The Call to Unite 

 

ཆིག་སྒྲིལ་འབོད་སྐུལ་ཚོགས་པས་གསོལ་འདེབས་ཞུས་ངོར་བསྩལ་བའི་གསུང་འཕྲིན།

 

 

 

གཉན་འཕྲང་ཆེ་བའི་དུས་སྐབས་འདིའི་ནང་། རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང། དཔལ་འབྱོར་ཉམས་རྒུད་ལ་བརྟེན་ནས་རྒྱལ་སྤྱིའི་གཞུང་ཁག་དཀའ་ངལ་ཤིན་ཏུ་ཆེན་པོའི་ནང་ལྷུང་བ་ཙམ་དུ་མ་ཟད། འགྲོ་བ་མི་ཧ་ཅང་མང་པོ་ཞིག་གི་འཚོ་གནས་ལ་བརྡབ་གསིག་ཆེན་པོ་ཐེབས་བཞིན་ཡོད།

དུས་སྐབས་འདི་འདྲར། ངེས་པར་དུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་གནས་བབ་ལ་བསམ་གཞིགས་ནན་པོ་བྱེད་རྒྱུ་དང་། འགྲོ་བ་མི་གཅིག་གྱུར་ཡིན་པའི་གཞི་རྩ་དེ་ལ་བརྟེན་ནས་བྱམས་བརྩེ་ལྡན་པའི་སྒོ་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས། དེང་སྐབས་རང་རེས་འཇིགས་སྣང་དང་རེ་བ། ངེས་གཏན་མེད་པའི་ཚོར་བ་གཅིག་མཚུངས་སུ་མྱོང་བཞིན་ཡོད་མོད། འོན་ཀྱང་བདེ་སྐྱིད་འདོད་པའི་འདུན་པས་རང་རེ་ཀུན་གཅིག་ཏུ་བསྒྲིལ་ནས་གནས་ཡོད། རང་རེ་འགྲོ་བ་མི་ལ་རྒྱུ་མཚན་ལ་བསམ་བློ་གཏོང་བའི་རྣམ་དཔྱོད་དང་དངོས་ཡོད་གནས་ཚུལ་མཐོང་བའི་ནུས་པ་ཡོད་པ་དེས་རྐྱེན་ངན་གྲོགས་ལ་བསྒྱུར་བའི་གོ་སྐབས་བསྐྲུན་གྱི་ཡོད།

ཐེངས་འདིའི་ནད་ཡམས་ཀྱི་འཇིགས་པ་དང་དེའི་མཇུག་འབྲས་ཀྱིས། དཀའ་ངལ་ཆེན་པོ་ཅི་འདྲ་ཞིག་དང་འཕྲད་ནའང་རྡོག་རྩ་གཅིག་སྒྲིལ་དང་མཉམ་སྦྲེལ་བྱེད་པ་ཁོ་ནས་གདོང་ལེན་བྱེད་དགོས་པར་སྟོན་གྱི་ཡོད།

 

གཅིག་སྒྲིལ་ལ་འབོད་སྐུལ་ཞེས་པའི་ཚོགས་པའི་ལས་འགུལ་ཁག་ལ་དང་ལེན་གནང་རྒྱུའི་རེ་སྨོན་བཅས། ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༢༠ ཟླ་ ཚེས་ ཉིན།

 

 

འཛམ་གླིང་གི་ཉིན་མོར་སྩལ་བའི་གསུང་འཕྲིན།

 

 

དེ་ཡང་འཛམ་གླིང་གི་ཉིན་མོ་སྲུང་བརྩིའི་ལོ་ངོ་ལྔ་བཅུ་འཁོར་བའི་སྐབས་འདིར།  གོ་ལ་འདིར་སྐྱེ་འགྲོ་སྤྱིའི་ཚེ་སྲོག་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ཤིག་འཕྲད་བཞིན་ཡོད། འོན་ཀྱང་། འདིར་གདོང་ལེན་བྱེད་པའི་སྐབས་སུ་གཞན་ཕན་གྱི་བྱམས་བརྩེ་དང་ཕན་ཚུན་དཔུང་གྲོགས་ཀྱི་རིན་ཐང་ཡང་གོང་མཐོར་འདེགས་བཞིན་ཡོད།   གོ་ལ་སྤྱི་ལ་ཁྱབ་པའི་ནད་ཡམས་འདིས་རིགས་རུས་དང་རིག་གཞུང་། དེ་བཞིན་ཕོ་མོ་སོགས་གང་གིའང་དབྱེ་བ་མེད་པར་ཀུན་ལ་མནར་བཞིན་ཡོད་སྟབས། ང་ཚོའི་གདོང་ལེན་གྱི་ནུས་པ་ཡང་གཅིག་ཏུ་བསྒྲིལ་ཏེ།  རང་གཞན་ཀུན་གྱི་མཁོ་དགུའི་རེ་བ་བསྐང་རྒྱུ་གལ་ཆེ།

སྤྱིར་སོ་སོར་འདོད་པ་ཡོད་མིན་ལ་མ་ལྟོས་པར་ང་ཚོ་ཚང་མ་འཛམ་གླིང་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་དུ་སྐྱེས་ནས་ཡོད་པ་གཅིག་གྱུར་ཡིན། དབུལ་ཕྱུག་གང་ཡིན་དང་། ཡང་སློབ་སྦྱོང་ཡོད་མེད་གང་ཡིན་ཀྱང་རུང་། དེ་བཞིན་རྒྱལ་ཁབ་གང་གི་ཁོངས་སུ་གཏོགས་ཀྱང་རུང་། མཐར་གཏུགས་ན་རང་གཞན་ཀུན་འགྲོ་བ་མིའི་རིགས་སུ་གཏོགས་པ་གཅིག་མཚུངས་ཡིན། ཡང་བདེ་བ་འཚོལ་བ་དང་སྡུག་བསྔལ་སྤོང་བའི་ཐོབ་ཐང་ཡོད་པ་ཡང་འདྲ་མཚུངས་པ་ཡིན། ཚུལ་དེ་ལྟ་བུའི་སྒོ་ནས་འགྲོ་བ་སེམས་ཅན་ཀུན་ལ་མཉམ་པར་ལྟ་ཐུབ་ན།  གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སེམས་ཁུར་དང་གཞན་ལ་ཉེ་བའི་བསམ་པ་སྐྱེ་ཐུབ།   དེ་ནས་འཇིག་རྟེན་སྤྱི་ལ་ཁྱབ་པའི་སེམས་ཁུར་བཅོས་མིན་ཞིག་སྟེ། དེ་ཡང་གཞན་དཀའ་ངལ་ལས་འགྲོལ་བའི་ཆེད་དུ་བརྩོན་པའི་བརྩོན་འགྲུས་དེ་ཡང་ཡོང་ངེས་ཡིན། རང་གཞན་ཀུན་གྱི་འཚོ་རྟེན་དུ་གྱུར་པའི་འཛམ་བུའི་གླིང་འདི་ལས་འཇིག་རྟེན་སྤྱི་ཁྱབ་ཀྱི་སེམས་ཁུར་གྱི་སློབ་སྦྱོང་ཞིག་ཀྱང་ལེན་རྒྱུ་ཡོད། འཛམ་གླིང་འདི་རང་གཞན་ཐུན་མོང་གི་སྣོད་ཀྱི་འཇིག་རྟེན་ནམ་ཡང་ན་གནས་ཁང་ལྟར་གྱུར་ཡོད། འདིའི་སྐྱེ་འཇིག་ནི་རང་རེའི་ཚེ་སྲོག་དང་། འདིའི་མ་འོངས་པ་ཡང་རང་རེའི་མ་འོངས་པ་ཡིན། གོ་ལ་འདི་ཉིད་རང་གཞན་ཀུན་ལ་མ་ལྟར་གྱུར་ནས་ཡོད་པས། མ་ལས་སྐྱེས་པའི་བུ་ཕྲུག་བཞིན་རང་རེ་ཀུན་གོ་ལ་འདི་ཉིད་ལ་ལྟོས་ནས་འཚོ་དགོས། དེར་བརྟེན། གོ་ལ་སྤྱི་ལ་འཕྲད་པའི་དཀའ་ངལ་སེལ་ཐབས་སུ་རང་གཞན་ཀུན་ནས་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ།

ངོས་རང་ལ་མཚོན་ན་ཡང་བོད་ནས་བཙན་བྱོལ་དུ་སླེབས་པ་ནས་བཟུང་།  ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་དོ་སྣང་གསར་པ་སླེབས་པ་མ་གཏོགས་ཕྱི་ལོ་ ༡༩༥༩  གོང་དུ་རང་བྱུང་ཁོར་ཡུག་ཡིན་ཕྱིན་གཙང་མར་བརྩི་བཞིན་ཡོད། དེ་དུས་རྒྱུག་ཆུ་ཞིག་མཐོང་དུས་བཏུང་དུ་རུང་མི་རུང་གི་ཐེ་ཚོམ་ཙམ་ཡང་བྱེད་ཀྱི་མེད། འོན་ཀྱང་། བློ་ཕམ་པ་ཞིག་ལ་ད་ལྟའི་ཆར་འཐུང་ཆུ་གཙང་མར་ལོངས་སྤྱོད་རྒྱུ་དེ་ཡང་འཛམ་གླིང་གང་སར་དཀའ་ངལ་ཆེ་ཁག་ཞིག་ཏུ་གྱུར་ནས་ཡོད། ནད་ཡམས་རྣམས་ཁྱབ་གདལ་དུ་མི་འགྲོ་བའི་ཆེད།  འཛམ་གླིང་ས་ཕྱོགས་གང་སར་འཐུང་ཆུ་གཙང་མ་དང་། དེ་བཞིན་གཙང་ཕྱིས་ཆ་རྐྱེན་སོགས་ནད་པ་དང་ལྷག་བསམ་ཅན་གྱི་འཕྲོད་བསྟེན་གྱི་སྡེ་ཚན་དུ་གཏོགས་མི་རྣམས་ལ་གཞི་རྩའི་མཐུན་རྐྱེན་ངེས་པར་འབུལ་ཐུབ་པ་བྱ་རྒྱུར་འབད་དགོས། སྔོན་འགོག་གི་གཙང་སྦྲ་བྱེད་རྒྱུ་ནི་འཕྲོད་བསྟེན་གྱི་རྨང་གཞིའི་ཚན་པ་གཅིག་ཡིན།

དེང་རབས་འཕྲུལ་ཆས་ཀྱི་ཆ་རྐྱེན་ཡོངས་སུ་རྫོགས་པའི་སྨན་ཁང་གི་མཐུན་རྐྱེན་ཀུན་གྱིས་ཐུན་མོང་དུ་ལོངས་སྤྱོད་རྒྱུར་དཀའ་ཚེགས་མེད་པ་ཞིག་རྒྱུན་ཆགས་པར་བྱུང་ན། ད་ལྟ་འཛམ་བུའི་གླིང་གཉན་འཕྲང་ཅན་དུ་གྱུར་པའི་སྐབས་འདིར་དཀའ་ངལ་ལས་དགྲོལ་རྒྱུར་ཕན་ཐོགས་ཡོང་ངེས་ཡིན། འདི་ལྟར་བྱུང་ན་མ་འོངས་པར་ཡང་འཛམ་གླིང་འདིར་འབྱུང་འགྱུར་འཕྲོད་བསྟེན་གྱི་དཀའ་ངལ་ལ་གདོང་ལེན་སྲུང་སྐྱོབ་མཆོག་ཏུ་གྱུར་པ་ཡོང་ངེས་ཡིན། འདི་ཉིད་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལ་འདིའི་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་ཀྱི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་འཆར་གཞིར་བཀོད་པ་དེ་ཡང་ཡིན། ད་ལྟ་འཕྲད་བཞིན་པའི་ཆེས་བཟོད་པར་དཀའ་བའི་དཀའ་ཚེགས་འདིར་གདོང་ལེན་བྱེད་སྐབས་གཅིག་གྱུར་གྱི་འདུ་ཤེས་དང་། མཐུན་སྒྲིལ་གྱི་སྒོ་ནས་སྐབས་བབ་གང་ལ་གང་དགོས་པ་དང་། ལྷག་པར་ཉམ་ཐག་པའི་མཆེད་གྲོགས་ཕོ་མོ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པ་དེ་ཚོར་མཐུན་རྐྱེན་སྦྱོར་དགོས། ངོས་ནས་ཀྱང་འབྱུང་འགྱུར་གྱི་དུས་དེར་རང་གཞན་ཀུན་གྱིས་འཛམ་གླིང་འདི་ཉིད་ཞི་བདེ་ཅན་དང་། ཆེས་འཕྲོད་བསྟེན་ལེགས་པ་ཅན་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་ཅི་ནུས་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད་པ་བཅས།།

 

 

ཏཱ་ལའི་བླ་མས། ཕྱི་ལོ་  ༢༠༢༠ ཕྱི་ཟླ་༤ ཚེས་༢༢ ཉིན།

 

 

 

༄༅། །ནད་ཡམས་དང་འབྲེལ་བའི་གསུང་འཕྲིན།

 

དེང་སང་འཛམ་གླིང་གང་སར་ནད་ཡམས་ཀྱི་དཀའ་ངལ་དམིགས་བསལ་ཞིག་འཕྲད་མུས་དང། སྤྱིར་ནས་འཛམ་གླིང་སྤྱིའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཏུ་གྱུར་པ་སོགས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད། འོན་ཀྱང་རྒྱ་གར་གཞུང་གིས་མཚོན་འཛམ་གླིང་གང་ས་ནས་གདོང་ལེན་གནང་མུས་ལ་ཡི་རང་དང་བསྔགས་བརྗོད་ཞུ། 

    རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཆགས་གནས་འཇིག་སྟོང་བར་མ་ཆད་དུ་བྱུང་དང་འབྱུང་མུས་དང་། འཇིག་རྟེན་འདི་འཇིག་པ་ན་མཚོན་དང་ནད་དག་གིས་འཇིག་པར་ཡང་གསུངས་པ་དེ་དག་ནི་ད་ཆར་མངོན་སུམ་ལྟ་བུར་སྣང་། གང་ལྟར་ཡང་འཇིག་རྟེན་འདིར་གོད་ཆགས་སྣ་ཚོགས་འབྱུང་བའི་སྐབས་སོ་སོར་སྲོག་ཆགས་སྤྱི་དང་། མིའི་རིགས་ཀྱིས་གདོང་ལེན་གྱིས་མུ་མཐུད་འཚོ་བཞིན་ཡོད། 

    ཞུམ་པས་སྡུག་བསྔལ་ལས་མི་གྲོལ་བས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་སྙིང་སྟོབས་བསྐྱེད་དེ་མིའི་རྣམ་དཔྱོད་དང་། དེང་དུས་རིག་འཕྲུལ་ཟུང་འབྲེལ་གྱིས་སེལ་ཐབས་བྱེད་དགོས། ཅི་སྟེ་སེལ་དུ་མེད་པའི་དཀའ་ངལ་ཞིག་འཕྲད་ནའང་། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགར་བྱས་ཅི་ཕན།། ཞེས་པ་ལྟར་ཡིན་པས་དངངས་སྐྲག་བྱ་དགོས་མེད། 

    ནད་ཡམས་ནི་མིའི་རིགས་སྤྱི་ལ་འཕྲད་པའི་དཀའ་ངལ་ཞིག་དང་། འཛམ་གླིང་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས་ཚང་མས་ནུས་པ་མཉམ་སྤུངས་བྱ་དགོས། སྤྱིར་སྤྱི་སྒེར་ཀུན་གྱིས་སྔོན་འགོག་ལ་ཧུར་ཐག་དང་། རིམས་ནད་འདི་འགོག་སླད་རྒྱལ་ཁབ་དུ་མས་མཉམ་ལས་དང་། རང་རེ་གནས་ཡུལ་རྒྱ་གར་ནས་ཀྱང་ཁྱིམ་མཚེས་རྒྱལ་ཁབ་བརྒྱད་དང་མཉམ་ལས་བྱ་འཆར་དེ་དག་ནི་ཆེས་དགོས་གལ་དུ་མཐོང་། སླད་མར་དཀའ་ངལ་གཞན་སེལ་བ་ལའང་མིག་དཔེར་འོས་པ་ཞིག་ཏུ་མངོན། 

    དུས་འདིར་ང་ཚོས་སྣང་མེད་དུ་ཤོར་མི་རུང་བ་ཞིག་ནི། ད་ཐེངས་ནད་ཡམས་སྔོན་འགོག་གི་རྐྱེན་པས་བཟོ་པ་སོགས་དང་འཚོ་རྟེན་ངེས་མེད་ཀྱི་ཉམ་ཐག་རྣམས་ལ་དཀའ་ངལ་འཕར་མ་འཕྲད་པར་ཀུན་གྱིས་ཡིད་གཟབ་ལྟ་སྐྱོང་ལྷོད་མེད་ཡོང་བ་དང་། དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་གནང་བཞིན་པའི་སྨན་པ་དང་། སྨན་ཞབས་སོགས་འབྲེལ་ཡོད་ལས་བྱེད་ཀུན་ལའང་དམིགས་བསལ་ཐུགས་རྗེ་ཆེ་ཞུ།  

 

    མཐའ་མར། འཛམ་གླིང་ས་ཕྱོགས་གང་སར་དཀའ་ངལ་གྱི་གནས་སུ་ལྷུང་བའི་མཆེད་གྲོགས་ཕོ་མོ་རྣམས་ལ་དེ་བས་གདུང་སེམས་མཉམ་བསྐྱེད་དང་། ནད་ཡམས་འདི་མྱུར་དུ་ཆད་ནས་འཛམ་གླིང་སྔར་བཞིན་བདེ་སྐྱིད་དང་ལྡན་པར་ཡོང་བའི་རེ་བ་དང་། གསོལ་འདེབས་སྨོན་ལམ་རྟག་ཏུ་བྱེད་མུས་བཅས།    ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༢༠ ཟླ་ ཚེས་ ༣༠ ལ།།

 

      ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་ཐའེ་ལན་ཊི་དང་ཝེ་ཏི་ནམ་གྱི་དད་ལྡན་སེར་སྐྱ་མི་མང་ཁག་གཅིག་ལ་མཇལ་ཁ་དང་ཏོག་དབྱིབས་ནད་ཡམས་སམ་ཀཱོ་རོ་ནཱ་གཉན་རིམས་(2019-nCoV)ལ་སྒྲོལ་མའི་གཟུངས་སྔགས་བགྲང་ན་ཕན་ཐོགས་ཡོད་པ་བཀའ་སྩལ།  

 

     "དེ་རིང་ཁ་སང་རྒྱ་ནག་ལ་ནད་ཡམས་ཤིག་སླེབས་འདུག རྒྱ་ནག་ལ་ཆ་བཞག་ན་ལོ་རྒྱུས་ཐོག་ནས་ནང་པའི་ལུང་པ་རེད། དེ་རིང་འདིར་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པ་གནང་མཁན་དང་། པཱ་ལིའི་ཆོས་བརྒྱུད་འཛིན་པ་གནང་མཁན་མཉམ་དུ་ཡོད་པ་རེད། དེར་བརྟེན། ང་ཚོ་ཚང་མ་ཐུན་མོང་གི་ཐོག་ནས་ནད་ཡམས་འདི་རིམ་པས་ཞི་འགྲོ་བ་ལ་སྨོན་ལམ་རྒྱག  ནང་ཆོས་ཀྱི་དད་པ་ཡོད་མཁན་དང་། གཟུངས་སྔགས་བགྲངས་པར་གོམས་གཤིས་ཡོད་མཁན་ལ་ངོས་ཀྱིས་སྒྲོལ་མའི་གཟུངས་སྔགས་བགྲང་དགོས་པ་རེད་ཅེས་བཤད་བཞིན་ཡོད།  དེས་ནད་ན་ཚ་མ་ཡོང་བ་ལ་ཏན་ཏན་ཁྱད་པར་ཡོད་པ་རེད། དེ་རིང་འདིར་ཁྱོད་རང་ཚོའི་ནང་ན་གཟུངས་སྔགས་བགྲངས་པ་ལ་དོ་སྣང་ཡོད་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཟེར་བའི་སྒྲོལ་མའི་གཟུངས་སྔགས་འདི་བགྲང་པ་ཡིན་ན་ཕན་གྱི་རེད། དེ་རིང་འདིར་དངོས་སུ་ང་ཚོ་མི་ཉུང་ཤོས་ཤིག་ཡོད་པ་རེད། ས་སྟེང་འདིའི་སྒང་ལ་ནད་ཡམས་འདི་ལ་ཏོག་ཙམ་དངངས་སྐྲག་བྱེད་མཁན་མང་པོ་ཞིག་འདུག ཚང་མར་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡོད། ད་ལྟ་བཤད་མ་ཐག་པ་ནང་བཞིན་གཟུངས་སྔགས་དེ་འདྲ་ལ་དོ་སྣང་ཡོད་པ་ཡིན་ན་སྒྲོལ་མའི་གཟུངས་སྔགས་བགྲང་ན་ཡག་པོ་ཡོང་གི་རེད།"

 

༄༅། །སྲིད་སྐྱོང་ཁྲི་འདོན་མཛད་སྒོའི་བཀའ་སློབ།

 

 

བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས་ལོའི་ཟླ་ ཚེས་ ༡༠ དང་ཕྱི་ལོ་ ༢༠༡༡ ཟླ་ ཚེས་ ༨ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་སྐབས་གསུམ་པ་མཁས་དབང་བློ་བཟང་སེང་གེ་མཆོག་གི་ཁྲི་འདོན་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་གཟབ་རྒྱས་ངང་ཚོགས་པའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།༽

 

     དེ་རིང་འདི་ག་ས་གནས་སུ་དངོས་སུ་འཛོམས་པའི་ང་ཚོ་བོད་རིགས་སེར་སྐྱ་མི་མང་དང་། ལྷག་པར་བཀའ་ཁྲི་གསར་པ།གང་ལྟར་སྲིད་སྐྱོང་ཆགས་ཡོད། བློ་བཟང་སེང་གེ་ལགས་དང་བཀའ་བློན་ཁྲི་ཟུར། དེ་བཞིན་ཆེད་མངགས་དེ་རིང་གི་དུས་ཚོད་འདིའི་ཐོག་དགའ་སྤྲོའི་ངང་ལྷག་བསམ་གྱི་ ཐོག་ནས་རྒྱབ་སྐྱོར་དང༌།བོད་མིའི་ལས་ཀ་འདི་དྲང་བདེན་དང་མཐུན་པ་ཞིག་ཡིན་སྟབས། དངོས་གནས་དགའ་སྤྲོ་དང་རྗེས་སུ་ཡི་རང་གི་ཐོག་ནས་ཆེད་མངགས་ལུང་པ་ཁག་འདྲ་མིན་ མང་པོ་ནས་ཕེབས་པའི་སྐུ་མགྲོན་ཁྱེད་རྣམ་པ་དང་། དེ་མིན་ཚང་མར་བརྗོད་རྒྱུར། དེ་རིང་གི་ཉིན་མོ་འདི་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་མི་ལོ་ཉིས་སྟོང་ ལྷག་ཙམ་ཕྱིན་པ་དེའི་ནང་གི་ཉིན་མོ་དམིགས་བསལ་ཤིག་ཆགས་ཡོད། ང་ཚོ་བོད་མི་རིགས་འདི་དེ་སྔ་ཆོས་རྒྱལ་ཚོའི་སྐབས་ནས་བཟུང་དེའི་ཚེ་དེའི་དུས་ འཛམ་གླིང་གི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཆོས་རྒྱལ་ཚོའི་དབུ་ཁྲིད་འོག་ ཆོས་སྲིད་གང་ཅིའི་ཐོག་ཁྱིམ་མཚེས་ཚོ་དང་བསྡུར་ན་ཕལ་ཆེར་རྗེས་སུ་ལུས་མེད་པ་ ཞིག་བྱུང་ཡོད། དེ་དག་ནི་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པའི་དབུ་ཁྲིད་ཀྱི་གནང་སྒོ་དེ་དག་ དངོས་གནས་ཡག་པོ་བསྒྲུབས་གནང་ཡོད། ད་ཆ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་སླེབས་ཡོད་པ་དང། དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་འདིའི་ཐོག་འགྱུར་བ་མང་པོ་སོང་སྟེ་གནས་དུས་ གསར་པ་ཞིག་འཆར་ཡོད། དེར་བརྟེན་ངོས་ཀྱིས་ལོ་ཡུན་དེའི་རིང་རིམ་པས་ང་ཚོ་དངོས་གནས་མང་གཙོའི་ངོ་བོ་ ཡོངས་སུ་རྫོགས་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་མཐོང་བ་དང། དེ་འདྲའི་གནས་སྟངས་ཀྱི་འོག་ནས་ང་ཚོ་འདིར་དངོས་གནས་ཕྱི་ནང་སུས་བལྟས་ཀྱང་ཐམས་ ཅད་ཀྱི་མཐུན་སྣང་ལ་ང་ཚོ་བཙན་བྱོན་དུ་གནས་ཡོད་ཀྱང་ཁྲིམས་མཐུན་གྱི་མང་གཙོའི་ འོས་བསྡུ་བྱས་ནས་འདེམས་ཐོན་བྱུང་བའི་ད་ལྟའི་གནས་སྟངས་འདི་སྲིད་སྐྱོང་རང་ ཆགས་ཡོད། གོང་དུ་བཀའ་ཤག་གི་གསུང་བཤད་ནང་ཡོད་པ་ལྟར་ (Political Leader) ཞེས་བརྗོད་པ་སྲིད་སྐྱོང་རེད། དེ་ནི་ང་ཚོ་བོད་པའི་ཐ་སྙད་ནང་སྔར་ནས་ཡོད་པ་ཞིག་ཡིན།  དེ་རིང་གི་ཉིན་མོ་འདིར་ཐད་ཀར་འོས་འདེམས་བྱེད་མཁན་བཙན་བྱོལ་བ་ཚོའི་སེམས་ གཏིང་ནས་སྤོབས་པ་དང༌།རྗེས་སུ་ཡི་རང་དང་འབྲེལ་བའི་དགའ་སྤྲོ་བྱེད་འོས་པ་ཞིག་ཡིན། དེ་བཞིན་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཚོར་འགོ་ཁྲིད་འདེམས་རྒྱུ་ ཕར་བཞག་སོ་སོ་སྒེར་གྱི་བསམ་བློའི་ནང་ཚོར་བ་གང་ཞིག་ཡོད་པ་དེ་ཡང་ཕྱིར་འདོན་ མི་ཆོག་པ་དང་འདོན་མི་ནུས་པར་སྡོད་དགོས་པའི་གནས་སྟངས་ཤིག་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་ཚོར་མཚོན་ན་ང་ཚོ་ལོ་རྒྱུས་ཡོད་པའི་བོད་མི་རིགས་ ཀྱིས་དུས་ཚོད་ཀྱི་རྗེས་ཟིན་པའི་མདུན་བསྐྱོད་བྱེད་པའི་དེ་རིང་གོ་སྐབས་འདིས་ ཁོང་ཚོའི་སེམས་ནང་སྤོབས་པ་དང་དགའ་སྤྲོ་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ང་རང་སྒེར་གྱི་ངོས་ལ་ཆ་བཞག་ན་ངོས་རང་ལོ་བཅུ་དྲུག་སོན་པའི་བྱིས་པ་སྤྱོད་པ་ འཚུབ་པོ་དཔེ་ཆ་ཡང་ལེ་ལོ་བྱས་ནས་བལྟས་ཏེ་བསྡད་ཡོད། དེ་འདྲའི་སྐབས་སུ་བོད་ཀྱི་གནས་སྟངས་ལ་དཀའ་ངལ་གསར་པ་ཞིག་འགོ་ཚུགས་ཏེ་དངོས་ གནས་རི་ལུག་པ་ཐག་པས་མི་འདུམ་པ་ཟེར་བའི་གནས་སྟངས་འོག དེ་སྔ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དགུང་གྲངས་བཅོ་བརྒྱད་ལ་ཆབ་ སྲིད་ཀྱི་འགན་དབང་བཞེས་ཡོད། འོན་ཀྱང་ངོས་རང་དུས་ཚོད་ཧ་ཅང་ཛ་དྲག་གིས་རྐྱེན་པས་ལོ་བཅུ་དྲུག་ཐོག་བོད་ཀྱི་ ཆབ་སྲིད་ཀྱི་འགན་འཁྱེར་བ་རེད། སྐབས་དེར་ཆབ་སྲིད་ཀྱི་འགན་དབང་བཞེས་མཁན་སྟག་བྲག་རིན་པོ་ཆེ་སྲིད་སྐྱོང་ཡིན། སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངོས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་འགན་རྩིས་ ལེན་ཞུས་པ་ཡིན། ལོ་ ༡༦ ནས་ལོ་ ༧༦ ལ་སླེབས་པའི་བར་མི་ལོ་ ༦༠ རིང་དེ་ནི་ཧ་ཅང་དཀའ་ངལ་ཆེན་པོའི་དུས་ཚོད་ཅིག་ཡིན། འོན་ཀྱང་དེའི་རིང་ཁྱར་ཁྱོར་གྱི་ངང་ནས་ཆོས་སྲིད་གཉིས་ཀའི་ཐོག་འཛམ་གླིང་ འདིའི་སྟེང་བོད་འདི་ནག་སུབ་ཏུ་མི་འགྲོ་བ་ཞིག་བྱུང་ཡོད། དེ་ནི་ངོས་ཀྱི་བྱས་རྗེས་ཕྲན་བུ་ཡིན་སྙམ་གྱི་ཡོད། དེ་ལྟར་མི་ལོ་དྲུག་ཅུའི་སྔོན་བོད་ཀྱི་སྤྱི་ཚོགས་རྙིང་པའི་འགྲོ་སྟངས་སྲིད་ སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་ འདི། དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་ནང་འཛམ་གླིང་གང་སར་དབྱར་གྱི་ཆུ་བོ་བཞིན་ འཕེལ་རྒྱས་འགྲོ་བའི་མང་གཙོ་ཞེས་པ་འདི་ང་ཚོས་དངོས་གནས་ཁ་ཞེ་གཉིས་མེད་དང་ སྤོབས་པའི་ཐོག་ནས་ལག་བསྟར་བྱས་ཏེ། དེ་རིང་འདིར་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ ཀྱིས་རྩིས་སྤྲོད་བྱ་རྒྱུ་ཡིན། 

     ང་ཚོ་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་དངོས་ གནས་སློབ་སྦྱོང་བྱས་པ་དང། སློབ་སྦྱོང་དེ་ཡང་ཚིག་སྐམ་པོ་ཙམ་མིན་པར་ཉིན་རེ་ཉིན་རེའི་འཚོ་བའི་ནང་ཉམས་ ལེན་བྱས་པའི་འབྲས་བུར་སངས་རྒྱས་ཀྱི་ཆོས་ཟབ་པ་ཟབ་མོ་སྟོང་ཉིད་ཀྱི་ལྟ་གྲུབ་ དང་། རྒྱ་ཆེ་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་དེ་གཉིས་ནི་མི་ལོ་སྟོང་ཕྲག་སོང་བའི་གནའ་ རབས་ཀྱི་སྲོལ་རྒྱུན་ལྟ་གྲུབ་ཡིན་ཞིང། འཛམ་གླིང་འདིའི་ཐོག་སངས་རྒྱས་ཀྱི་ཆོས་ཟབ་རྒྱས་ཆ་ཡོངས་སུ་ཚང་བ་ད་ལྟ་གསོན་ པོར་གནས་པ་ཕལ་ཆེར་ང་ཚོ་བོད་པ་གཅིག་པུ་ཡིན། དེ་འདྲའི་སངས་རྒྱས་ཀྱི་ཆོས་པ་ཞིག་ཡིན་ན། དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་བྱེད་དགོས་པ་ལས་དངོས་ཡོད་གནས་ཚུལ་ལ་མ་རན་པའི་ སྔར་གྱི་ལམ་དང་ལུགས་སྲོལ་གྱི་སྐད་ཆ་ཤོད་རྒྱུ་བསྡད་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུང་སྐབས་གདུལ་བྱའི་ཁམས་དང་མོས་པ་དང་འཚམས་ པའི་ཐོག་ནས་ཆོས་སྟོན་པ་གནང་ཡོད། འཛམ་གླིང་ཐོག་གི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་འཕོ་འགྱུར་མང་པོ་ཞིག་འགྲོ་གི་ཡོད། དེར་བརྟེན་ངོས་ཀྱིས་ནམ་རྒྱུན་འཛམ་གླིང་འདི་འཛམ་གླིང་གི་མི་མང་དུང་ཕྱུར་ བདུན་ཅུར་ཉེ་བ་དེ་དག་ལ་དབང་བ་ལས། རྒྱལ་པོ་དང༌། བླ་མ། དཔོན་པོ་བཅས་ལ་དབང་བ་མིན་ཞེས་ཤོད་ཀྱི་ཡོད། ཡུལ་ལུང་བྱེ་བྲག་པ་སོ་སོར་ཆ་བཞག་ནའང་ཡུལ་ལུང་བྱེ་བྲག་པ་དེ་དང་དེའི་མི་མང་ལ་ དབང་བ་ལས། རྒྱལ་པོ་དང་བླ་ཆེན་ལ་དབང་མེད། ང་ཚོ་བོད་ལ་ཆ་བཞག་ནའང་བོད་དེ་བོད་རྒྱ་ཆེའི་མི་མང་ལ་དབང་བ་ལས། བླ་ཆེན་དང་སྔར་གྱི་རྒྱལ་པོའི་རྒྱལ་རྒྱུད་ལ་དབང་མེད། དེར་བརྟེན་ངོས་ཀྱིས་རྟག་པར་ཆབ་སྲིད་ཀྱི་དབང་ཆ་འཛིན་ནས་འགན་འཁྱེར་རྒྱུ་འདི་ ཆོས་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་བྱས་ན་མི་འགྲིགས་པ་ཤོད་ཀྱི་ཡོད། མི་ལ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་ཆབ་སྲིད་ཀྱི་འགན་འཁྱེར་ན་ཡག་པོ་མེད། ཐ་དད་དགོས་ཞེས་ཤོད་བཞིན་དུ་ང་རང་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཅིག་གིས་ཆབ་སྲིད་ ཀྱི་དབང་ཆ་བཟུང་སྟེ་སྡོད་སྐབས། ཁ་ནས་བཤད་པ་དང་ལག་ལེན་གཉིས་མ་མཚུངས་པ་ལྟ་བུ་ཆགས་ཏེ་སྐབས་རེ་མ་བདེ་བ་ཡོང་གི་ འདུག ད་ཆ་རང་ངོས་ཀྱི་སེམས་ནང་ཡིད་ཆེས་ཡོད་པ་མི་ལ་བཤད་པ་དེ་རང་གིས་དངོས་སུ་ལག་ བསྟར་བྱས་པ་ཡིན། དེར་བརྟེན་ངོས་ཀྱི་ལྟ་གྲུབ་འཛམ་གླིང་མི་མང་ལ་དབང་བ་དང། ལུང་པ་བྱེ་བྲག་པའང་དེའི་མི་མང་ལ་དབང་བ་ལས། དབང་དང་སྟོབས་ཀྱིས་ཐོབ་ཐང་བཟུང་རྒྱུའི་ལོ་རྒྱུས་དུས་ལས་ཡོལ་ཟིན་པ་དང་། ཆོས་སྲིད་ཀྱི་འགོ་ཁྲིད་ཐ་དད་སོ་སོར་དགོས་ཞེས་སྤོབས་པའི་ཐོག་ནས་བཤད་པ་དེ་རང་ གིས་དངོས་སུ་ལག་བསྟར་བྱས་པ་ཡིན་སྟབས། ད་ནས་ང་ལ་དེ་ལྟར་མུ་མཐུད་ཤུགས་ཆེ་ཤོད་རྒྱུའི་གོ་སྐབས་ཐོབ་ཡོད། ང་རང་སྒེར་གྱི་ངོས་ལ་ཆ་བཞག་ན་དེ་རིང་གི་ཉིན་མོ་འདི་དངོས་གནས་ངོས་ཀྱི་མི་ ཚེའི་ནང༌། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །ཞེས་བརྗོད་པའི་འདོད་དོན་དེ་རིང་དངོས་སུ་གྲུབ་ཐུབ་པ་བྱུང། དེ་ནི་གཙོ་ཆེ་ཤོས་ཐད་ཀར་འབྲེལ་བ་ཡོད་པའི་བྱེས་འཁོད་མི་མང་ཚོ་ཡིན་ཞིང་། ཁྱེད་རང་ཚོ་ཚང་མས་འོས་བསྡུའི་སྐབས་སེམས་ཁུར་བླངས་པ་དང། དོ་སྣང་བྱས་ཏེ་ཧུར་ཐག་བྱས་སོང། དེའི་ཐ་མའི་འབྲས་བུར་དེང་དུས་ཀྱི་ཤེས་ཡོན་ཚད་མཐོ་པོ་ཡོད་པའི་མི་ཞིག་ཁྱེད་ རང་ཚོས་འོས་འདེམས་བྱས་པ་རེད། དེ་ལྟར་མི་མང་ཚང་མས་ཧུར་ཐག་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན།

 

     སྲིད་སྐྱོང་བློ་བཟང་སེང་གེ་ནི་མང་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་འགན་དབང་ཆ་ཚང་ཡོད་པའི་མི་དང་པོ་དེ་ཆགས་ཡོད། དོ་བདག་གི་ངོས་ནས་ཀྱང་ལྷག་བསམ་རྣམ་པར་དག་པ་དང་ངོ་ལྐོག་མེད་པའི་ཐོག་ནས་འགོ་ ཁྲིད་བྱེད་ཀྱི་རེད་ལ།གཙོ་ཆེ་འདི་གའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོ་དང་། དེ་བཞིན་འཛིན་སྐྱོང་གི་ལས་བྱེད་རྣམ་པ། གཞན་ཡང་ཚོགས་པ་སྐྱིད་སྡུག་ཁག་དང་། མི་མང་བཅས་ཀྱིས་རང་རང་ལ་རྒྱུ་མཚན་ལྡན་པའི་སྐྱོན་འདོན་ཡོ་སྲང་བྱེད་རྒྱུ་ཡོད་ ན་གནས་ཚུལ་ཐ་དད་ཡིན།དེ་མིན་ཚང་མས་སྤྱི་དོན་གལ་ཆེར་བརྩི་དགོས། སོ་སོ་སྒེར་དང་ཤོག་ཁའི་དོན་དག་ཆབ་སྲིད་དང་བསྲེས་ཏེ་ཆེ་ས་སྤྱི་ལས་བྱེ་བྲག་ པའི་དོན་གལ་ཆེ་བར་བརྩི་བ་ལྟ་བུ་ནི་ང་ཚོ་བོད་པ་གཅིག་པུ་མིན་པར་འཛམ་གླིང་གང་ སར་ཡོང་གི་ཡོད། ཉེ་ཆར་ངོས་ཀྱིས་ཨ་མི་རི་ཀར་བརྗོད་རྒྱུ་བྱུང་། སྲིད་དོན་གྱི་ཤོག་ཁ་སོ་སོའི་མཐོང་ལ་སོགས་པའི་དོན་དག་དེ་རིམ་པ་གཉིས་པ་ཡིན། རིམ་པ་དང་པོ་ཨ་རི་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་གནས་སྟངས་དེ་གནད་དོན་གལ་ཆེན་ པོ་ཡིན། སྒེར་གྱི་སྲིད་དོན་ཤོག་ཁ་སོ་སོའི་མིང་གལ་ཆེན་པོར་བརྩི་རྒྱུ་དེ་རིམ་པ་གཉིས་ པ་རེད་ཅེས་བཤད་ཡོད། ང་རང་ཚོས་ཀྱང་དེ་དེ་བཞིན་བྱས་ཏེ་བོད་འདི་འཆི་དང་གསོན་གྱི་མཚམས་ལ་སླེབས་པའི་སྐབས་འདིར་སྤྱི་དོན་གྱི་བསམ་བློ་གཏོང་དགོས་པ་ལས། བྱེ་བྲག་པ་སོ་སོའི་མིང་དང་དགོས་དབང་ལྟ་བུ་ཁོ་ནའི་ ཐོག་བསམ་བློ་བཏང་ན་ཡག་པོ་མེད། ད་ཕན་ཚང་མས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། འབྱུང་འགྱུར་ཡང་ཚང་མས་ནུས་པ་བཏོན་ཏེ་ཆིག་སྒྲིལ་གྱི་འོག་ནས་ང་ཚོ་སྤྱིའི་ འདོད་དོན་འགྲུབ་ཐབས་ལ་ཚང་མས་ཐུགས་འཁུར་བཞེས་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སྩལ་བ་བཅས་སོ།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php