྱིར་དྲན་ཁྲོད་ཀྱི་མགོན་པོ་ཕྱག་གཉིས་པ།

 

) དེ་ནི་དྷ་རམ་ས་ལར་རེད། རེད། དྷ་རམ་ས་ལར་རེད། ཕལ་ཆེར་ཕྱི་ལོ་ ༡༩༩༤།༩༥ ལ་ཡིན་ས་ཡོད། ང་དང་མཁས་དབང་ཟླ་བ་ནོར་བུ་མཉམ་དུ་དྷ་རམ་ས་ལའི་ཁྲོམ་སྲང་མྱུལ་དུས། ཇ་ཁང་ཞིག་ནས་མགོན་པོ་ཕྱག་གཉིས་པར་ཐུག་པ་རེད། དེ་དུས་ཀྱི་སྐད་ཆ་ཧ་ཅང་ཐུང་། མགོན་པོ་ཕྱག་གཉིས་པས་ལག་མགོའི་ཕྲེང་བར་འཕུར་བཞིན། ཁ་ནས་ཆོས་ལ་ངོ་རྒོལ་འདྲ་བོའི་སྐད་ཆ་འགའ་བཤད། ད་དུང་ཚེ་དབང་རྟ་མགྲིན་གྱིས་བསྒྱུར་བའི་བོད་ནང་ལོ་བདུན་ཞེས་པ་དེར་ཞུ་དག་བྱེད་བཞིན་ཡོད་ཟེར། རེད། དེ་ཙམ་རེད། དེ་ལས་གཞན་ཅི་ཡང་མི་དྲན།

) ང་ཡང་བསྐྱར་ཞིབ་འཇུག་གི་ཆེད་དུ་ཕྱི་ལ་ཐོན་དུས། མགོན་པོ་ཚེ་རིང་དང་ཐུག དེ་དུས་མེ་འཁོར་ནང་ལ་རེད། དེ་དུས་ཁོ་འབར་འདུག དངོས་གནས་འབར་འདུག དྷ་སའི་ཆབ་སྲིད་པ་འགས། བུ་བསད་སོང་ཟེར། ཞིབ་ཏུ་འདྲི་དུས་དམངས་གཙོ་ཚགས་པར་བསད་སོང་ཟེར། ད་དུང་དམངས་གཙོ་ཚགས་པར་བསད་པར་འཁང་པའི་སྙན་ངག་ཅིག་ཀྱང་བྲིས་འདུག ལམ་ཐག་རིང་། མགོན་པོ་ཚེ་རིང་གི་སྐད་ཆ་མང་། ཁོས་བཤད་ཀྱིན་བཤད་ཀྱིན་དབུས་སྐད་དེ་ཨམ་སྐད་དུ་འགྱུར་འགྲོ་བས། ངས་མང་པོ་ཞིག་མ་གོ མང་པོ་ཞིག་དངོས་གནས་མ་གོ ཡིན་ནའང་། ངས་ཁོ་དམངས་གཙོ་ཚགས་པར་ལ་འབྲེལ་བ་ཡོད་པ་དང་། ལྗང་གཞོན་དུས་དེབ་ལ་དགའ་མཁན་ཞིག་ཡིན་པ་གོ །

) ཡུན་རིང་ཞིག་གི་རྗེས་སུ། མོན་ཀྲེ་རལ་གྱི་གྲོང་ཁྱེར་ནང་ནས་ང་ལ་ཡང་བསྐྱར་མདའ་ཚན་པ་ཐུག ངེད་གཉིས་ཀྱིས་འཚིག་ཇ་འཐུང་བཞིན་སྐད་ཆ་བཤད། ངས་ཁོ་ལ་རྒྱ་ཡིག་གི་དྲ་ལམ་དུ་ཡོང་དགོས་པར་བརྗོད། ཁོས་ང་ལ་བོད་ཡིག་གི་དྲ་ལམ་དུ་ཤོག་ཟེར། འཚིག་ཇ་འཐུང་བཞིན་ངེད་གཉིས་ཀྱིས་རྩོད་པ་བརྒྱབ། ངས་ཆོས་ལ་དགག ཁོས་ཆོས་ལ་བདེན་ཁ་སྟེར། ད་དུང་ཁོང་གི་སྐེ་ལ་ཕྲེང་བ་ཡང་གྱོན་འདུག

) དེ་ནས་བཟུང་། སྐབས་འགར་ངེད་གཉིས་ཁ་པར་ནང་ཁ་བརྡ་གློད། ང་གཉིས་ཀྱི་རྩོད་ས་གཙོ་བོ་དེ་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་ཆབ་སྲིད་ཀྱི་གནས་བབས་རེད། སྐབས་མང་པོས་མགོན་ཚེས་ང་ལ་ཁ་པར་བཏང་ཡང་ངས་མ་བླངས། རྒྱུ་མཚན་གཞན་མེད། ཁོའི་སྐད་ཆ་ཧ་ཅང་རིང་བས་རེད། ཐ་ན་ང་ལ་སྐད་ཆ་ཤོད་པའི་གོ་སྐབས་ཀྱང་སྤྲོད་དཀའ། ངས་ཁ་པར་གྱི་སྒྲ་ཕྱི་ལོགས་ནས་གོ་ཐུབ་པ་བཟོས་ཏེ། འོ་རེད། ཡ་ཡ། བདེན་པ་རེད། ལྟ་བུ་ལབ་བཞག་ན། ཁོས་བཤད་ཀྱི་རེད། མུ་མཐུད་ནས་བཤད་ཀྱི་རེད། བཤད་པ་ཚང་མ་བོད་ཀྱི་སྤྱི་དོན་རེད། བཤད་པ་ཚང་མ་བོད་ཀྱི་དོན་དག་རེད།

) དེ་རིང་མགོན་པོ་ཕྱག་གཉིས་པ་གཤེགས་སོང་ཟེར། ངས་ཁོ་ལ་ཁ་པར་མ་བཏང་བར་ཡུན་རིང་སོང་བ་འདྲ། ཁོས་ང་ལ་ཁ་པར་མ་བཏང་བའམ། གཏང་མ་ཐུབ་པར་ཡུན་རིང་སོང་བ་འདྲ། རེད། ལོ་གསར་གྱི་ཁམས་འདྲི་དེ་མ་གཏོགས་གཞན་གང་ཡང་བྱུང་མ་སོང་།
གཟུགས་ཆུང་ཞིང་། ཨ་ར་མང་བ། མིག་ལ་གྲུང་ཤ་ཆེ་བའི་མགོན་པོ་ཚེ་རིང་མི་གཅིག་ལག་གཉིས་ལས་མེད་མཁན་དེ་ངས་བརྗེད་མི་སྲིད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་ནག་པོ་དེ་རྩ་བ་ནས་སྤངས་ཏེ་ཆུ་ཚོད་ནས་ཆུ་ཚོད་བགྲོ་གླེང་ཤ་ཐིམ་རུས་ཐིམ་བྱས་པ་དེ་ཚོ་ངས་བརྗེད་མི་སྲིད།། །།

མཚམས་སྤྲིན་སེར་པོར་རྒྱང་ལྟ་བྱེད་བཞིན་ཁྱེད་ཀྱི་ཨུ་ཚུགས་གཤིས་དེ་དྲན།།
གཙང་ཆུ་དྭངས་མོར་ལག་པས་རེག་བཞིན་ཁྱེད་ཀྱི་ངང་རྒྱུད་རིང་མོ་ཚོར།།
གཏམ་ངན་ཐོས་པའི་ཉིན་ནག་འདི་ལ་དབེན་གནས་འདི་ནས་སྤོས་ཤིག་སྤར།
ཁང་གསར་རྒད་པོར་དད་པ་མེད་ཀྱང་ཁྱེད་ལ་ཕན་ན་ཆོས་ཤིག་བྱེད།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php