སྙན་ངག་པ་ཞིག་ལ་ཕུལ།

རེབ་ཐོག་མདའ།

 

ཁ་སང་བདག་དང་ཆ་མེད་དུ་སྣང་བའི
སྙན་ངག་པ་ཞིག
སྨྱུག་གུ་དང་དུས་གཏན་དུ་གྱེས་སོང་རབས་ཟེར
སྙན་ངག་པ
མེ་ཏོག་གི་རྨི་ལམ་འཐུ་བའི་རྩྭ་ཐང་གི་རྫི་བོ་ཡིན་ལ
ཀ་མད་སུམ་ཅུའི་རྣམ་ཤེས་རུམ་པའི་ཁེར་རྐྱང་གི་ཟླ་བ་དཀར་པོ་ཡིན
སྙན་ངག་པས
ཚོར་བ་ཞིག་ནང་རོལ་ན་སྨིན་པའི་བརྕེ་བ་ངོ་མ་འབྲི་ཤེས་ལ
དུངས་པ་ཞིག་གི་མིག་ཟུང་ན་ལྷུང་གིན་པའི་མིག་ཆུ་དེའི་རྒྱབ་ལྗོངས་ཡང་གླེང་མྱོང
སྙན་ངག་པ
སྨྱུ་གུ་ལྟ་བུའི་ཚེ་སྲོག་ཞིག་བཟུང་ནས
ཤོག་བུ་ལྟ་བུའི་རྣམ་ཤེས་དེའི་བར་ནས
རང་ཉིད་རྒས་ཀྱིན་པ་མི་ཤེས་ལ
རང་ཉིད་རྫོགས་ཀྱིན་པ་ཡང་མི་ཤེས
དེར་བརྟེན
སྙན་ངག་པ   འཇིག་རྟེན་འདིར་ཁུ་སིམ་གྱིས་སླེབས་སྲིད་ལ   ཁུ་སིམ་གྱིས་གྱེས་སྲིད
ཡིན་ཡང་   སྨྱུ་རྕེ་ན་བཞུར་གྱིན་པའི་ཀ་ཁ་སུམ་ཅུ
ཤོག་ངོས་ན་གཉིད་དུ་ཡེར་བའི་ཐ་སྙད་གསོན་པོ་དེ་དག
དུས་ནམ་ཡང་བརྗེད་མི་སྲིད་ལ
བོར་ཡང་མི་སྲིད

 

དགེ་རྒན་མགོན་པོ་ཚེ་རིང་མཆོག་ལ་རྗེས་དྲན་དུ་ཕུལ།

སོག་མདའ།


ཀ་མད་སུམ་བཅུའི་བརྡར་ཤ་གཅོད་པའི་བདག་གི་དགེ་རྒན་བཀའ་དྲིན་ཅན།།
ཁ་བཤད་དོན་གྱི་གཏམ་ལ་གནས་པའི་འགྱུར་མེད་བུ་རྒོད་མདའ་ཚན་པ།།
ག་ལེར་འདི་ལྟར་གཏན་ཏུ་གྱེས་པའི་མི་འདོད་སྐྱོ་དབྱངས་ཐོས་ཙ་ན།།
ང་ཡི་སྙིང་ཆུང་དམར་བོ་ལྡིང་བཞིན་ཁྱེད་ཀྱི་བཞིན་དཔལ་སེམས་ལ་འཁོར།

ཅང་ཤེས་རྟ་ཕོའི་ཕ་སར་འབོད་པའི་གཡུ་སྒང་སོག་ཡུལ་ཕྱུག་མོ་དེ།།
ཆ་ཡོད་རྒྱུས་ཡོད་དགེ་སློབ་ཡིན་པས་ཁྱེད་དང་ང་ཡི་ཕ་ས་རེད།།
ཇ་རིན་ཟས་རིན་མི་ཡུལ་བཞག་ཡོད་མི་ཡུལ་འགྲིམས་པའི་དམ་པ་མཆོག།
ཉིན་མོ་ལྟ་བུའི་འོད་ཀྱིས་བསྐྱངས་ཡོད་ང་འདྲའི་སློབ་བུ་རྒྱུ་སྐར་མངས།།

ཏ་ཐ་ག་ཏའི་བསྟན་ལ་ཞུགས་ནས་ཆོས་ཀྱིས་སེམས་རྒྱུད་མ་བཏུལ་ཀྱང་།།
ཐ་མལ་མིན་པའི་སྤྱོད་པ་བཟང་བོ་མི་བུ་ཀུན་གྱི་བསྔགས་ཞིང་བསྟོད།།
དུས་ཚིགས་དཔྱིད་ཀྱི་དྲོད་འཇམ་ཤར་ནས་མེ་ཏོག་སྤང་ལ་རྒྱས་དུས་སུ།།
ན་ཚོད་འགྲོ་བའི་དུས་ཚོད་མིན་ཀྱང་འདི་ལྟར་བཞུད་པ་ཧ་ཅང་ཕངས།།

པིར་འབྲི་སྟོང་གི་སྨྱུ་གུའི་རྩེ་ནས་ཉིད་ལ་རྗེས་དྲན་སྙན་ངག་བྲིས།།
ཕ་ས་དྲོན་པོས་གོ་ཁའི་མཐའ་ན་ཕ་མ་གཉིས་ཀྱི་མིག་ཆུ་ལྷུང་།།
བར་ཐག་ལེ་དབར་ཁྲི་ཡི་རྒྱང་ན་གྲོགས་མཆོག་དག་གི་མྱ་ངན་ཞུ།།
མི་བུ་ཁྱེད་ཀྱི་མི་ཡུལ་བཞག་པའི་རིན་ཐང་འདི་ཡི་གོང་ཚོད་མཐོ།།

རྩོམ་ཡིག་རིག་པའི་རྣམ་དཔྱོད་ཡོད་ཅེས་ཁ་བརྡའི་དྲ་བར་ཀུན་གྱིས་གླེང་།།
ཚམ་ཚོམ་མེད་པའི་རང་ཚུགས་བརྟན་པའི་སོག་རྒན་རྒད་པོར་ཀུན་གྱིས་འདོད།།
ཛ་དྲག་ནད་ཀྱིས་འདི་ལྟར་བཟུང་ཡང་ད་དུང་དུས་ཚོད་ནམ་ཡོད་ལ།།
ཝ་ལེར་རང་གི་ཡིད་ལ་ཤར་བའི་རྩོམ་རིག་གསེར་གྱི་སྐྱེད་ཚལ་བསྐྲུན།།

ཞེ་རྩ་རང་གི་བུ་ལ་ལོས་འཁོར་བཀའ་དྲིན་ཅན་གྱི་ཡབ་ཆེན་ཞིག།
ཟ་མ་ཟ་རོགས་ཆུང་མ་ལས་དུང་འདང་བརྩེ་ཅན་གྱི་བཟའ་ཚང་ཞིག།
འོད་ཟེར་འདྲ་བའི་ཕ་མ་ལོས་དྲན་མི་གཞི་ཡོད་པའི་བུ་ཕྲུག་ཅིག།
ཡུན་རིང་བྲལ་བའི་གྲོགས་པོ་ལོས་གླེང་སྐྱིད་སྡུག་འདྲེས་མའི་འགྲོ་རོགས་ཞིག།

རང་རིགས་ཡུལ་ལ་ཤ་ཞེན་ཆེ་བའི་ཞབས་རྗེས་གོར་མོ་རྡོ་ལ་བཀོད།།
ལ་རྒྱའི་གད་རྒྱངས་མཁའ་མཐར་བསྒྲེངས་ནས་ཀླ་ཀློའི་གླ་ཕོགས་རྒྱང་ལ་གཡུགས།།
ཤ་ཞེན་ཆེ་བའི་རང་ཚུགས་བཟུང་ནས་ཀ་ཁའི་སྲོག་ཤིང་བརྟན་པོར་བསྒྲེངས།།
ས་ཆེན་མང་པོ་ཞབས་ཀྱིས་བཅསག་པའི་དགེ་རྒན་མཆོག་ལ་རྗེས་དྲན་ཞུ།།

ཧ་ཅང་སྐྱོ་བའི་གདུང་དབྱངས་ལྷན་ལ་གཏན་ཏུ་གྱེས་པའི་དགེ་རྒན་མཆོག།
ཨ་ཕ་དང་མཚུངས་རིག་གནས་བསླབ་པའི་སེམས་ནས་གུས་པའི་དགེ་རྒན་མཆོག།
མི་རིང་སླར་ཡང་སོག་རྫོང་རྩྭ་ཐང་བཅུ་གཅིག་མདའ་ཡི་ཚན་པའི་ནང་།།
རིག་བཟང་སྐལ་ལྡན་འབྲོག་ཕྲུག་ཅིག་ཏུ་མྱུར་བར་སྐྱེ་བའི་སྨོན་ལམ་འདེབས།།

༢༠༡༣་༤་༧་ཉིན་རང་ཤག་ནས་གདུང་སེམས་དང་བཅས་བྲིས།།


དགེ་རྒན་དམ་པ་མགོན་པོ་ཚེ་རིང་མཆོག་ལ་རྗེས་དྲན་དུ་ཕུལ་ཞེས་པའི་སྐོར་ལ་མཆན་ ༣ བཀོད་འདུག

  1. ༡༽ ཨ་རིག་དགེ་མཐོང་ནས། 

    དངོས་གནས་ཁྱེད་ལྟ་བུའི་སློབ་བུ་སྙུག་འཛིན་པ་ཁྲེལ་ཡོད་རེ་ཡོད་ན་དོན་སྙིང་འདུག ཁོང་ནི་ང་ཚོའི་མིག་ལྟ་བུའི་རྩོམ་པ་པོ་ཡིན་པ་རེད། བོད་ཀྱི་གྱོང་། ཕུལ་ཕྱོགས་གཅིག་པའི་གྱོང་རེད། འོན་ཀྱང་ངོ་མི་ཤེས། ཐུག་མ་མྱོང་། དྲ་གྲོགས་རང་ཡིན། རྩོམ་རིགས་ཁོ་ནས་འབྲེལ་བ་ལས་མེད།

  2. ༢༽ སོག་མདའ་ནས། 

    ཁོང་ནི་རྒྱ་གར་མ་ཡོང་སྔོན་ལ་བྲག་དམར་སློབ་གྲྭའི་ནང་དགེ་རྒན་བྱས་ཞིང་།དེའི་རྗེས་སུ་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་བྱས་ནས་ང་ཚོའི་འཛིན་གྲྭའི་ས་རྒྱུས་རིག་པའི་དགེ་རྒན་ཀྱང་བྱས་མྱོང་།ངོ་མའི་ཕངས་སེམས་སྐྱེ་བ་ཞིག་ཡིན
    རྣམ་དཔྱོད།རང་ཚུགས།མི་གཞི་ཕྱོགས་གང་ནས་བལྟས་ཀྱང་།གྲོགས་མཆེད་ཨ་རིག་དགེ་མཐོང་ལགས་ཀྱི་མཆན་འགའ་ཞིག་བཏབ་འདུག་པ་མཐོང་བའི་དགའ་བསྡད་ཡོད།ཐུགས་རྗེ་ཆེ།

  3. ༣༽ དྲི་མེད་ལྷག་བསམ་ནས། 

    ན་ཚོད་ཆུང་དུས་རིག་གཞུང་དོན་གཉེར་སློབ་གྲྭའི་སྒོ་ལ་ཞབས་རྗེས་བཀོད། །དར་ལ་བབ་དུས་ཚོར་བས་གདུང་ཏེ་སྙན་ངག་སྣ་ཚོགས་གླུ་རུ་གྱེར། །མ་འོངས་མི་རབས་བདེ་སྐྱིད་ཆེད་དུ་འཕགས་ཡུལ་འགྲིམས་ཤིང་སློབ་མ་བསྐྱངས། །ཚུགས་བརྟན་གཤིས་དྲང་ལ་རྒྱའི་རྒྱལ་པོ་རྒྱང་རིང་འདི་ནས་ཡང་ཡང་དྲན། །


༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php