The Dalai Lama on Death of Osama


༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་གཙོས་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་དད་ལྡན་ནང་ཆོས་དོན་གཉེར་བ་རྣམས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཐེ་ཝན་དད་ལྡན་ཆོས་ཞུ་བའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་ཕོ་བྲང་ནས་གདན་ཞུ་སྐབས་ཆོས་རའི་མདུན་ཐང་དུ་ཐེ་ཝན་དམངས་ཁྲོད་ཀྱི་རོལ་དབྱངས་ཚོ་ཁག་ཅིག་ནས་རོལ་དབྱངས་ཀྱིས་ཕེབས་བསུ་དང་སྦྲགས། བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་དེར་འདུས་ཐེ་ཝན་དད་ལྡན་ཆོས་ཞུ་བ་ ༩༥༠ གཙོ་བོར་འགྱུར་པའི་ཕྱི་རྒྱལ་ཡུལ་གྲུ་ཁག ༥༢ ནས་བཅར་བའི་ཆོས་ཞུ་བ་ ༡༢༠༠ དང་རང་རིགས་བཅས་ཁྱོན་མི་གྲངས་ ༥༥༠༠ བརྒལ་བར་ཐོག་མར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་དོན།  ད་རེས་ཁྱེད་རང་ཚོ་གཙོ་བོ་ཐེ་ཝན་ནས་ཡོང་མཁན་ཚོར་བཀའ་ཆོས་བྱེད་རྒྱུ་རེད།

ཕྱོགས་མཐའ་ནས་ཡོང་མཁན་ཁྱེད་རང་ཚོ་ཚང་མར་དགའ་བསུའི་འཚམས་འདྲི་ཡོད། དེ་བཞིན་དུ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཆོས་གྲོགས་ཚོ་དང་བོད་མི་བཙན་བྱོལ་བ། དེ་བཞིན་བོད་ནས་གསར་དུ་འབྱོར་བ་ཁག་གཅིག་ཡོད་ས་རེད། ཁྱེད་རང་ཚོ་ཚང་མ་དེ་རིང་འདིར་ཉིན་གསུམ་དང་ཕྱེད་ཀ་ཙམ་གྱི་རིང་ཀུན་སློང་ཡག་པོ་གཅིག་གསོལ་བཏབ་ནས་ཉན་རྒྱུ་གཅིག་དང། ངོས་ཀྱི་ངོས་ནས་ཡིན་ནའང་བསམ་པ་རྣམ་དག་ཐོག་ནས་གསོལ་བཏབ་ནས་འཆད་རྒྱུ་ཡིན།  དེ་ལྟ་བུའི་ཆོས་འཆད་པ་དང་ཉན་པ་གནད་དུ་འཁེལ་བ་ཞིག་བྱུང་བ་ཡིན་ན། ང་རང་ཚོའི་སེམས་རྒྱུད་ལ་བག་ཆགས་བཟང་པོ་ཞིག་འཇོག་ཐུབ། བག་ཆགས་བཞག་ཟེར་ནས་མཐོང་རྒྱུ་མེད་པ་ཙམ་མིན་པ་བསམ་བློ་དང་ལྟ་སྟངས་གསར་པ་ཞིག་སླེབས་པ་དེས་རྐྱེན་བྱས་ནས་མི་ཚེའི་ནང་ལ་འགྱུར་བ་འགྲོ་རྒྱུ་ཏན་ཏན་ཡོང་ཐུབ་ཀྱི་རེད་ཅེས་བཀའ་སྩལ།

དེ་རིང་འདིར་སྔ་མོ་ནས་རྒྱ་ཡིག་ནང་ཡོད་པའི་ཆོས་དབྱིངས་བསྟོད་པ་འཆད་རྒྱུ་ཡིན་ཞེས་བཀའ་སྩལ་བ་དང་སྦྲགས་ཆོས་འབྲེལ་དབུ་འཛུགས་མཛད་དོན།
ཆོས་ཟེར་བའི་ཐ་སྙད་དེ་ལེགས་སྦྱར་ནང་དྷར་མ་བརྗོད་ཀྱི་ཡོད། དྷར་མའི་དོན་ནི་འཛིན་པའམ་སྐྱོབས་པའི་དོན་ཡིན། སྐབས་འདིར་ཕལ་ཆེར་སྐྱོབས་པའི་དོན་ལ་གོ་བ་ཆེ་བ་ཡོད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་ཀྱི་ཡོད་པ་དེར་རྒྱུ་མཚན་བཀོད་མི་དགོས་པ་ཞིག་ཡིན།  སྡུག་བསྔལ་དང་བདེ་བའི་རྒྱུ་དེ་བཞིན་རྐྱེན་ལ་བསམ་བློ་བཏང་ནས་དགོས་པའི་བདེ་སྐྱིད་གོང་ནས་གོང་དུ་འཕེལ་ཐུབ་པ་ཞིག་དང་མི་འདོད་པའི་སྡུག་བསྔལ་ཇེ་ཉུང་ཇེ་ཉུང་དུ་འགྲོ་ཐུབ་རྒྱུའི་དམིགས་ཡུལ་དང་དགོས་པ་དེ་འདྲ་ཞིག་ངོས་བཟུང་བའི་ཐོག་ནས་ཆོས་ཉན་བཤད་ཚུལ་བཞིན་དུ་བྱེད་རྒྱུ་ཡོང་དགོས་ཞེས་སོགས་བཀའ་སློབ་སྩལ། ཡང་མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་གཞན་གྱི་ལྟ་གྲུབ་དང་སྦྲགས་ནས་བཀའ་སྩལ་དོན།  ད་ལྟ་དུས་རབས་ ༢༡ ནང་ཕྱི་དངོས་པའི་མཐུན་རྐྱེན་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཀྱང་དངོས་པོའི་མཐུན་རྐྱེན་གཅིག་པུས་ཡིད་མ་འཚིམས་པར་གནས་ཡོད། སེམས་ཀྱི་དཀའ་ངལ་དེ་ཕྱི་དངོས་པོའི་མཐུན་རྐྱེན་གྱིས་སེལ་ཐུབ་ཀྱི་མེད།  སེམས་ཀྱི་དཀའ་ངལ་སེལ་ཆེད་བློ་འཇོག་ས་གཅིག་དགོས་ཀྱི་ཡོད། ད་ལྟ་དུས་རབས་ ༢༡ ནང་ཆ་བཞག་ནའང་ཆོས་ལུགས་རིས་མེད་དེ་དག་གིས་སེམས་ཀྱི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོང་གི་ཡོད།  དེ་ལྟ་བུའི་ཆོས་ལུགས་དེ་ཚོའི་ནང་སྡེ་ཚན་གཉིས་ཕྱེ་དགོས།

ལྷ་གསོལ་ཀླུ་གསོལ་བྱེད་རྒྱུ་ལྟ་བུ་དེ་ཚོའི་གྲས་ལ་ལྟ་གྲུབ་གང་ཡང་མེད། ལྟ་གྲུབ་མེད་མཁན་རིགས་གཅིག་དང་ལྟ་གྲུབ་ཡོད་མཁན་རིགས་གཅིག་ཡོད། ལྟ་གྲུབ་ཡོད་མཁན་གྱི་རིགས་དེའི་ནང་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་སྡེ་ཚན་གཅིག་དང་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་སྡེ་ཚན་གཅིག་ཡོད། ཧིན་དྷུ་མང་པོ་ཞིག་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་འདུག དེ་བཞིན་ཡི་ཤུ་དང། ཁ་ཆེ། ཇིའུ་བཅས་དེ་ཚོ་གྲས་མང་པོ་ཞིག་གིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་འདུག  གྲངས་ཅན་ལྷ་མེད་པ་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། དེ་ནས་ (Jain) གཅེར་བུ་བས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། དེ་བཞིན་སངས་རྒྱས་པའི་ཆོས་ནང་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། དུས་རྒྱུན་ངོས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གསུམ་འཇོག་གི་ཡོད། དེ་རིང་ཏའོ་ཅའོ་རྩིས་ཏེ་བཞི་ཆགས་སོང། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ནང་ལའང་ཕལ་ཆེར་ཧིན་དྷུའི་བྲམ་ཟེ་ཆོས་བརྒྱུད་དེ་འདྲའི་ནང་རིགས་གཅིག་གི་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་ཐོག་ནས་ལས་འབྲས་ཀྱི་རྣམ་གཞག་དེ་ཡོད་པ་བྱས། དོན་དག་མཐར་གཏུག་ན་ཚངས་པས་བཀོད་པ་རེད་ཅེས་པའི་ཐོག་འཇིག་རྟེན་བཀོད་པ་པོ་འདོད་པ་དེ་ལྟ་བུའི་སྡེ་ཚན་གཅིག ཡི་ཤུ་དང་ཁ་ཆེའི་ཆོས་དེ་ཚོའི་གྲས་ཚེ་འདི་ཁོ་ན་དཀོན་མཆོག་གིས་བཀོད་པ་རེད། སྐྱེ་བ་སྔ་ཕྱིའི་སྐད་ཆ་དེ་མེད། ལས་འབྲས་ཕལ་ཆེར་ཤོད་རྒྱུ་མེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དེ་དག་གིས་སེམས་ལ་བདེ་སྐྱིད་དང་རེ་བ་སྤྲོད་སྟངས་ཇི་ལྟར་སྤྲོད་ཀྱི་ཡོད་ཅེས་བརྗོད་ན། ཐམས་ཅད་འཇིག་རྟེན་བཀོད་པ་པོས་བྱེད་ཀྱི་ཡོད་ཅེས་སོགས་ཀྱི་སྔོན་འགྲོའི་གསུང་ཆོས་དང་དངོས་གཞི་བཅས་ཞོགས་པ་ཆོས་ཐུན་གཅིག་དང་ཕྱི་དྲོ་ཆོས་ཐུན་གཅིག་བཅས་སྩལ་ཡོད།།

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢ རེས་གཟའ་ཉི་མ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་དད་ལྡན་ཆོས་ཞུ་བ་ཚོར་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་བཀའ་ཆོས་ཉིན་གཉིས་པའི་སྔ་དྲོ་ཚོགས་ཐུན་དང་པོའི་ཐོག་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཉིན་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ་སྲུང་བརྩི་ཞུ་ཆེད་ངག་བཅད་སྐར་མ་གཅིག་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། དེ་རིང་མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་གྱི་དུས་དྲན་ཉིན་མོར་རྒྱལ་སྤྱིའི་ནང་འཚེ་མེད་ཞི་བདེའི་ཉིན་མོ་ཞེས་ཡོངས་གྲགས་སྲུང་བརྩི་ཞུ་བཞིན་ཡོད། འཚེ་མེད་ཞི་བ་དེ་བཞིན་ང་ཚོའི་ཉིན་རེའི་འཚོ་བའི་ནང་གལ་ཆེ་ཡིན་པ་མ་ཟད།  རྒྱལ་སྤྱིའི་ནང་རྒྱལ་ཁབ་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། ནམ་རྒྱུན་ཞི་བདེ་ཞེས་བརྗོད་སྐབས་ཚིག་གཅིག་བེད་སྤྱོད་བྱེད་རྒྱུའི་ལུགས་སྲོལ་ཆགས་འདུག ཞི་བདེ་དཀྲུག་མཁན་དེ་འཚེ་བ་རེད། འཚེ་བ་མེད་པ་ཞེས་པའི་ཚིག་དེ་ཤུགས་ཆེ་བ་འདུག དེ་རིང་འཚེ་བ་མེད་པའི་ཉིན་མོར་དེར་ངག་བཅད་སྐར་མ་གཅིག་བྱ་རྒྱུ་ཡིན།  ང་ཚོས་ངག་བཅད་བྱས་པ་གཅིག་པུ་མ་ཡིན་པར་གང་ལྟར་འཚེ་བ་ཞེས་པ་དེ་ཞེ་སྡང་དང་དངངས་སྐྲག་ལ་བརྟེན་ནས་ཡོང་གི་ཡོད། ཞེ་སྡང་དང་དངངས་སྐྲག་དེ་ཚོའི་རྩ་བ་ཐུག་ས་དེ་ཕྱོགས་གཅིག་ནས་ཐབས་ཀྱི་ཆ་ནས་རྩིས་པ་ཡིན་ན་བྱམས་བརྩེས་ཕོངས་པའི་རྐྱེན་གྱི་རེད། གཞན་ལ་བྱམས་པ་དང་བརྩེ་བ་ཡོད་ན་ཕྲག་དོག་དང་ཁོང་ཁྲོ་བྱེད་དགོས་རྒྱུ་མི་འདུག གཞན་ལ་བྱམས་བརྩེ་ཡོད་ན་གཞན་གྱིས་རང་ལ་ཕལ་ཆེར་བརྩེ་བ་བྱེད་ཀྱི་རེད། ཕར་བྱམས་བརྩེ་བྱས་ན་ཚུར་ཡང་བྱམས་བརྩེ་ཡོང་གི་རེད། ཕན་ཚུན་གཉིས་ཀར་བྱམས་བརྩེ་ལྡན་པ་བྱུང་ན་འཇིགས་སྣང་ཡོང་དགོས་རྒྱུ་མི་འདུག འཚེ་བ་ཡོང་སའི་རྙོག་གྲ་ཐུག་ས་དེ་འཇིགས་སྣང་དང་གཅིག གཞན་ལ་གནོད་སེམས་ཀྱི་ཞེ་སྡང་གི་བློ་དང་གཉིས་གཙོ་བོ་རེད། དེར་བརྟེན་ང་ཚོས་དེ་རིང་འདིར་ངག་བཅད་སྐར་མ་གཅིག་བྱེད་རིང་ག་ཚོད་ཐུབ་ཐུབ་ཀྱིས་བྱམས་བརྩེའི་བློ་ཞིག་སོ་སོའི་རྒྱུད་ལ་སྐྱེས། དེའི་སྟེང་སྣོན་མ་ཞིག་རྒྱག་ཐུབ་ན། ཁོང་ཁྲོ་ཟ་སྐབས་ཁོས་ང་ལ་གནོད་པ་བྱེད་ཀྱི་འདུག་ཅེས་འཇིགས་སྣང་སླེབས་དུས་ངར་འཇིགས་སྣང་སླེབས་རྒྱུའི་ངར་འཛིན་ཚུལ་ཁྱད་པར་བ་ཞིག་འདུག ང་ཙམ་མ་རེད། དེ་འདྲའི་ཆགས་སྡང་བློ་དེ་སྐྱེས་སྐབས་ངར་འཛིན་ལུགས་མི་འདྲ་བ་ཞིག་ཡོད་པ་དེར་ངར་འཛིན་ཟེར་གྱི་ཡོད། སྤྱིར་བཏང་ངའོ་སྙམ་པའི་བློ་ཙམ་ལ་ང་འཛིན་མིན། ངའོ་ཙམ་སྙམ་པའི་བློ་ཚད་མའི་བློ་ཡོང་གི་ཡོད། འོན་ཀྱང་ངར་འཛིན་སྟངས་མི་འདྲ་བ་ཞིག་འདུག ང་འཛིན་ཞེས་པ་དེ་ཕྱི་ཅི་ལོག་པའི་བློ་ཆགས་ཡོད། དེ་བཞིན་བདག་མེད་པའི་བསམ་པ་ཞིག་བློར་གང་ཙམ་སྒོམ་ན་ཁ་ནས་ངར་ཟེར་བའི་ཚིག་ཞིག་ཐོན་གྱི་ཡོད་ཀྱང་། ང་ཙམ་བློ་ལ་ཤར་ཡོང་དུས་འཛིན་པ་དང་པོ་བསྐྱེད་སའི་བློ་དེ་མེད་པའི་བསམ་པ་ཞིག་རིམ་པས་ཤར་རྒྱུ་ཡོང་གི་འདུག དེ་དྲན་པར་བགྱིས་ཨང།  ཞེས་བཀའ་སློབ་སྩལ་བ་དང་སྦྲགས་༸གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་དང་ལྷན་ངག་བཅད་སྐར་མ་གཅིག་རིང་མཛད་ཡོད། དེ་རྗེས་ཆོས་འབྲེལ་མུ་མཐུད་སྩལ་ཡོད་པ་བཅས།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php