ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་གཉིས་ཀྱི་ངོ་ཚབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གསེར་གྱི་གཟེངས་རྟགས་ཕུལ་བ། 

 

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རའི་མདུན་ཐང་དུ་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་ཆེན་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད། དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང༌། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་དབུས་ཤར་བྱང་ཆོས་རྗེ་རྣམ་གཉིས། ཕྱི་རྒྱལ་གྲོས་ཚོགས་ཁག་གི་སྐུ་མགྲོན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ས་གནས་འགོ་འཛིན་རྣམ་པ། ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པའི་སྐུ་ཚབ་དང། གདན་ས་གསུམ་གྱི་མཁན་ལས་རྣམ་པ། སེ་ར་བྱེས་སྨད་ཀྱི་དགེ་འདུན་རྣམ་པ། རྒྱ་བལ་འབྲུག་གསུམ་གྱི་དབུས་ཚོགས་བཅར་རྣམ་པ། གཞིས་ཆགས་གསར་འཛུགས་རྗེས་དྲན་ཆེད་ལུགས་བདེ་གཞིས་ཆགས་གཉིས་ཀྱི་བགྲེས་སོང་ལོ་ ༧༥ བརྒལ་བ། སློབ་གྲྭ་ཁག་གི་སློབ་ཕྲུག རྒྱ་ཆེའི་མང་ཚོགས་བཅས་མི་གྲངས་ཁྲི་ཚོ་བརྒལ་བའི་དབུས་སུ་བཙན་བྱོལ་བོད་གཞུང་གི་དབུས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། བཀའ་བློན་ཁྲི་པ། སྤྱི་འཐུས་ཚོགས་གཙོ་རྒན་གཞོན་རྣམ་གཉིས་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཚོགས་མགོན་དུ་ྋཞབས་སོར་འཁོད་མ་ཐག་མཛད་སྒོའི་ཐོག་མར་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་བཏང་རྗེས།  བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ྋགོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གསེར་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པར་ྋགོང་ས་མཆོག་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོས་དགྱེས་བཞེས་གནང་སྟེ་སེར་སྐྱ་མི་མང་ཡོངས་ལ་བཀའ་སློབ་སྩལ་དོན། 
     ཁྱེད་ཚོས་ངོས་ལ་གཟེངས་རྟགས་འདི་འདྲ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་དགའ་དད་སྤྲོ་གསུམ། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གནང་བ་ལས། འདྲ་ཆགས་པོའམ་ཡང་ན་མི་གནང་ཀ་མེད་ཐོག་ནས་གནང་བ་ཞིག་མ་རེད། ངོས་ཀྱི་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་ཀྱི་དུས་ཚོད་ཁྱད་པར་ཅན་འདིའི་ཐོག་ཀཱར་ནཱ་ཊཀ་མངའ་སྡེ་གཞུང་གི་བློན་ཆེན་མཆོག་ནས་ང་ལ་ཞྭ་མོ་འདི་གནང་སྐབས། མཁས་དབང་ཀུ་ཤཱི་ནར་འདས་པོ་ཡིད་ལ་དྲན་བྱུང༌། ཁོང་རྒྱ་གར་གྱི་གནའ་རབས་རིག་གཞུང་ལ་མཁས་པ་ཙམ་མ་ཟད། ཨོག་སེ་ཧྥོ་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་(Oxford Uiversity)
 ནས་སློབ་སྦྱོང་གནང་སྟེ་མཁས་པའི་མཚན་སྙན་ཐོབ་ཡོད། ངོས་ནས་དེ་འདྲ་བྱེད་ཐུབ་མེད་ཀྱང་ངོས་ཀྱིས་སློབ་སྦྱོང་བྱས་པའི་གཞུང་གི་རྩ་བ་ནི་དཔལ་ནཱ་ལེནྡྲའི་རྒྱ་གར་མཁས་པ་ཚོས་མཛད་པ་ཤ་སྟག་རེད། ཁོང་ཚོ་མང་ཆེ་བ་རྒྱ་གར་ལྷོ་ཕྱོགས་ནས་རེད། དེ་རིང་ངས་ཀྱང་རྒྱ་གར་ལྷོ་ཕྱོགས་ཀྱི་ཞྭ་མོ་ཞིག་གྱོན་རྒྱུ་བྱུང་བ་ཧང་ཅང་སྐལ་བ་བཟང་པོ་ཡིན།
     དེ་རིང་འདིར་རྒྱལ་ཁབ་མང་པོ་ཞིག་གི་སྐུ་མགྲོན་ཕེབས་འདུག ཁྱེད་ཚོ་ཕྱོགས་གཅིག་ནས་དུས་ཚོད་དཀོན་པོ་རེད་ལ། ཕྱོགས་གཞན་ཞིག་ནས་ཆབ་སྲིད་ཀྱི་གནོན་ཤུགས་ཀྱང་ཡོད་པ་རེད། འོན་ཀྱང་བདེན་པར་རྒྱབ་སྐྱོར་བྱེད་པར་སྙིང་སྟོབས་དང༌། འཛེམ་ཟོན་མེད་པར་དྲང་བདེན་གྱི་ལངས་ཕྱོགས་བརྟན་པོ་དགོས་པ་རེད། དེ་རིང་ཁོང་རྣམ་པའི་གསུང་བཤད་ཧ་ཅང་དོན་སྙིང་ལྡན་པ་དང༌། སྐབས་བབ་ཀྱི་གནས་ཚུལ་ཐོག་ལ་ཏག་ཏག་ཕོག་པ་གསུངས་སོང༌། དངོས་གནས་སེམས་ཤུགས་སྐྱེས་དགོས་པ་ཞིག་དང༌། ང་ཚོའི་བདེན་པའི་གནས་ཚུལ་ཇེ་གསལ་ཏུ་བཏང་སོང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོ་ཁ་ཤས་ཤིག་ངོ་ཤེས་རྙིང་པ་རེད། ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཆེ་ཁག་དང་ལོ་སྟོང་ཕྲག་རིང་གི་གཙུག་ལག་སློབ་གཉེར་ཁང་ཡོད་ས་ཞིག་ཏུ་ང་ཚོ་འཛོམས་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ ༥༡ རིང་བོད་པའི་ཆོས་དང་རིག་གཞུང༌། མདོར་ན་རང་ཉིད་ཀྱི་མི་རིགས་གཙང་མ་གནས་ཐུབ་པའི་ཆེད་དུ་གཞིས་ཆགས་ཁག་དང་སྤྱི་པའི་སྒྲིག་འཛུགས་བཙུགས་པ་རེད། བོད་རིགས་ན་གཞོན་ཕོ་མོ་ཚོ་ལུས་པོ་འཚར་ལོངས་བྱུང་བ་དང་ཆབས་ཅིག་སེམས་ཀྱི་འཚར་ལོངས་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་ལ། འདི་དང་མཉམ་དུ་བོད་པའི་རྣམ་པ་ཆ་ཚང་མ་བརླག་པར་ད་བར་བསྲུངས་ཐུབ་ཡོད། རྒྱ་གར་ཙམ་དུ་མ་ཟད་ཡུ་རོབ་དང་ཨོ་སི་ཁྲི་ལེ་ཡ་སོགས་སུ་བོད་པ་བརྒྱ་ཕྲག་དང་སྟོང་ཕྲག་ཡོད་པ་ཕལ་ཆེ་བས་ད་བར་སོ་སོའི་མི་རིགས་ཀྱི་རྣམ་པ་བཟུང་ནས་བསྡད་ཡོད། བོད་སྐད་ཤེས་མིན་གྱི་དཀའ་ངལ་ཕྲན་བུ་ཡོད་ཀྱང༌། རྩ་བའི་བོད་པ་ཡིན་སྙམ་པའི་འདུ་ཤེས་དང༌། བོད་པའི་རང་དབང་འཐབ་རྩོད་ཀྱི་སེམས་ཤུགས་ཧ་ཅང་ཤུགས་ཆེན་པོ་འདུག བོད་པའི་མི་རབས་བརྗེ་འགྲོ་གི་ཡོད༌། འོན་ཀྱང་བོད་པའི་རིག་གཞུང་དང་འཚེ་མེད་ཞི་བའི་ལྟ་གྲུབ། བྱམས་བརྩེ། བདེན་པའི་འཐབ་རྩོད་སོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་གཏན་འཁེལ་རེད། 
 
     བོད་ནང་ལ་མཚོན་ན་ཡང་དཀའ་ངལ་དཔག་ཏུ་མེད་པ་ཡོད་ཀྱང༌། ཇི་ཙམ་གྱི་འཇིགས་སྐྲག་ཡོད་པ་དེ་ཙམ་གྱིས་མི་རིགས་ཀྱི་ལྟ་བ་ཇེ་བརྟན་དུ་འགྲོ་བཞིན་འདུག བོད་པར་རྒྱབ་སྐྱོར་བྱེད་མཁན་ཚོ་ཕྱོགས་སུ་ལྷུང་སྟེ་རྒྱབ་སྐྱོར་བྱས་པ་མ་རེད། བོད་པའི་འཐབ་རྩོད་ཀྱི་བདེན་པ་ལ་རྒྱབ་སྐྱོར་བྱས་པ་རེད། ཁྱེད་ཚོས་ད་བར་རྒྱབ་སྐྱོར་གནང་བ་དེས་བོད་མིའི་སེམས་ཤུགས་གོང་ནས་གོང་དུ་འཕེལ་བར་ཕན་ཡོད་ལ། འཛམ་གླིང་མི་མང་ལ་བོད་པའི་བདེན་དོན་རྟོགས་པར་ཕན་ཐོགས་བྱུང་ཡོད། འཛམ་གླིང་སྤྱིའི་འགྱུར་འགྲོས་དང་བསྟུན་ཏེ་རྒྱ་ནག་ལ་ཡང་འགྱུར་བ་འགྲོ་བཞིན་ཡོད། ཉེ་བའི་ཆར་རྒྱ་རིགས་ཤེས་ལྡན་མི་སྣ་ཙམ་དུ་མ་ཟད་གུང་ཁྲན་ཏང་གི་ཆབ་སྲིད་དབང་འཛིན་པའི་ནང་དུའང་ཆབ་སྲིད་ཀྱི་འགྱུར་བ་ཞིག་དགོས་པ་དང༌། མི་རིགས་སྲིད་ཇུས་ལ་བསྐྱར་ཞིབ་དགོས་ཀྱི་འདུག་ཟེར་མཁན་ཇེ་མང་རེད། དེ་ནི་འགྱུར་བ་ཆེན་པོ་ཞིག་རེད། བོད་པའི་གནས་ཚུལ་ལ་ད་བར་འགྱུར་བ་མ་ཕྱིན་པ་ནི་ང་ཚོའི་འཐབ་རྩོད་འདི་བདེན་པ་ཉག་གཅིག་ཡིན་པས་རེད་ལ། འདི་ནི་ང་ཚོའི་ནུས་པ་དང་སྟོབས་ཤུགས་ཡིན། མེ་མདའ་དང་དྲག་པོའི་སྟོབས་ཤུགས་དེ་འཕྲལ་སེལ་ཙམ་ཡིན་པ་འཛམ་གླིང་གྱི་སྡིངས་ཆའི་སྟེང་གསལ་པོ་ཆགས་ཡོད། བདེན་པའི་གནས་ཚུལ་ཐོག་འཐབ་རྩོད་བྱེད་པའི་ནུས་པ་དེ་ནམ་ཡང་བརླག་རྒྱུ་མེད། ཁྱེད་ཚོ་བོད་པར་རྒྱབ་སྐྱོར་གནང་མཁན་ཚོའི་སེམས་ཤུགས་མ་ཆག་པར་ད་ལྟ་བཞིན་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ལ། བོད་མི་ཚོར་ཡང་ད་ལྟ་བཞིན་སེམས་ཤུགས་བསྐྱེད་དེ་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན། 
 
     དེ་རིང་གི་སྐུ་མགྲོན་ཚོར་ཞུ་འདོད་པ་ཞིག་ལ། ཁྱེད་རང་ཚོ་འདིར་ཕེབས་ཏེ་དགོན་པ་ཁག་གི་འཛུགས་སྐྲུན་མཐོང་སྐབས། བོད་པ་ཚོ་ཕྱུག་ཐག་ཆོད་འདུག་དྲན་སྲིད། ངས་ནམ་རྒྱུན་དགོན་པ་གྲྭ་ཚང་ཁག་རྒྱས་སྤྲོས་བྱས་ན་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང༌། ཁོ་རང་ཚོར་སྦྱིན་བདག་རག་སྟེ་སྦྱིན་བདག་གིས་འགྲོ་སོང་བཏང་བ་རེད། དེར་བརྟེན་ངོས་ལ་ཐབས་ཤེས་མེད། འོན་ཀྱང་ཁྱེད་རང་ཚོས་དགོན་པར་བལྟས་ཏེ་གཞིས་ཆགས་ཡོངས་ལ་དཔེ་འགེབས་བྱ་རྒྱུ་ཡོད་པ་མ་རེད། ས་ཆ་རེ་ཟུང་ནང་ཉམ་ཐག་སྐྱོ་པོ་མང་པོ་ཡོད། ངོས་རང་ད་ནང་གནམ་གྲུའི་ནང་ཡོང་སྐབས། དགོན་པ་གྲྭ་ཚང་ཁག་ཧ་ཅང་གྲ་རྒྱས་པོ་འདུག་ཀྱང༌། ཞིང་ཁའི་དཀྱིལ་ལ་གནའ་སྔ་མོའི་ཁང་པ་རེ་ཟུང་མཐོང་རྒྱུ་འདུག གཞིས་མགོ་དང་ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གིས་མི་ཚང་སྐྱོ་པོ་དག་ལ་ལྟ་རྟོག་ཡག་པོ་མ་བྱས་ན་ཁྱོན་ནས་འགྲིག་གི་མི་འདུག ཕ་མ་རྒས་གཅོང་དང༌། བུ་ཕྲུག་དབང་པོ་སྐྱོན་ཅན་སོགས་ལྷག་ཡོད་རིགས་ལ་དམིགས་བསལ་གྱི་དོ་སྣང་བྱས་ཏེ། ལྟ་རྟོག་ཡག་པོ་མ་བྱས་པར་སྐྱབས་མེད་མགོན་མེད་དུ་ལྷག་པ་ཡིན་ན། ང་ཚོའི་སྤྱི་ཚོགས་འདི་བྱམས་སྙིང་རྗེའི་སྤྱི་ཚོགས་ཤིག་ཡིན་ཟེར་བ་དེ་དོན་ལ་མ་གནས་པ་རེད། ཁྱེད་ཚོ་དགོན་པ་གྲྭ་ཚང་དངུལ་ཅུང་ཟད་ཡོད་པ་ཚོར་དཀའ་ངལ་ཅན་ལ་ལྟ་རྟོག་བྱ་རྒྱུའི་ལས་འགན་ཡོད། དགོན་པ་འཛུགས་སྐྲུན་དང་ཆབས་ཅིག་སློབ་གཉེར་ལ་ཤུགས་རྒྱག་དགོས་པ་རེད། དེ་དང་མཉམ་དུ་ཉེ་འཁོར་གྱི་མི་ཚང་སྐྱོ་པོའི་རིགས་ལ་རོགས་རམ་བྱས་ན། ད་གཟོད་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པ་རེད། ཁྱེད་ཚོ་དགོན་པ་གྲྭ་ཚང་ཁག་ལ་སྦྱིན་བདག་མང་པོ་འདུག ཁོང་ཚོར་འབོད་སྐུལ་བྱས་ཏེ་མི་ཚང་སྐྱོ་བོའི་རིགས་ལ་རོགས་རམ་བྱ་དགོས། ཞེས་བཀའ་སྩལ།། །

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php