༄༅། མཁྱེན་རླབས་མཚུངས་མེད་ྋམི་རྗེ་ཏེང་ཞའོ་ཕིང་མཆོག་ལ།

ཆེད་འབུལ།

ང་ཚོའི་དབར་ཡང་སྐྱར་ཐད་ཀར་འབྲེལ་བ་མཐུད་པར་དགའ་ཚོར་ཆེན་པོ་བྱུང༌། འདི་ལ་བརྟེན་ནས་ཕན་ཚུན་འབྲེལ་བ་གོང་འཕེལ་ཐོག ཡིད་ཆེས་དང༌། གནད་དོན་གསལ་རྟོགས་ཡོང་བའི་རེ་བ་ཡོད།

༡༩༩༢ ཟླ་ ༦ ཚེས་ ༢༢ ཉིན་སྐུ་ཞབས་ཏིང་ཀོན་ཀིན་དང༌། རྒྱ་ལོ་དོན་གྲུབ་ངོ་འཕྲད་སྐབས་འཕྲོས་མོལ་ཇི་བྱུང་དང༌། རྒྱ་ནག་གཞུང་གི་བོད་དོན་དཀའ་རྙོག་སེལ་ཕྱོགས་འདོད་ཚུལ་ཇི་ཡོད་སྐོར་ངོས་ནས་གོ་རྟོགས་བྱུང༌། སྐུ་ཞབས་ཏིང་ཀོན་ཀིན་ནས་གུ་དོག་གྱོང་མཁྲེགས་ཀྱི་འདོད་ཚུལ་བཟུང་བ་དང༌། ལྷག་པར་དུ་གྲོས་མོལ་མ་བྱས་གོང་སྔོན་འགྲོའི་ཆ་རྐྱེན་ཁས་ལེན་དགོས་པ་ནན་བརྗོད་ལ་བློ་ཕམ་ཆེན་པོ་བྱུང༌། ངོས་ཀྱི་བསམ་པར་དཀའ་རྙོག་སེལ་ཐབས་བྱེད་པ་ལ་ལྷག་བསམ་རྣམ་དག་དང༌། གུ་ཡངས། དོན་ཕན་ལྡན་པའི་བསམ་བློ་ཞིག་ཡོད་དགོས།

ངོས་ནས་དཀའ་རྙོག་སེལ་ཐབས་ནི་ཕན་ཚུན་གྲོས་མོལ་བྱེད་པའི་ལམ་ཕྱོགས་ཁོ་ན་ཡིན་ཞིང༌། བོད་དང༌། རྒྱ་ནག་མི་མང་གཉིས་ཕྱོགས་སུ་ཕན་པའི་ལྷག་བསམ་གུ་ཡངས་བཅངས་ཏེ་ང་ཚོའི་དཀའ་རྙོག་གྲོས་མོལ་གོ་བསྡུར་གྱི་སེལ་ཐབས་བྱེད་དགོས་པར་ཡིད་ཆེས་བྱེད་བཞིན་ཡོད། དེ་ལྟར་ཡོང་བ་ལ་སུ་ཕྱོགས་ནས་ཀྱང་འགོག་རྐྱེན་བཟོ་མི་འོས་ཤིང༌། ཕན་ཚུན་སུས་ཀྱང་སྔོན་འགྲོའི་ཆ་རྐྱེན་ཁས་ལེན་དགོས་པའི་བསམ་འཆར་འདོན་མི་རུང༌།

ང་ཚོ་གྲོས་བསྡུར་ལ་བརྟེན་ནས་ལམ་ཕྱོགས་བཟང་པོ་ཞིག་རྙེད་པའི་རེ་འདུན་གྱིས་ད་ལྟ་བར་ངོས་རང་གི་བསམ་ཚུལ་རྣམས་དང༌། བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་གང་ཆེ་ཡོང་ཐབས་ཕན་ཚུན་གྲོས་བསྡུར་གྱིས་ཐབས་ཤེས་བྱ་རྒྱུའི་འབད་བརྩོན་ཇི་བྱས་ཞིབ་གསལ་འཁོད་པའི་དྲན་ཐོ་ཞིག་འབུལ་ཆེད་འདི་ནས་ངོ་ཚབ་མི་གསུམ་མངགས་བརྫོང་སོང་བ་ལྟར། དྲི་བསྡུར་གནང་འོས་ཅི་མཆིས་ཁོང་ཚོར་གནང་ན་འཐུས་རྒྱུ། ང་ཚོ་གྲོས་བསྡུར་དོན་ཕན་ལྡན་པ་ཞིག་ཡོང་བ་ལ་ངེས་པར་དུ་ཕན་ཚུན་ཡིད་ཆེས་ཡོད་དགོས་ཤིང༌། ཡིད་ཆེས་ཡོང་བ་ལ་ངོས་ནས་ད་ཕན་འབད་བརྩོན་ཇི་བྱས་རྣམས་རྒྱ་ནག་གི་དབུ་ཁྲིད་ཚོ་དང༌། མི་མང་ནས་ཀྱང་གསལ་པོ་མཁྱེན་རྒྱུ་གལ་ཆེན་པོ་ཡིན།

ད་ཕན་ངོས་ནས་བོད་དོན་དཀའ་རྙོག་སེལ་ཐབས་བསམ་འཆར་མང་པོ་བཏོན་ཟིན་ཅིང༌། ཁྱེད་རྣམ་པར་བོད་རྒྱ་ནག་དང་མཉམ་དུ་སྡོད་དགོས་པའི་ཐུགས་འདོད་ཡོད་ཚེ་ད་ཆ་རྒྱ་ནག་གཞུང་ནས་དངོས་སུ་དོན་ཕན་ལྡན་པའི་བསམ་འཆར་འདོན་རྒྱུའི་དུས་ལ་བབས་ཡོད་པར་བརྟེན། ངོས་ཀྱི་གསལ་བཤད་དེ་དག་ལ་མཛའ་མཐུན་གུ་ཡངས་ཀྱི་སྒོ་ནས་དགོངས་བཞེས་བརྡ་ལན་གནང་བའི་རེ་བ་ཆེན་པོ་ཡོད། གུས་འདུད་དང༌། འཚམས་འདྲི་བཅས། ཏཱ་ལའི་བླ་མས། ༡༩༩༢ ཟླ་ ༩ ཚེས་ ༡༡ ལ།ཕུལ།།

ཕྱག་བྲིས་དང་མཉམ་དུ་ཕུལ་བའི་དྲན་ཐོ།

༄༅། ༡༩༩༢ ཕྱི་ཟླ་ ༦ ཚེས་ ༢༢ ཉིན། པེ་ཅིང་དུ་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་གྱི་གཙོ་འཛིན་ཏིང་ཀོན་ཀིན་ནས། རྒྱ་ལོ་དོན་གྲུབ་ལ་གསུངས་དོན་སྙིང་པོར། ༡༩༧༩ ལོ་ཏེང་ཞའོ་ཕིང་ནས་རྒྱ་ལོ་དོན་གྲུབ་ལ་བོད་རང་བཙན་གྱི་བསམ་ཙུལ་བཅངས་ན་མི་འགྲིགས། དེ་མིན་དོན་གནད་གཞན་དག་ཅི་འདྲ་ཞིག་ཡིན་ཀྱང་ང་ཚོ་གོ་བསྡུར་བྱས་ཏེ་དཀའ་ངལ་ཚང་མ་སེལ་ཐུབ་རྒྱུ་གསུངས་པ་དེར་འགྱུར་བ་མེད། ང་ཚོའི་མཐོང་ཚུལ་ལ། ཏཱ་ལའི་བླ་མས་རང་བཙན་གྱི་ལས་འགུལ་མུ་མཐུད་གནང་གི་འདུག་པས། དེ་མཚམས་འཇོག་གནང་ན་ལམ་སེང་ང་ཚོ་གོ་བསྡུར་བྱས་ན་འགྲིགས་ཞེས་ད་ཕན་རྒྱ་ནག་གཞུང་ནས་ཐེངས་མང་བཤད་པའི་སྐད་ཅ་དེ་བསྐྱར་བརྗོད་བྱས་འདུག དེ་ལ་གཞིགས་ན་ངོས་ནས་བོད་རྒྱའི་འབྲེལ་ལམ་ཐད་ལ་བསམ་ཚུལ་ཅི་འདྲ་ཞིག་འཛིན་གྱི་ཡོད་པའི་སྐོར་ཁྱེད་རྣམ་པས་ད་དུང་གོ་རྟོགས་གསལ་པོ་མ་ཐུབ་པ་ལྟ་བུ་མཐོང་བ་དེ་སྐོར་ད་ལམ་ཞིབ་ཕྲའི་གསལ་བཤད་ཞུ་འདོད་བྱུང་བས་དྲན་ཐོའི་ཡི་གེ་འདི་ཆེད་དུ་ཕུལ་བ་ཡིན།

སྔ་དུས་བོད་རྒྱ་ཐ་དད་རྩོད་མེད་ཡོངས་གྲགས་ཀྱང༌། སོག་དུས་དང༌། མན་ཇུའི་དུས་སྐབས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་དེར་གོ་དོན་ཕྱིན་ཅི་ལོག་ཏུ་བཟུང་བར་བརྟེན་ནས་གོ་མིན་ཏང་དང་གུང་ཁྲན་ཏང་གི་དུས་སྐབས་བར་དུ་རྩོད་རྙོག་རིམ་པར་བྱུང༌། བོད་རྒྱའི་དབར་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ བཞག་པ་དེས། བོད་ཀྱི་གནས་སྟངས་དམིགས་བསལ་ཅན་ཡིནཔ་རྒྱ་ནག་གཞུང་གིས་ངོས་ལེན་བྱས་ཡོད།

༡༩༥༤ ལོ་ངོས་རང་པེ་ཅིང་དུ་བསྐྱོད་པར། སྐབས་དེའི་ཏང་གི་འགོ་ཁྲིད་ཕལ་མོ་ཆེ་ཁ་གསལ་གཏིང་གསལ་དང༌། སྐད་ཅ་ཐད་ཀར་ཉན་བརྗོད་བདེ་པོ་ཡོད་པ་ལྟ་བུ་དང༌། ལྷག་པར་དུ་མའོ་ཙེ་ཏུང་མཇལ་འཕྲད་སྔ་རྗེས་སྐབས་གསུང་གསལ། རྒྱ་ནག་གིས་བོད་ཀྱི་རང་བཞིན་གྱི་མཐུན་རྐྱེན་རྣམས་བེད་སྤྱོད་ཀྱིས་བོད་ཡར་རྒྱས་གཏོང་རྒྱུ་ཡིན་ཞིང༌། ཀྲང་ཅིང་ཨུ་དང༌། ཕན་མིང་གཉིས་ངོས་དང་བོད་མི་མང་ལ་རོགས་རམ་བྱེད་ཆེད་བོད་དུ་བཏང་བ་ལས། ཁོང་ཚོ་བོད་གཞུང་དང༌། མི་མང་ལ་དབང་སྒྱུར་བྱེད་དུ་ཕྱིན་པ་མིན། བོད་ནང་ཡོད་པའི་རྒྱ་མི་ལས་བྱེད་རྣམས་བོད་མིར་རོགས་རམ་བྱེད་མཁན་ཡིན་པས། བོད་ཡར་རྒྱས་ཕྱིན་མཚམས་རྒྱ་མི་རྣམས་ཕྱིར་འཐེན་བྱ་རྒྱུ། རོགས་རམ་མི་བྱེད་མཁན་གྱི་ལས་བྱེད་སུ་ཞིག་ཡིན་རུང་ལམ་སེང་རྒྱ་ནག་ཏུ་ཕྱིར་སློག་བྱས་ན་འགྲིགས་ཞེས་དང༌། ཡང༌། དེ་དུས་རྒྱ་ནག་གཞུང་གི་གཏན་འབེབས་སུ། བོད་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་བཙུགས་ཏེ་རྒྱ་ནག་གཞུང་གིས་ཐད་ཀར་ལྟ་རྟོག་བྱེད་འཆར་ཡང༌། ད་ཆ་དེ་ལྟར་མ་དགོས་པར་དེའི་ཚབ་ཏུ་བོད་རང་སྐྱོང་ལྗོངས་གྲྭ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཐག་གཅོད་བྱས། ངོས་རྒྱ་ནག་ནས་བོད་དུ་ལོག་ཁའི་མཇལ་འཕྲད་སར་མའོ་ཙེ་ཏུ་གིས། དམངས་གཙོའི་སྐོར་འགྲེལ་བཤད་རིང་པོ་ཞིག་བྱས་རྗེས་ངོས་ནས་མི་མང་གི་འགོ་ཁྲིད་བྱེད་དགོས་པ་དང༌། བསམ་ཚུལ་ཉན་སྟངས་སོགས་སློབ་སྟོན་ཟོལ་མེད་ཐོག་བྱམས་ཞེན་ཆེ་མདོག་དང༌། དལ་ཞིང་འཇམ་པའི་རྣམ་འགྱུར་སེམས་འགུལ་ཐེབས་པ་བསྟན་བྱུང༌། སྐབས་དེར་ཀྲའོ་ཨན་ལན་ལའང་ངོས་ནས་ང་ཚོའི་ཡུལ་དུ་ཆབ་སྲིད་དང༌། དཔར་འབྱོར། སྤྱི་ཚོགས་ཀྱི་གནས་སྟངས་བཅས་ཡར་རྒྱས་གཏོང་དགོས་པ་ང་ཚོས་ཤེས་ཀྱི་ཡོད། དེ་སྐོར་ངོས་ནས་ཀྱང་འགོ་འཛུགས་བྱས་ཡོད་ཅེས་བརྗོད་པ་ཡིན། ངོས་རྒྱ་ནག་ནས་བོད་དུ་ཕྱིར་ལོག་སྐབས་ལམ་བར་ཀྲང་གོ་ཧྭ་ཐུག་འཕྲད་བྱུང་བར། ངོས་རྒྱ་ནག་ཏུ་རང་ཡུལ་དང༌། མི་མང་གི་མ་འོངས་པའི་གནས་སྟངས་སྐོར་བློ་དོགས་ཆེན་པོའི་ངང་བསྐྱོད་ན་ཡང༌། ད་ཆ་བོད་དུ་ཕྱིར་ལོག་སྐབས་བློ་དོགས་མེད་པར་རེ་བ་ཆེན་པོའི་ངང་ཡོང་གི་ཡོད་ཅེས་བཤད་པ་ཡིན། རང་ངོས་ལ་རྒྱ་ཆེའི་མང་ཚོགས་དང༌། ལྷག་པར་དུ་དབུལ་ཕོངས་ཉམ་ཐག་རིགས་ལ་ཕན་བདེ་སྒྲུབ་འདོད་ཀྱི་བསམ་ཚུལ་ཞིག་རང་བཞིན་ལྷན་སྐྱེས་སུ་ཡོད་མུས་ཐོག་སྐབས་དེའི་ཏང་གི་འགོ་ཁྲིད་ཚོའི་རྣམ་འགྱུར་མཐོང་བས། ཕྱིན་ཆད་བོད་རྒྱ་མཛའ་མཐུན་རོགས་རེས་ཀྱི་ལམ་ནས་བོད་ཡུལ་ཡར་རྒྱས་ལེགས་པོ་ཞིག་ཡོང་རྒྱུའི་རེ་བ་ཆེན་པོ་བྱུང༌། དེ་རྣམས་ནི་བོད་རྒྱའི་འབྲེལ་ལམ་སྐོར་སྐབས་དེའི་ཕྲན་གྱི་ཐོག་མའི་བསམ་ཚུལ་འཆར་སྒོ་རྣམས་ཡིན།

སྐབས་དེར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས་གཉིས་ཕན་ཡོང་རེ་བྱེད་རྒྱུ་ཙམ་ལས་བྱ་ཐབས་གཞན་མེད་སྟབས། ༡༩༥༦ ལོར་ལྷ་སར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཏེ་བསམ་པ་རྣམ་དག་གིས་ལས་དོན་མཉམ་སྒྲུབ་བྱེད་རྩིས་ཀྱང༌། སྐབས་དེར་བོད་ཤར་རྒྱུད་ལི་ཐང་སོགས་མདོ་སྟོད་སྨད་ཀྱི་བོད་རིགས་ས་ཁུལ་ཁག་ལ་དམར་པོའི་ལྟ་སྤྱོད་ལག་ལེན་འགེལ་ཆེད་དྲག་གནོན་ལས་ཐབས་མི་སྤྱོད་ལས་འདས་པ་ཧ་ཅང་ཐ་ཆད་ལག་བསྟར་བྱས་པར་བརྟེན་བོད་མི་ཚོས་ཀྱང་དངོས་སུ་རྒྱ་མིར་ངོ་རྒོལ་བྱེད་པའི་གནས་ཚུལ་ཐོན་ན་ཡང༌། ངོས་རང་རྒྱ་ནག་ཏུ་བསྐྱོད་སྐབས་མའོ་ཙེ་ཏུང་གིས་ཁས་ལེན་མང་པོ་གནང་ཡོད་པར་བརྟེན། བོད་ནང་དྲག་གནོན་གྱི་བྱ་སྤྱོད་དེར་མའོ་ཙེ་ཏུང་གིས་བཀའ་འཁྲོལ་གནང་གི་རེད་བསམ་པ་མ་བྱུང་ཞིང༌། ངོས་ནས་མའོ་ཙེ་ཏུང་ལ་བོད་ནང་གི་གནས་ཚུལ་གསལ་བཤད་ཐོག དྲག་གནོན་མཚམས་འཇོག་ཡོང་བའི་ཡི་གེ་སྔ་རྗེས་གསུམ་བཏང་ཡང་བློ་ཕམ་པ་ཞིག་ལ་གནས་ལན་གང་ཡང་མ་སོན། ༡༩༥༦ ལོ་མཇུག་ཏུ་སངས་རྒྱས་རྗེས་དྲན་གྱི་མཛད་སྒོའི་ཆེད་ངོས་རང་རྒྱ་གར་དུ་སླེབས། སྐབས་དེར་བོད་མི་མང་པོ་ཞིག་གིས་ད་ཆ་ཏཱ་ལའི་བླ་མ་རྒྱ་གར་དུ་བཞུགས་ཏེ་རྒྱ་མིར་བཀའ་མོལ་གནང་རྒྱུ་ལས། བོད་དུ་ཕྱིར་ཕེབས་གནང་མི་རུང་ཞེས་རྒྱུ་མཚན་དཔེ་མཚོན་ཇི་སྙེད་དང་བཅས་ནན་བརྗོད་ལ་བརྟེན་རང་ངོས་ནས་ཀྱང་རེ་ཞིག་རྒྱ་གར་དུ་བསྡད་ན་སྙམ་པ་དྲན་བྱུང༌། རྒྱ་གར་དུ་ཀྲའོ་ཨན་ལན་མཇལ་འཕྲད་སྐབས། ངོས་ནས་ཁམས་དང༌། ཨ་མདོ་ཁུལ་དུ་བཅོས་སྒྱུར་ལ་བསྙད་དེ་བོད་མིར་དྲག་གནོན་ཤིན་ཏུ་བློ་ཕམ་འོས་པ་བྱས་ལུགས་བརྗོད་པར། ཀྲའོ་ཨན་ལན་ནས། གནས་ཚུལ་དེ་ཚོའི་ཐད་ལས་བྱེད་པས་ནོར་འཁྲུལ་བྱུང་ལུགས། བོད་ནང་གི་བཅོས་སྒྱུར་བོད་མིའི་བསམ་འདོད་དང་བསྟུན་ནས་མ་གཏོགས་མི་བྱེད། བཅོས་སྒྱུར་ལོ་དྲུག་དུས་འགྱངས་ཟིན་ལུགས། བོད་ནང་ཟིང་ལངས་མི་འབྱུང་ཆེད་ཏཱ་ལའི་བླ་མ་གང་མགྱོགས་བོད་དུ་ཕྱིར་ཕེབས་གནང་ལེགས་བཅས་བརྗོད་བྱུང་བ་དང༌། ཀྲའོ་ཨན་ལན་ནས། རྒྱ་གར་གྱི་སྲིད་བློན་ནེ་ཧ་རུར། བོད་ནི་རྒྱ་ནག་གི་ཞིང་ཆེན་ལྟ་བུར་ངོས་འཛིན་བྱེད་ཀྱི་མེད། མི་རིགས་ཀྱང་རྒྱ་མི་རིགས་དང་ཐ་དད་རེད། བོད་ནི་ནང་གི་རང་དབང་ཡོད་པའི་ས་ཁུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག རྒྱ་གར་གྱི་སྲིད་བློན་ནེ་ཧ་རུས་ངོས་ལ་གསུང་དོན། ཀྲའོ་ཨན་ལན་ནས་བོད་ནང་གི་རང་དབང་ལ་རྩི་འཇོག་བྱེད་རྒྱུའི་ཁས་ལེན་བྱས་ལུགས་དང༌། ནང་གི་རང་དབང་དེ་འཛིན་སྐྱོང་ཐུབ་པ་བྱེད་དགོས། སྒྱུར་བཅོས་ཆེད་རྒྱ་མི་དང་མཉམ་ལས་བྱེད་དགོས་ལུགས་སོགས་སློབ་སྟོན་གནང་བར་བརྟེན། དེ་དུས་བོད་ནང་གི་གནས་ཚུལ་ཉེན་ཁ་ཆེ་ཞིང་འུ་ཐུག་ཏུ་གྱར་ཡོད་པ་དེ་ལྟར་ཡང༌། རྒྱ་ནག་གཞུང་གིས་ཁས་ལེན་བྱས་པ་རྣམས་ལག་ལེན་དུ་འགེལ་བའི་གོ་སྐབས་ད་དུང་སྤྲོད་རྒྱུར་སེམས་ཐག་གཙང་བཅད་ཀྱིས་ངོས་རང་རྒྱ་གར་ནས་ཕྱོར་ལོག་བྱས་པ་ཡིན། རྒྱ་གར་ནས་ལྷ་སར་ཕྱིར་ལོག་གི་ལམ་འཁེལ་གྲོ་མོ་དང༌། རྒྱལ་རྩེ། གཞིས་རྩེ་གསུམ་དང༌། ལྷ་སར་འབྱོར་རྗེས་བཅས་པར་ངོས་ནས་རྒྱ་བོད་ལས་བྱེད་ཚོར་གླེང་མོལ་སྐབས། རྒྱ་རིགས་རྣམས་བོད་མིར་དབང་སྒྱུར་བྱེད་མཁན་མིན་པ་དང༌། བོད་མི་རྒྱའི་མི་སེར་མིན་ལུགས། ང་ཚོར་ནང་གི་རང་དབང་ཡོད་པའི་རང་སྐྱོང་ལྗོངས་འཛུགས་རྒྱུའི་ཁས་ལེན་ཡོད་པ་དེ་དག་ལེགས་པར་འགྲུབ་ཐབས་ལ་ཚང་མས་འབད་བརྩོན་བྱེད་དགོས། རྒྱ་རིགས་རྣམས་བོད་དུ་ཕན་གྲོགས་བྱེད་དུ་བཏང་བ་ཡིན་སྟབས་ཁྱེད་ཚོས་ངོ་ཚོར་ཕན་གྲོགས་མ་བྱས་ན་ཁྱེད་ཚོའི་དབུས་གཞུང་གི་བཀའ་དང་འགལ་བ་རེད་ཅེས་རྒྱ་ནག་གི་དབང་འཛིན་པ་ཚོས་ངོས་ལ་ཁས་ལེན་བྱུང་ལུགས་སོགས་བསྐྱར་བཤད་ནན་བརྗོད་བྱས་ཏེ་བོད་རྒྱ་མཉམ་ལས་འཐུས་ཚང་ཡོང་བའི་འབད་བརྩོན་གང་ཐུབ་བྱས་པ་ཡིན།

འོན་ཀྱང་གོང་སྨོས་ལྟར་བོད་ཤར་རྒྱུད་ས་ཁུལ་ཁག་ལ་དྲག་གནོན་རྩུབ་སྤྱོད་འོག་སྡོད་མ་ཆགས་པར་ཁམས་དང༌། ཨ་མདོའི་ཁུལ་ནས་བོད་མི་རྒན་བྱིས་སྟོང་ཕྲག་མང་པ་ལྷ་སར་བཙན་བྱོལ་དུ་འབྱོར། རྒྱ་མིའི་བྱ་སྤྱོད་གོང་གསལ་ལག་ལེན་བསྟར་སྟངས་འདིས་རྒྱ་ཕྱོགས་ཀྱི་ཁས་ལེན་ལ་ཡིད་རྟེན་མེད་པར་གྱུར་ཏེ་རྒྱ་ཆེའི་མང་ཚོགས་རྣམས་བློ་གཡརང་དང༌། རྒྱ་མིར་མི་དགའ་བའི་བསམ་ཚུལ་ཤུགས་ཆེར་གྱུར་ནས་གནས་སྟངས་ཇེ་སྡུག་ཏུ་སོང་རུང༌། ངོས་ནས་ད་དུང་བོད་མི་ཚོར་ཞི་བའི་ལམ་ནས་འགྲིགས་ཐབས་བཟོད་བསྲན་དགོས་པའི་སློབ་སྟོན་འབད་བརྩོན་ཇི་སྙེད་ཅིག་བྱས་ཤིང༌། བོད་མི་ཚོ་ངོས་རང་ལ་ཡིད་ཆེས་བརླག་པའི་ཉེན་ཁ་ཡོད་བཞིན་དུ་ལྷ་སྡོད་རྒྱ་མིའི་དཔོན་རིགས་ཚོར་འབྲེལ་ལམ་མ་ཆད་པའི་འབད་བརྩོན་གང་ཡོང་བྱས་ཀྱང༌། མཐར་ ༡༩༥༩ ལོའི་རྐྱེན་ངན་གློ་བུར་བ་དེ་བྱུང་ནས་ངོས་རང་རྒྱ་གར་དུ་བཙན་བྱོལ་ལ་མི་ཡོང་ཐུ་མེད་བྱུང་ཞིང༌། འུ་ཐུག་ཐབས་ཟད་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་ལ་བོད་རྒྱའི་གནས་སྟངས་སྐོར་ལ་སྙན་ཞུ་མི་འབུལ་ཐུ་མེད་བྱུང་བ་དང༌། རྒྱལ་ཚོགས་ཚོགས་ཆེན་ནས་ཀྱང་དེ་སྐོར་གྲོས་མོལ་གྱིས་ ༡༩༥༩།༡༩༦༡།༡༩༦༥ ལོ་སོ་སོར་གྲོས་ཆོད་ཐེངས་གསུམ་བཞག་པའི་ནང༌། བོད་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གིས་མཚོན་ཁོང་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། རང་དབང་བཙན་འཕྲོག་བྱེད་པའི་བྱ་སྤྱོད་མཐའ་དག་མཚམས་འཇོག་བྱེད་དགོས་ཞེས་དང༌། འཐུས་མིའི་རྒྱལ་ཁབ་ཁག་ནས་ད་ལམ་གྱི་གྲོས་ཆོད་འདིའི་དོན་གནད་རྣམས་འགྲུབ་ཕྱིར་འོས་ཤིང་འཚམས་པའི་ཐབས་ཤེས་ཅི་ཡོད་ཕྱག་ལེན་མཛད་རྒྱུར་རེ་འདུན་ཞུ་བཞིན་ཡོད། ཅེས་གསལ་པོ་འཁོད་ཡོད་ཀྱང༌། གྲོས་ཆོད་དེ་རྒྱ་ཕྱོགས་ནས་བརྩི་འཇོག་དོན་ཕན་གང་ཡང་མ་བྱུང་བའི་མུར། ཤེས་རིག་གསར་བརྗེ་ཟེར་བའི་ལས་འགུལ་ཚུགས། དེའི་དུས་སུ་ནི་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་གོ་སྐབས་ལྟ་ཅི། རྒྱའི་དབང་འཛིན་བྱེད་མཁན་ངོ་མ་སུ་ཡིན་ཡང་ངོས་བཟུང་དཀའ་བའི་གནས་སྐབས་སུ་སླེབས།

སྔར་ཕན་རྒྱ་གཞུང་དང་འབྲེལ་བ་བྱས་པའི་རིང་བསམ་དོན་མ་འགྲུབ་པ་དང༌། བློ་ཕམ་ཇི་སྙེད་བྱུང་ན་ཡང༌། བོད་རྒྱ་གཉིས་ཇི་སྲིད་བར་ཁྱིམ་མཚེས་སུ་གནས་དགོས་པས་ཞི་མཐུན་རོགས་རེས་བྱེད་གལ་ཆེ་བ་དང༌། དེ་ལྟར་ཡོང་མི་སྲིད་པ་མིན་པ། ཡོང་ཐབས་འབད་བརྩོན་བྱེད་འོས་པར་མཐོང་ནས་ ༡༩༧༡ ལོའི་གསུམ་བཅུའི་གཏམ་གླེང་ནང༌། བོད་མི་ཚཽས་རྒྱ་མི་གུང་ཁྲན་ལ་ངོ་རྒོལ་བྱེད་ནའང༌། ངས་ནི་རྒྱ་མི་རིགས་ལ་ཞེ་སྡང་ནམ་ཡང་བྱེད་མི་ཐུབ། ཞེ་སྡང་ནི་ནུས་ཤུགས་མིན་ལ་ནུས་ཤུགས་ཀྱི་ལྡོག་ཕྱོགས་སུ་གནས་པའི་སྐྱོན་ཆ་ཞིག་ཡིན། བཅོམ་ལྡན་འདས་ཀྱིས། ཞེ་སྡང་གིས་ཞེས་སྡང་འགོག་མི་ཐུབ་གསུངས་པ་ཡང་སྤྱིར་བཏང་ཆོས་བཤད་ཙམ་མིན་པར། དངོས་ཡོད་ཀྱི་གནས་ཚུལ་གསུངས་པ་ཡིན། ཞེ་སྡང་གི་ལམ་ནས་གྲུབ་འབྲས་ཇི་འདྲ་ཞིག་བྱུང་ཡང་ཡུན་རིང་གནས་མི་ཐུབ་པ་མ་ཟད། དེ་ནི་སླར་ཡང་དཀའ་རྙོག་འབོད་པའི་གཡབ་མོ་ཡིན། ད་ལྟའི་ཆར་ངོ་ཚོའི་མི་མང་གི་གནས་སྟངས་ཧ་ཅང་ཛ་དྲག་འདི་འདྲའི་སྐབས་སུ་ཞེ་སྡང་བྱས་ན་ཡིད་ལ་སྡུག་བསྔལ་སྣོན་མ་ཞིག་མ་གཏོགས་གང་ཡང་ཡོང་མི་ཐུབ། ལར་ནས་ང་ཚོས། རང་ཉིད་ཅི་བྱེད་ནམ་ཡང་མི་ཤེས་པའི་མི་རིགས་ཤིག་ལ་ཞེ་སྡང་ཅིའི་ཕྱིར་བྱེད། འགོ་ཁྲིད་པས་དབང་མེད་དུ་གཅུན་འཁྲིད་བྱས་པའི་རྒྱ་མི་ས་ཡ་མང་པོ་ལ་ཞེ་སྡང་ཅི་ཕྱིར་བྱེད། ང་ཚོས་དེ་འདྲའི་འགོ་ཁྲིད་པ་རྣམས་ལའང་ཞེ་སྡང་ཅི་ཕྱིར་བྱེད། གང་ལགས་ཟེར་ན། ཁོང་ཚོས་ཀྱང་རང་གི་བདེན་དོན་དང་རྒྱལ་ཁབ་ཀྱི་ཆེད་དུ་དཀའ་སྡུག་མང་པོ་མྱངས་ཡོད། ངོས་རང་ཞེ་སྡང་གིས་དོན་འགྲུབ་པར་ཡིད་ཆེས་མེད། དུས་རྟག་ཏུ་ཡིད་ཆེས་གཅིག་ཡོད་པ་ནི་ཉིན་གཅིག་དྲང་བདེན་ལ་རྒྱལ་ཁ་ཐོབ་རྒྱུ་དེ་ཡིན་ཞེས་དང༌། ༡༩༧༣ ལོའི་གསུམ་བཅུའི་གཏམ་གླེང་ནང༌། རྒྱ་མིས་བོད་ནང་གི་མི་རྣམས་མངའ་བདག་ཆེན་པོ་གསུམ་གྱི་འོག་ནས་བཅིངས་བཀྲོལ་ཐོབ་སྟེ་རྒྱ་ཆེའི་མི་མང་རྣམས་ཡུལ་གྱི་བདག་པོར་གྱུར་ལུགས་དང༌། བོད་ནང་ཡར་རྒྱས་འཛུགས་སྐྲུན་སྔར་མ་གྲགས་པ་བྱུང་བས་བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་སྤྱོད་ཀྱི་ཡོད་ལུགས་སོགས་དྲིལ་བསྒྲགས་ཇི་ལྟར་བྱེད་པ་བཞིན། བོད་ནང་འགྲོ་བ་མིའི་བདེ་སྐྱིད་བོད་མིའི་འདོད་པ་ཁེངས་ངེས་ཤིག་དངོས་འབྲེལ་ཡོད་ན། ངེད་ཅག་གཞིས་བྱེས་བོད་མིའི་དགོས་དོན་དེ་ག་ཡིན་པས། བསྒྲུབ་བྱ་བདེ་སྐྱིད་ལག་ཏུ་ཡོད་ན་སྒྲུབ་བྱེད་ཐབས་དང་རྣམ་པ་ལ་རྩོད་གླེང་རྒྱག་དོན་ཅི་ཡོད་ཅེས་དང༌། ༡༩༧༩ ལོའི་གསུམ་བཅུའི་གཏམ་གླེང་ནང༌། ཏེང་ཞའོ་ཕིང་གིས་དངོས་ཐོག་བདེན་འཚོལ་བྱ་དགོས་དང༌། རྒྱ་ནག་མི་མང་ལ་ལོ་མང་གི་སྙིང་ནད་འདོན་པའི་ཐོབ་ཐང་ཡོད་དགོས་ལུགས། རང་སྐྱོན་དང་རྗེས་ལུས་ངོས་ལེན་བྱེད་དགོས་ཞེས་པ་སོགས་དྲང་བདེན་ཡར་ཐོན་གུ་ཡངས་ཀྱི་རྣམ་འགྱུར་རིམ་ཐོན་ལ་བསྔགས་བརྗོད་དང་སྦྲགས། འགོ་ཁྲིད་ཚོས་ཀླད་རྙིང་གུ་དོག་དང༌། རང་མཐོང་ཅོལ་ཆུང་མཁྲེགས་བཟུང་དོར་ཏེ། ད་ལྟའི་དུས་རབས་ཀྱི་གནས་སྟངས་ཤེས་ཐུབ་པ་དང༌། རང་ཕྱོགས་ཀྱི་ནོར་འཁྲུལ་མཐོང་ཐུབ་པ། དེ་ངོས་ལེན་བྱེད་ཐུབ་པ། དངོས་ཡོད་གནས་ཚུལ་ཁས་ལེན་ཐུབ་པ། མིའི་རིགས་ཚང་མར་བདེ་སྐྱིད་འདྲ་མཉམ་དགོས་པ་དང༌། དེ་ཡང་ཤོག་བུའི་སྟེང་དུ་ཡོད་པས་མི་ཕན་པར་དངོས་ཡོད་ལག་ལེན་འཁེལ་བ་བཅས་བྱས་ན། དཀའ་རྙོག་ཅི་འདྲ་ཞིག་ཡིན་ཀྱང་དྲང་བདེན་གྱི་ལམ་ནས་སེལ་ཐུབ་ཚུལ་གསལ་པར་བཀོད་དེ་བོད་རྒྱ་ཞི་འགྲིགས་མཛའ་མཐུན་ཡོང་ཐབས་ཀྱི་བསམ་ཚུལ་བརྟན་བཟུང་རྒྱ་ཕྱོགས་ལ་གོ་བསྐོན་འབད་བརྩོན་མུ་མཐུད་བྱས་པ་ཡིན།

༡༩༧༩ ལོ་ཏེང་ཞའོ་ཕིང་གིས་རྒྱ་ལོ་དོན་གྲུབ་པེ་ཅིང་དུ་ཆེད་འབོད་ཐོག བོད་རང་བཙན་གཙང་མ་ཟེར་བ་དང༌། བོད་དང་མེས་རྒྱལ་ཁ་བྲལ་བྱེད་རྒྱུའི་བསམ་ཚུལ་བཅངས་ན་མི་འགྲིགས། དེ་མིན་དོན་གནད་གཞན་དག་ཅི་འདྲ་ཞིག་ཡིན་ཀྱང་ང་ཚོ་གོ་བསྡུར་བྱས་ཏེ་དཀའ་ངལ་ཚང་མ་སེལ་ཐུབ་རྒྱུར། ཕན་ཚུན་འབྲེལ་བ་བྱེད་དགོས། བོད་ནས་ལྟ་སྐོར་ལ་བཏང་འཐུས་གསུངས་པ་ལ་བརྟེན་ནས། ང་ཚོའི་དཀའ་རྙོག་ཞི་བའི་ཐོག་ནས་སེལ་ཐུབ་རྒྱུའི་རེ་བ་ཆེན་པོ་བྱུང་དོན། བོད་ནང་ལྟ་སྐོར་བ་ཡང་བཏང་རྗེས། ༡༩༨༡ ཟླ་ ༣ ཚེས་ ༡༣ ཉིན་ངོས་ནས་ཏེང་ཞའི་ཕིང་ལ་གནས་ཚུལ་ཕུལ་དོན་དུ། བོད་ནང་ལྟ་སྐོར་བ་ཐེངས་གསུམ་བསྐྱོད་དེ་དངོས་ཡོད་གནས་ཚུལ་བཟང་ངན་གཉིས་ཀ་ཞིབ་རྟོགས་ཐུབ་པ་བྱུང་དོན། བོད་རྒྱ་ཆེའི་མི་མང་རྣམས་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་བདེ་སྐྱིད་ཁ་ཡོད་ལག་ཡོད་གཅིག་ཡོད་ན། རྙོག་གླེང་བསམ་འཆར་ཡོང་དོན་གང་ཡང་མེད་ཀྱང༌། དངོས་ཡོད་གནས་ཚུལ་ལ་བོད་མི་བརྒྱ་ཆ་དགུ་བཅུ་ཡན་ལུས་སེམས་གཉིས་ངལ་གྱི་གནས་སྟངས་འོག་བློ་ཕམ་ཤིན་ཏུ་ཆེན་པོའི་ངང་གནས་འདུག དཀའ་ངལ་འདི་དག་རང་བྱུང་གནོད་འཚེས་བྱུང་བ་མིན་པར་མིའི་བྱེད་སྤྱོད་ལས་བྱུང་བ་ཡིན་སྟབས་ད་ཆ་དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། རྒྱུ་མཚན་ལྡན་པའི་ཐབས་ལམ་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པས། རྒྱ་བོད་དབར་དང༌། བོད་ཕྱི་ནང་དབར་མཛའ་འབྲེལ་ཇེ་ཆེར་བཏང་ཐོག འདྲ་མཉམ་དང་དྲང་བདེན་གཞི་རྩར་བཟུང༌། ཕན་ཚུན་གོ་རྟོགས་གསལ་པོ་ཡོང་བ་བྱས་ཏེ། མ་འོངས་པར་བོད་རྒྱ་མཛའ་མཐུན་དམ་ཟབ་ཡོང་བ་དང༌། བོད་མི་མང་ལ་བདེ་སྐྱིད་ཁ་ཡོད་ལག་ཡོད་ཅིག་ཡོང་བའི་དོན་དུ་ཕན་ཚུན་གཉིས་ཕྱོགས་ནས་བཟོད་བསྲན་ཁོག་ཡངས་དང་འབྲེལ་བློ་གྲོས་གཏིང་ཟབ་ཀྱི་སྒོ་ནས་འབད་བརྩོན་ཛ་དྲག་གིས་བྱེད་དགོས་པའི་དུས་ལ་བབས་ཚུལ་དང༌། རང་ངོས་ནས་རྒྱལ་མཚམས་རིས་མེད་འགྲོ་བ་མིའི་རིགས་སྤྱི་དང༌། ལྷག་པར་ཉམ་ཐག་མི་མང་གི་བདེ་དོན་སྒྲུབ་པ་ལ་ཤེས་ཚོད་ནུས་ཚོད་ཀྱི་འབད་བརྩོན་བྱེད་རྒྱུའི་བསམ་ཚུལ་རྒྱུན་བཅངས་ཡོད་མུས། གོང་དོན་ཁག་གི་སྐོར་ཁྱེད་རྣམ་པའི་དགོངས་འཆར་ཇི་ཡོད་གསལ་པོར་ཤེས་རྒྱུའི་རེ་བ་ཡོད་ཅེས་བྲིས་ཡོད་ཀྱང༌། དེ་ལ་ཡིག་ལན་གང་ཡང་མ་སོན་པའི་ཁར། ༡༩༨༡།༧།༢༨ ཉིན་ཧུའུ་ཡའོ་པང་གིས་རྒྱ་ལོ་དོན་གྲུབ་ལ། ཏཱ་ལའི་བླ་མར་འཛིན་པའི་བྱེད་ཕྱོགས་དོན་ཚན་ལྔ་ཞེས་པའི་ཡི་གེ་ཞིག་སྤྲད་པ་དེར་ཧ་ཅང་ཡ་མཚན་དང༌། བླ་ཕམ་པོ་བྱུང༌། གང་ལགས་ཟེར་ན། ང་ཚོས་པེ་ཅིང་ལ་འབྲེལ་བ་མུ་མཐུད་བྱེད་པའི་དགོས་དོན་སྙིང་པོ། མི་རབས་ནས་མི་རབས་བར་བོད་རྒྱ་ཁྱིམ་མཚེས་སུ་སྡོད་དགོས་པའི་བོད་མི་ས་ཡ་དྲུག་འཕྲལ་ཕུགས་བདེ་བར་འཁོད་ཐབས་ཀྱི་རྩ་དོན་ལ་དོ་སྣང་བདག་སྤྲོད་ཅི་ཡང་མ་བྱས་པར། ངོས་རང་མི་སྒེར་གཅིག་གི་གནས་སྟངས་སྐོར་བཤད་དེ་ང་ཚོའི་གྲོས་གཞིའི་སྙིང་པོ་ཁ་ཕྱོགས་སྒྱུར་ཐབས་བྱས་སོང༌། འོན་ཀྱང་རྩ་བའི་ཏེང་ཞའོ་ཕིང་གི་དགོངས་འཆར་དངོས་ཐོག་བདེན་འཚོལ་ཞེས་པ་དང༌། གུ་ཡངས་ཀྱི་སྲིད་བྱུས་ལ་རང་ངོས་ནས་དགའ་མོས་དང༌། རེ་བ་ཆེན་པོ་ཡོད་པའི་དབང་གིས་ཕན་ཚུན་གྱི་བསམ་ཚུལ་གོ་རྟོགས་གསལ་པོ་འབྱུང་ཆེད་བོད་དང༌། རྒྱ་ནག་ཏུ་འདི་ནས་སྐུ་ཚབ་སྔ་རྗེས་བཏང་སྟེ་གོ་སྐབས་ནམ་བྱུང་ལ་སྤྱངས་བཤད་གླེང་མོལ་མུ་མཐུད་བགྱིས་པ་དང༌། ཐོག་མའི་ཏེང་གི་དགོངས་ཚུལ་ལྟར་བོད་ནང་ཤེས་ཡོན་ཡར་རྒྱས་གཏོང་ཆེད་རྒྱ་གར་ནས་དགེ་རྒན་འགའ་ཤས་གཏོང་རྒྱུ་སོགས་ཀྱི་བྱེད་ཕྱོགས་བསམ་འཆར་བཏོན་པ་ལ་ཁག་འདོགས་ཅི་རིགས་ཀྱིས་དོན་སྙིང་ངོས་ལེན་བྱས་མ་བྱུང༌། འབྲེལ་བ་དེ་ཚོའི་ཐོག་ནས་དོན་འབྲས་བྱུང་བ་ནི་བོད་ནང་ལྟ་སྐོར་ཐེངས་བཞི་དང༌། རྒྱ་ནག་ཏུ་སྐུ་ཚབ་ཐེངས་གཉིས་བསྐྱོད་པ། བོད་ཕྱི་ནང་དབར་གཉེན་འཕྲད་འགྲོ་འོང་ཐུབ་པ་ཙམ་ལས། དེ་མིན་རྒྱའི་འགོ་ཁྲིད་ཚོས་ཏེང་གི་དགོངས་ཚུལ་དང་མི་མཐུན་པའི་མཁྲེགས་བཟུང་བྱས་པའི་དབང་གིས་བོད་རྒྱའི་དཀའ་རྙོག་སེལ་བར་དོན་ཕན་གང་ཡང་མ་བྱུང༌།

རང་ངོས་ནས་ད་དུང་རེ་ཐག་མ་བཅད་པར་ ༡༩༨༡།༨༣།༨༤།༨༥ བཅས་པའི་གསུམ་བཅུའི་གཏམ་གླེང་ནང༌། འདས་པའི་ལོ་རྒྱུས་དེ་འདས་ཟིན་པ་དེས་ན། སྐབས་བབས་མ་འོངས་པར་རྒྱ་བོད་གཉིས་མཛའ་གཅུགས་དམ་ལ་བཟང་པོ་ཞིག་གི་ངང་ནས་དོན་དམ་པའི་བདེ་སྐྱིད་ཁ་ཡོད་ལག་ཡོད་ཅིག་དགོས་པ་དེ་ཡིན་པས། ཕན་ཚུན་གཉིས་ཕྱོགས་ནས་བཟོད་བསྲན་ཁོག་ཡངས་ཀྱི་འབད་བརྩོན་བྱེད་གལ་ཆེ་བ་ཡིན་ཞེས་དང༌། མི་རིགས་གང་འདྲ་ཞིག་ཡིན་ན་ཡང་སོ་སོའི་སེམས་ཀྱི་གཏིང་ལ་ཡོད་པའི་བསམ་ཚུལ་ངོ་མ་དེ་གསལ་པོར་འདོན་ཆོག་པ་ཞིག་དང༌། བསམ་ཚུལ་དེ་དག་གཞི་བཟུང་གིས་ལག་ལེན་ཐབས་ཚུལ་སྒོ་དུ་མ་ནས་འབད་ན་གསར་གཏོད་ཡར་རྒྱས་ཀྱི་རྣམ་པ་ཅི་ཡང་ཐོན་ཚུལ། གལ་ཏེ་མིའི་སེམས་ནང་གི་བསམ་ཚུལ་ངོ་མ་དེ་འདོན་དུ་མི་འཇུག་པར་བཙན་ཤུགས་ཀྱིས་འགོག་གནོན་བྱས་པ་ཡིན་ན་དེ་ལ་འཛམ་གླིང་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཞུ་རྒྱུ་མིན་ལུགས། ཕྱོགས་གང་ནས་ཀྱང་ཐེ་བྱུས་མེད་པར་བོད་མི་ས་ཡ་དྲུག་ལ་རང་གི་ཐོུན་མ་ཡིན་པའི་རིག་གཞུང་གཅེས་འཛིན་བྱེད་པ་དང༌། ཡར་རྒྱས་གཏོང་བ། ཆོས་དད་རང་མོས་བྱེད་པ། སོ་སོའི་མ་འོངས་པའི་མདུན་ལམ་རང་ཉིད་ནས་ཐག་གཅོད་བྱེད་པ། རང་གི་ལས་དོན་རང་གིས་སྒྲུབ་པ། སོ་སོའི་འདོད་མོས་ཇི་ཡོད་ཁེངས་ཐུབ་པ་བཅས་ཀྱི་ཐོབ་ཐང་ངེས་པར་དུ་ཡོད་དགོས། ཐབས་ལམ་དེ་ནི་དྲང་བདེན་དང༌། རྒྱུ་མཚན་ལྡན་པ་ཞིག་ཡིན་ཞེས་དང༌། ཡར་རྒྱས་ཆེ་ཆུང་དང༌། དཔལ་འབྱོར་བཟང་ཞན་ལ་མ་ལྟོས་པར། འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་རྣམས་དང༌། ཡུལ་སྡེ་ཕན་ཚུན། གྲོང་པ་ཁྱིམ་མཚེས། མདོར་ན་ལས་གྲའམ། ཁྱིམ་ཚང་གཅིག་གི་ནང་མི་ཚུན་ཆད་མི་རིགས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་རྟེན་སྒོ་ནས་འཚོ་ཞིང་གནས་དགོས་པ་དང༌། ཐམས་ཅད་ཀྱང་བདེ་བ་འདོད་ཅིང༌། སྡུག་བསྔལ་མི་འདོད་པའི་བསམ་ཚུལ་གཅིག་གྱུར་ཡིན་པ་བཅས་ཤེས་རྟོགས་གསལ་པོ་ཐུབ་པ་བྱས་ཏེ། མི་དང་མིའི་བར་ལ་ཕན་ཚུན་བྱམས་པ་དང་བརྩེ་བའི་བསམ་ཚུལ་འཛིན་པ་དང༌། དྲང་བདེན་རྩ་བར་བཟུངས་པའི་ཉན་ཤེས་གོ་ཤེས་བཅས་བྱས་ན། ཆེ་ས་རྒྱལ་སྤྱིའི་ནང་གི་དཀའ་རྙོག་ནས། ཆུང་ས་ཁྱིམ་ཚང་གཅིག་གི་ནང་གི་དཀའ་རྙོག་ཐམས་ཅད་ངང་གིས་སེལ་ཏེ་གཞི་ནས་རྣམས་ཞི་བདེ་བག་ཕེབས་སུ་གནས་ཐུབ་པའི་རེ་བ་ཡོད། ངང་ཚུལ་དེ་ལས་ལྡོག་སྟེ་རང་རྒྱལ་གཞན་ཕམ་དང༌། མཐོ་གནོན་ཕྲག་དོག་ཁོ་ནའི་འདོད་ཚུལ་བཟུང་ན་འཛམ་གླིང་སྤྱི་དང་བྱེ་བྲག་ཚང་མར་ཞི་བདེ་བག་ཕེབས་ནམ་ཡང་འབྱུང་མི་ཐུབ་པས། མི་དང་མིའི་བར་ཕན་ཚུན་བྱམས་བརྩེའི་འབྲེལ་བ་དམ་ཟབ་བྱེད་རྒྱུ་དེ་མི་རིགས་སྤྱིའི་བདེ་རྩར་ཧ་ཅང་དགོས་གལ་ཆེན་པོ་མཐོང་གི་འདུག་ཅེས་དང༌། མིའི་སྤྱི་ཚོགས་ནང་བདེ་སྐྱིད་དངོས་གནས་ཤིག་ཡོང་བ་ལ་བསམ་བློའི་རང་དབང་དེ་ཤིན་ཏུ་གལ་ཆེན་པོ་ཡིན། བསམ་བློའི་རང་དབང་ཡོང་བ་ལ་ཞེད་སྣང་མེད་པའི་ཐོག་ནས་དངོས་གནས་དྲང་གནས་ཀྱི་མཐུན་སྒྲིལ་དམ་གཙང་ཞིག་ཡོད་དགོས། བོད་རྒྱ་གཉིས་ཀྱི་བར་ལ་ཆ་མཚོན་ན་ཡང་གཅིག་གི་གཅིག་ལ་ཞེད་སྣང་བྱེད་མ་དགོས་པ་ཞིག་དང༌། བསམ་བློའི་ནང་ནས་ཕན་ཚུན་བརྩེ་ཞེན་སླེབས་པ་ཞིག་མ་བྱུང་བར་དུ་དཀའ་ངལ་མུ་མཐུད་ཡོང་ངེས་ལ་བསམ་བློའི་ནང་ནས་ཕན་ཚུན་གསལ་པོ་ཤེས་རྟོགས་ཐུབ་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ད་ཆ་རྒྱ་མིའི་ངོས་ནས་བོད་པའི་ཕྱོགས་ཀྱི་འདོད་ཚུལ་རྣམས་ལ་བསམ་བློ་གུ་ཡངས་པོ་དང༌། ངང་རྒྱུད་རིང་པོའི་སྒོ་ནས་བརྟག་དཔྱད་སློབ་སྦྱོང་བྱས་ཏེ་དངོས་ཡོད་གནས་ཚུལ་རྣམས་ཤེས་ཐབས་བྱེད་རྒྱུ་དང༌། ད་ལྟའི་དུས་རབས་དང་མཐུན་པའི་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། རང་གི་བསམ་ཚུལ་དང་མི་མཐུནཔ་ཞིག་བྱུང་མ་ཐག་ལམ་སེང་དོགས་འདྲོགས་དང༌། མཐོང་ཕྱོགས་བྱེད་མི་རུང༌། བསམ་ཚུལ་མི་མཐུན་པ་རྣམས་གསལ་པོར་བརྗོད་རེས་བྱེད་པ་དང༌། རྒྱུ་མཚན་སྦྱངས་བཤད་བྱེད་པ། འདྲ་མཉམ་གཉིས་ཕན་གྱི་སྒོ་ནས་གྲོས་བསྡུར་བྱེད་པ་བཅས་ཀྱི་ཐོག་ནས་ཐག་གཅོད་བྱུང་བ་ཡིན་ན་ཐག་གཅོད་དེ་མིང་དོན་མཚུངས་པའི་ཐག་གཅོད་ཡིན། སེམས་ཀྱི་ནང་ལ་གཞན་ཞིག་དྲན། ཁ་ནས་གཞན་ཞིག་བཤད་པའི་ཐག་གཅོད་དེ་ནི་དངོས་འབྲེལ་གྱི་ཐག་གཅོད་མིན། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་ད་ལྟའི་དུས་ཚོད་འདིར་ཕྱོགས་ཕན་ཚུན་གཉིས་ཀ་ནས་ཡང་ཡང་བསམ་ཚུལ་བརྗོད་རེས་བྱས་ཏེ་གནས་ཚུལ་གོ་རྟོགས་གསལ་པོ་ཡོང་ཆེད་འབྲེལ་བ་དམ་ཟབ་བྱེད་རྒྱུ་འདི་གལ་ཆེ་ཤོས་མཐོང་གི་འདུག རིམ་བཞིན་མི་དང་མིའི་དབར་འབྲེལ་བ་ཇེ་བཟང་དུ་ཕྱིན་པ་བརྒྱུད་དཀའ་རྙོག་ཅི་འདྲ་ཞིག་ཡིན་ཡང་འདྲ་མཉམ་གཉིས་མོས་གྱི་ཐོག་ནས་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་སོགས་ལམ་ཕྱོགས་སྣ་ཚོགས་པའི་ངོས་རང་གི་བསམ་ཚུལ་རྣམས་གསལ་པོར་སྤེལ་བསྒྲགས་རིམ་པར་བྱས་ན་ཡང༌། ངོས་ཀྱི་བསམ་འཆར་བཏོན་པར་རྒྱ་ཕྱོགས་ནས་གོ་ཤེས་གང་ཡང་མ་བྱུང༌།

དེ་ལྟར་བོད་རྒྱའི་དབར་ནང་ཁུལ་འབྲེལ་མོལ་ཇི་བྱས་ལ་དོན་ཕན་གང་ཡང་མ་བྱུང་སྟབས། གཞི་རྩའི་དཀའ་རྙོག་རྣམས་ཐུན་མོང་གི་མོས་མཐུན་ཐོག་གོམ་པ་རིམ་བགྲོད་ཀྱིས་སེལ་ཐབས་ངོས་ཀྱི་བསམ་ཚུལ་ཡོངས་བསྒྲགས་མི་བྱ་མཐུ་མེད་བྱུང་སྟེ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་ཨ་རིར་ཞི་བདེའི་གྲོས་འཆར་དོན་ཚན་ལྔ་གསལ་བསྒྲགས་བྱས། གྲོས་འཆར་དེའི་གླེང་བརྗོད་ནང་དུ། ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་འགྲིགས་འཇགས་ཡོང་རྒྱུའི་བསམ་པ་བཅངས་ཏེ་ཡུན་གནས་ཕུགས་འཕེར་གྱི་ཐབས་ལམ་ཞིག་ཐོན་ཐབས་སུ་གོམ་བགྲོད་དང་པོ་སྤོ་རྒྱུའི་བློ་འདོད་ཡོད། གོམ་བགྲོད་འདིས་མ་འོངས་པར་རྒྱ་ནག་མི་མང་ཐེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཚང་མ་དང་མཉམ་དུ་ཕན་ཚུན་མཛའ་མཐུན་དང༌། མཐུན་འགྱུར་རོགས་རེས་ཀྱི་འབྲེལ་ལམ་བཟང་པོ་ཞིག་ཡོང་རྒྱུའི་ཕན་གྲོགས་སུ་འགྱུར་བའི་རེ་འདུན་ཡོད་ཅེས་བྲིས་ཡོད། ནང་དོན་དངོས་གཞིར།

དོན་ཚན་དང་པོ། བོད་ས་ཡོངས་རྫོགས་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ།

དོན་ཚན་གཉིས་པ། རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་བྱེད་པའི་རྒྱ་ནག་གི་སྲིད་བྱུས་དེས་རྐྱེན་པས་བོད་མིའི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུ།

དོན་ཚན་གསུམ་པ། བོད་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། དམངས་གཙོའི་རང་དབང་རྣམས་ལ་བརྩི་བཀུར་དགོས་རྒྱུ།

དོན་ཚན་བཞི་པ། བོད་ཀྱི་རང་བཞིན་འབྱུང་ཁམས་ཀྱི་ཁོར་ཡུག་བཟང་པོའི་གནས་སྟངས་སྔར་སོར་ཆུད་ཐབས་དང༌། སྲུང་སྐྱོབ་བྱ་དགོས་པའི་ཐོག་བོད་ནང་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་པ་དང༌། རྡུལ་ཕྲན་གྱི་སྙིགས་རོ་རྣམས་ཕུང་གསོག་བྱེད་འཆར་བཅས་མཚམས་འཇོག་དགོས་རྒྱུ།

དོན་ཚན་ལྔ་པ། བོད་ཀྱི་མ་འོངས་པའི་གནས་བབ་དང༌། བོད་རྒྱ་ནག་དབར་གྱི་འབྲེལ་བའི་སྐོར་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་གྲོས་མོལ་འགོ་འཛུགས་དགོས་རྒྱུ།

ཞེས་བཀོད་ཡོད་པའི་ལན་དུ། ༡༩༨༧།༡༠།༡༧ ཉིན་སྐུ་ཞབས་ཡན་མིང་ཕུ་ནས། རྒྱ་ལོ་དོན་གྲུབ་ལ་ཚིག་ཐོ་དོན་ཚན་ལྔ་འཁོད་ཅིག་སྤྲད་པའི་ནང༌། ངོས་ནས་ཞི་བདེའི་གྲོས་འཆར་བཏོན་པ་དེར་སྐྱོན་འཛུགས་ཐོག ༡༩༨༧།༩།༢༧ ཉིན་ལྷ་སར་ངོ་རྒོལ་བྱས་པ་དེ་ངོས་ནས་བརྒྱུད་བསྐུལ་བྱས་ལུགས། དེ་ཚོ་ནི་བོད་མི་མང་གི་ཁེ་ཕན་དང་མི་མཐུན་པའི་ལས་དོན་ཡིན་ལུགས་སྐྱོན་བརྗོད་བྱས་འདུག དེ་ནི་ངོས་ནས་ལྷག་བསམ་ནམ་དག་གིས་འགྲིགས་གཙོའི་ཐབས་ལམ་བཏོན་པར་ཡིད་ཟབ་རྟོག་དཔྱོད་མ་བྱས་པར་བློ་ཕམ་སྐྱེ་གཞིའི་མཐོང་ཆུང་བྱས་པ་ཞིག་ཡིན། འོན་ཀྱང་ངོས་ནས་ཡང་སྐྱར་ང་ཚོའི་བསམ་ཚུལ་གསལ་རྟོགས་ཆེད་དུ་ ༡༩༨༧།༡༢།༡༧ ཉིན་དོན་ཚན་བཅུ་བཞི་འཁོད་པའི་གསལ་བཤད་ཅིག་སྤྲད་པ་ཡིན།

༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་སི་ཏྲས་སི་སྦག་ཏུ་ཡོ་རོབ་གྲོས་ཚོགས་ཐོག་གོང་གསལ་དོན་ཚན་ལྔའི་སྐོར་སླར་ཡང་གསལ་བསྒྲགས་བྱས། གསལ་བསྒྲགས་འདིའི་ནང༌། རྒྱ་ནག་གཞུང་ནས་བོད་ཀྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་འགན་ཁུར་རང་འཇགས་ལེན་རྒུ་དང༌། བོད་བར་གནས་ཀྱི་ས་ཁུལ་ཞིག་ཏུ་མ་བསྒྱུར་བར་རྒྱ་ནག་གིས་བོད་དུ་གྲངས་ཚད་ངེས་ཅན་ལྡན་པའི་དམག་དཔུང་བཞག་ཆོག་རྒྱུ་ཞེས་གསལ་པོར་བཀོད་པའི་ཐོག བོད་མིར་ཉུང་མཐར་དགོས་ངེས་ཀྱི་གཞི་རྩའི་ཐོབ་ཐང་ཁག་ཀྱང་རགས་རིམ་ཞིག་བཀོད་ཡོད། ༡༩༨༨ ལོའི་ངོས་ཀྱི་གྲོས་འཆར་འདི་ལ་བོད་མི་མང་པོ་ཞིག་གིས་ངོ་རྒོལ་བྱས་ཀྱང༌། རང་ངོས་ནས་རྒྱ་བོད་གཉིས་མཉམ་དུ་ཡུན་རིང་མཛའ་མཐུན་ངང་གནས་ཐུབ་པ་དང༌། བོད་མི་ཚོར་ཡང་དགོས་ངེས་རང་ཡུལ་རང་མིས་སྐྱོང་བའི་ཐོབ་ཐང་ཡོད་པ། མ་འངོས་པར་བོད་རྒྱའི་དབར་སྨོས་ཅི། ཁྱིམ་མཚེས་ཡུལ་ཁག་དང་བཅས་པར་ཞི་བདེ་ཡུན་གནས་ཡོང་ཐབས་སུ་བོད་ནང་དྲག་ཤུགས་མེད་པའི་ཞི་བདེའི་ས་ཁུལ་བཟོ་རྒྱུ་བཅས་ཀྱི་གྲོས་འཆར་ལྷག་བསམ་རྣམ་དག་གིས་བཏོན་པ་ཡིན།

༡༩༨༨ ཟླ་ ༩ ཚེས་ ༢༣ ཉིན། རྒྱ་ཕྱོགས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ང་ཚོ་མཉམ་དུ་གོ་བསྡུར་གྲོས་མོལ་བྱེད་འདོད་ཡོད། གྲོས་བསྡུར་ས་གནས་གང་དུ་བྱེད་དང༌། དུས་ཚོད་ནམ་བྱེད་ཏཱ་ལའི་བླ་མས་བསམ་འཆར་བཏོན་ན་དེར་མོས་མཐུན་ཡོད་ཅེས་འཁོད་པར་བརྟེན། ངོས་ནས་པེ་ཅིང་གི་དགོངས་པ་བཞེས་སྟངས་དེར་དགའ་བསུ་དང་སྦྲགས། གྲོས་བསྡུར་བྱེད་ཡུལ་རྒྱལ་སྤྱིའི་ནང་ཡོངས་གྲགས་གྱི་བར་གནས་རྒྱལ་ཁབ་སུད་སིའི་གྲོང་ཁྱེར་འཇི་ནི་ཝ་དང༌། དུས་ཚོད་ ༡༩༨༩ ཟླ་ ༡ ནང་འོས་འགབ། ང་ཚོའི་གྲོས་མོས་བྱེད་མིའི་སྐུ་ཚབ་ཀྱང་གྲ་སྒྲིག་ཟིན་པ་ཡིན་ཞེས་སྐུ་ཚབ་ཚོའི་མིང་ཐོ་དང་བཅས་པ་ ༡༩༨༨།༡༠།༢༥ ཉིན་གསལ་བསྒྲགས་བྱས། དེ་རྗེས་རྒྱ་ཕྱོགས་ནས་ ༡༩༨༨ ཟླ་ ༡༡ ཚེས་ ༡༢ ཉིན། ས་གནས་སུད་སི་མི་འགྲིགས། ལྷ་རབ་པེ་ཅིང་དང༌། དེ་མིན་ཧོང་ཀོང་དུ་དགོས་ལུགས། ཏཱ་ལའི་བླ་མའི་སྐུ་ཚབ་ནང་ཕྱི་རྒྱལ་མི་སྣ་ཡོང་མི་ཆོག སྐུ་ཚབ་ཀྱང་ན་གཞོན་གྱིས་མི་འགྲིགས་པར་མི་རྒན་གྲས་དགོས་ལུགས། རྒྱ་ལོ་དོན་གྲུབ་དགོས་ཚུལ་བཅས་བརྗོད་པར། འདི་ནས་ཕྱི་རྒྱལ་མི་གཅིག་ཡོད་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་སྐོར་སློབ་སྟོན་པ་མ་གཏོགས་སྐུ་ཚབ་ངོ་མ་མིན་པ་དང༌། རྒྱ་ལོ་དོན་གྲུབ་ཀྱང་སློབ་སྟོན་པར་ཞུགས་ན་འགྲིགས་རྒྱུ། སྔོན་འགྲོའི་གྲ་སྒྲིག་གོ་བསྡུར་ཆེད་པེ་ཅིང་གི་འདོད་ཚུལ་ལྟར་ཧོང་ཀོང་དུ་ཕན་ཚུན་སྐུ་ཚབ་ལྷན་འཛོམས་གནང་ན་འགྲིགས་ཞེས་བསམ་བློ་གུ་ཡངས་ཀྱིས་མོས་མཐུན་བྱས་ཀྱང༌། བློ་ཕམ་པ་ཞིག་ལ་རྒྱ་ནག་གཞུང་གིས་དེར་བརྡ་ལན་ཅི་ཡང་མ་བྱས་པར། ཁོང་རང་ཚོས་བཏོན་པའི་བསམ་འཆར་ཧོང་ཀོང་དུ་གྲོས་མོལ་བྱ་རྒྱུ་དེ་ཡང་ལག་ལེན་བསྟར་མེད།

ངོས་ཀྱི་གྲོས་འཆར་བཏོན་པ་ལག་ལེན་འཁེལ་ཐབས་སུ་ལོ་གཉིས་ལྷག་ཙམ་རིང་འབད་བརྩོན་བྱས་ཀྱང་རྒྱ་ཕྱོགས་ནས་བསམ་ཤེས་དང་ལེན་གཏན་ནས་མ་བྱས་སྟབས། ༡༩༩༡ ལོའི་གསུམ་བཅུའི་གཏམ་གླེང་ནང༌། མི་རིང་བར་རྒྱ་ཕྱོགས་ནས་ཁུར་ལེན་གསར་པའི་རིགས་མ་བྱུང་ཚེ་ད་ཆ་ངོས་ནས་སི་ཏྲས་སི་སྦག་ཏུ་བཏོན་པའི་གྲོས་འཆར་འདི་དག་ལག་བསྟར་བྱེད་དགོས་པའི་འགན་ཁུར་གང་ཡང་མེད་པར་བརྩི་རྒྱུ་ཡིན་ཞེས་གསལ་བསྒྲགས་མི་བྱེད་མཐུ་མེད་བྱུང༌། ངོས་ནས་བོད་རྒྱའི་དབར་འགྲིགས་གཙོའི་གྲོས་འཆར་སྔ་རྗེས་བཏོན་པར་དོན་ཕན་མ་བྱུང་སྟབས། སླར་ཡང་ལམ་ཕྱོགས་གཞན་ཞིག་འཚོལ་ཐབས་ཆེད་ ༡༩༩༡ ཟླ་ ༡༠ ཚེས་ ༩ ཉིན་ཨ་རིའི་ཡེལ་གཙུག་ལག་སློབ་གཉེར་ཁང་དུ་བསྐྱོད་སྐབས། ངོས་ནས་གླེང་མོལ་གསལ་བསྒྲགས་བགྱིས་པའི་ནང༌། ངོས་རང་གང་མགྱོགས་བོད་ནང་ལྟ་སྐོར་ཞིག་ལ་འགྲོ་ཐུབ་པའི་བསམ་བློ་ཡོད། དེ་ལ་རྒྱུ་མཚན་གཉིས་ཡོད། དང་པོ། རང་ཉིད་ནས་ས་གནས་ས་ཐོག་ཏུ་བོད་མི་དང་ཐད་ཀར་འབྲེལ་གཏུགས་ཀྱིས་བོད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་བྱ་རྒྱུ་དེ་ཡིན། དེ་ལ་བརྟེན་ནས་རྒྱ་མིའི་འགོ་ཁྲིད་ཚོས་ཀྱང་བོད་མིའི་བསམ་འདུན་ངོ་མ་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོང་རེ་ཡོད། ལྟ་སྐོར་དེའི་སྐབས་ཀྱི་གནས་ཚུལ་མཐོང་བ་དང༌། སོ་སོས་གོ་རྟོགས་བྱུང་བ་རྣམས་གསལ་བསྒྲགས་བྱེད་ཐུབ་པའི་ཆེད་རྒྱ་ནག་གི་འགོ་ཁྲིད་བགྲེས་པ་འགའ་ཞིག་དང༌། གསར་འགོད་པ་ཐེ་བས་ཕྱི་རྒྱལ་གྱི་རྟོག་ཞིབ་པ་བཅས་ངོས་དང་མཉམ་དུ་ཡོང་རྒྱུ་གལ་ཆེན་པོ་ཡིན། གཉིས་པ། ངོས་ཀྱི་མི་མང་ཚོར་འཐབ་རྩོད་ཀྱི་འགྲོ་ལམ་འཚེ་མེད་ཞི་བའི་ལམ་མི་དོར་བའི་འབོད་སྐུལ་སློབ་སྟོན་བྱ་རྒྱུ་དེ་ཡིན། ངོས་ནས་རང་གི་མི་མང་ཚོར་ཐད་ཀར་གླེང་མོལ་བྱེད་ཐུབ་ན་ཞི་བའི་ལམ་བརྒྱུད་དཀའ་རྙོག་སེལ་ཐབས་ལ་གལ་ཆེའི་ནུས་པ་ཐོན་སྲིད་ལ་མཐུན་འགྲིགས་ཀྱི་གོ་རྟོགས་སྤེལ་བའི་གོ་སྐབས་གསར་པ་ཞིག་ཀྱང་འབྱུང་སྲིད། ཅེས་བཀོད་ཡོད་ཀྱང༌། རྒྱ་གཞུང་ནས་ཏཱ་ལའི་བླ་མའི་བསམ་འཆར་དེར་མོས་མཐུན་མེད་ཅེས་ལམ་སེང་དགག་བྱ་བྱས། སྐབས་དེར་གསར་འགོད་པ་ཁག་གཅིག་གིས་ཏཱ་ལའི་བླ་མས་སི་ཏྲས་སི་སྦག་ཏུ་ཡོ་རོབ་གྲོས་ཚོགས་ཐོག་བཏོན་པའི་གྲོས་འཆར་ལག་བསྟར་བྱེད་རྒྱུའི་འགན་ཁུར་མ་བཞེས་ཚེ་ད་ཆ་བོད་རང་བཙན་ཐོག་འབད་བརྩོན་གནང་རྒྱུ་ཡིན་ནམ་ཞེས་དྲིས་བྱུང་བར། ངོས་ནས་གནད་དོན་དེར་ལན་འདེབས་བྱེད་རྒྱུ་མིན་ཞེས་བཤད་པ་ཡིན།

ང་ཚོས་བོད་དོན་སྐོར་རྩོད་གླེང་བྱེད་པ་འདི་ལ་རྒྱ་ཕྱོགས་ནས་བོད་ཀྱི་སྤྱི་ཚོགས་རྙིང་པ་སྐྱར་གསོ་བྱེད་རྩིས་འདུག་ཅེས་དང༌། དེ་ནི་བོད་མི་མང་གི་བདེ་སྐྱིད་ཆེད་མིན་པར་ཏཱ་ལའི་བླ་མ་སྒེར་གྱི་གོ་གནས་དང་ཁེ་ཕན་གྱི་ཆེད་དུ་ཀླད་རྙིང་མཁྲེགས་བཟུང་བྱེད་ཀྱི་ཡོད་པར་ང་ཚོར་དོགས་པ་ཡོད་ཅེས་འཁྱོག་བཤད་ཡ་མཚན་ཅན་བྱས་ཡོད། ངོས་རང་གཞོན་ནུའི་དུས་ནས་བོད་ཀྱི་སྤྱི་ཚོགས་རྙིང་པར་སྐྱོན་ཆ་མང་པོ་མཐོང་གི་ཡོད་ལ་སྐྱོན་ཆ་དེ་དག་སེལ་འདོད་ཀྱང་ཡོད་པར་བརྟེན། སྐྱོན་ཆ་སེལ་ཐབས་ཀྱི་ལས་དོན་བོད་ནང་འགོ་འཛུགས་བྱས་ཤིང༌། རྒྱ་གར་དུ་འབྱོར་ནས་མི་རིང་བར་མང་གཙོའི་ལམ་སྲོལ་ཐོག་གོམ་པ་རིམ་བགྲོད་ཐོག དེ་སྐོར་མང་ཚོགས་ལའང་གཞེན་སྐུལ་མུ་མཐུད་བགྱིས་ཏེ་ད་ཆ་རྒྱལ་སྤྱིའི་མང་གཙོའི་ལམ་ལུགས་དང་མཐུན་པའི་ལག་ལེན་དངོས་སུ་བསྟར་བཞིན་པ་ཀུན་གྱིས་ཤེས་གསལ་ཡིནཔས་མ་འོངས་པའི་བོད་སྤྱི་ཚོགས་རྙིང་པའི་ལམ་ལུགས་སུ་ནམ་ཡང་འགྲོ་མི་སྲིད། ཡང༌། ངོས་ནས་བོད་དོན་རྩོད་གླེང་བྱེད་པ་འདི་དག་ངོས་རང་སྒེར་གྱི་གོ་གནས་ཁེ་ཕན་དོན་གཉེར་ཡིན་མིན་ནི། མ་འོངས་པར་ངོས་ནས་བོད་གཞུང་གི་འགན་ཁུར་དང་ལམ་ལུགས་རྗེས་འབྲེལ་ཆབ་སྲིད་ཀྱི་གོ་གནས་གང་ཡང་ལེན་རྒྱུ་མིན་ཞེས་ཡོངས་བསྒྲགས་སྔ་རྗེས་ཟིན་པས་མ་ཚད། ད་ལྟ་བོད་མི་བཙན་བྱོལ་བའི་ནང་ལག་ལེན་བྱེད་བཞིན་པའི་མང་གཙོའི་བཅའ་ཁྲིམས་དང༌། ༡༩༩༢།༢།༢༦ ཉིན་གསལ་བསྒྲགས་ཟིན་པའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཞེས་པའི་ཡིག་ཆའི་ནང་དུ་ཡང་ཤིན་ཏུ་གསལ་པོར་བཀོད་ཡོད། ཡིག་ཆ་དེའི་མཇུག་བསྡོམས་དོན་བསྡུར་ཡང༌། ཡུལ་གཞན་གྱི་སྲིད་བྱུས་དང༌། ལྟ་བ་འདྲ་མིན་གྱི་ཕྱོགས་གང་དུ་ཡང་མ་ལྷུངས་པའི་བར་གནས་གཙང་མ། ཁྱིམ་མཚེས་ཡུལ་ཁག་དང་འདྲ་མཉམ་གཉིས་ཕན་སྒོ་ནས་མཛའ་མཐུན་མཉམ་གནས་བྱ་རྒྱུ། ཡུལ་ཕྱོགས་གང་ཞིག་ལ་ཡང་སྡང་སེམས་དགྲར་འཛིན་གྱི་ལྟ་བ་སྤངས་ཏེ་མཛའ་གྲོགས་དམ་གཙང་དུ་གནས་དགོས་ལུགས་བཀོད་ཡོད། འདི་ལོའི་གསུམ་བཅུའི་གཏམ་གླེང་ནང༌། བོད་རྒྱ་དབར་ཁ་ཞེ་གཉིས་མེད་འདྲ་མཉམ་མཛའ་མཐུན་གྱི་འབྲེལ་བ་བཟང་པོ་ཞིག་བྱེད་ཐུབ་ན། མི་རིགས་གཉིས་དབར་དུས་རབས་འདིའི་ནང་ལྷགས་པའི་འཁོན་འཛིན་རྣམས་རིམ་བཞིན་སངས་ཐུབ་པས་མ་ཚད། བོད་ཀྱི་རིག་གཞུང་ཐོག་ནས་རྣམ་དཔྱོད་ལྡན་པའི་རྒྱའི་ན་གཞོན་ས་ཡ་མང་པོའི་བསམ་བློའི་ཞི་བདེར་ཕན་ཐོགས་རྒྱ་ཆེ་བསྒྲུབ་ཐུབ་ངེས་ཡིན་ཞེས་བཤད་ཡོད།

ཡང༌། ངོས་ནས་རྒྱ་ནག་གི་འགོ་ཁྲིད་རྣམས་དང་མི་དང་མི་ཕན་ཚུན་ངོ་འཕྲད་གླེང་མོལ་གྱི་ལམ་ནས་གནས་ཚུལ་ཤེས་རྟོགས་ཡོང་རེའི་འབད་བརྩོན་བྱེད་ཐབས་གཞན་ཞིག་ནི། ༡༩༨༠ ལོ་མཇུག་ཏུ་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་བརྒྱུད། ཕྱི་རྒྱལ་ཡུལ་གྲུ་གང་བདེ་ཞིག་ཏུ་ངོས་ནས་ཧུའུ་ཡའོ་པང་མཇལ་འཕྲད་ཡོང་ཐབས་འབོད་སྐུལ་བྱས་པ་དང༌། ༡༩༩༡ ཟླ་ ༡༢ ནང་རྒྱ་ནག་གི་སྲིད་བློན་ལི་ཕང་ལྡི་ལིར་ཕེབས་འབྱོར་སྐབས་ངོས་ནས་མཇལ་འཕྲད་ཞུ་རྩིས་ཀྱི་ཐབས་ཤེས་འབོད་སྐུལ་བྱས་པ་ལའང་དོན་འབྲས་གང་ཡང་མ་བྱུང༌།

གོང་གསལ་གནས་ཚུལ་འདི་རྣམས་ལ་གཟུ་བའོ་བློས་ཞིབ་བརྟག་བྱས་ན། ངོས་ནས་ཐོག་མཐའ་བར་གསུམ་དུ་བོད་རྒྱ་མཉམ་དུ་གནས་ཐབས་ལ་བསམ་ཚུལ་ཅི་འདྲ་ཞིག་འཛིན་པ་དང༌། འབད་བརྩོན་ཇི་ལྟར་བྱེད་ཚུལ་རྣམས་རྟོགས་ཐུབ། དེ་དག་ནི་ངོས་ཀྱི་ལམ་ཕྱོགས་འགྱུར་མེད་བརྟན་པོ་བཟུང་བ་ཞིག་ཡིན། ངོས་རང་གི་བསམ་ཚུལ་དངོས་ཡོད་འདི་འདྲ་ཡིན་བཞིན་དུ། རྒྱ་ཕྱོགས་ནས། ཏེང་ཞའོ་ཕིང་གིས་ ༡༩༧༩ ལོ་བཤད་པའི་རྩ་དོན་ལ་འགྱུར་བ་མེད་ཅེད་དང༌། ཏཱ་ལའི་བླ་མས་ཁ་བྲལ་གྱི་བྱ་སྤྱོད་དོར་ན། ང་ཚོ་གྲོས་མོལ་བྱས་ན་འགྲིགས་ཟེར་བའི་ཚིག་སྐམ་པོ་དེ་བསྐྱར་སྐོར་ཡང་སྐོར་གྱིས་བརྗོད་པ་ལས། ངོས་ནས་ལྷག་བསམ་རྣམ་དག་གིས་བོད་རྒྱ་མཉམ་གནས་ཞི་འགྲིགས་ཡོང་ཐབས་གྲོས་འཆར་བཏོན་པ་ཁག་ལ་དོན་ཕན་ཡོད་པའི་ལན་འདེབས་གང་ཡང་བྱས་མ་བྱུང༌། རྒྱ་མིར་བོད་རྒྱ་ནག་དང་མཉམ་དུ་སྡོད་དགོས་པའི་འདོད་པ་ཡོད་ན། མཉམ་དུ་སྡོད་ཐུབ་པའི་ཆ་རྐྱེན་རྣམས་རྒྱ་མིས་སྒྲུབ་དགོས་པ་དང༌། བོད་མིར་དགོས་ངེས་ཀྱི་ཐོབ་ཐང་འདོད་ཁེངས་བྱུང་ན། རྒྱ་ནག་དང་མཉམ་དུ་བསྡད་ན་ཁེ་ཕན་ཆེ་བ་ཡོང་སྲིད་པ་ང་ཚོས་ཤེས་མ་ཐུབ་པ་མེད།

ད་ཆ་རྒྱ་མིའི་ཕྱོགས་ནས་བོད་རྒྱ་མཉམ་སྡོད་ཐུབ་པའི་ཐབས་ལམ་འདོན་པའི་དུས་ལ་བབས་ཡོད་པས། བོད་རྒྱ་མཛའ་མཐུན་མཉམ་གནས་ཆེད་བོད་ཀྱི་གནས་སྟངས་འདི་དང་འདི་ལྟ་བུ་བྱེད་རྒྱུ་ཡིན་ཞེས་རྩ་དོན་རགས་རིམ་ཞིག་གསལ་པོར་བརྗོད་ཚེ་ཕན་ཚུན་འགྲིགས་ཐབས་ཡོད་མེད་བསམ་གཞིགས་ཐག་གཅོད་བྱེད་བདེ་ཡོང་ངེས་ཡིན། དེས་ན། ཁྱེད་རྣམ་པས་དེང་དུས་འཛམ་གླིང་གི་ཆབ་སྲིད་འགྱུར་འགྲོས་ལ་བསྟུན་ཤེས་པ་དང༌། མིག་རྒྱང་རིང་ཞིང་བློ་གྲོས་དཀྱེལ་ཆེའི་སྒོ་ནས་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཏེ་ཁྱིམ་མཚེས་མི་རིགས་གཉིས་ཇི་སྲིད་བར་མཛའ་མཐུན་ཡུན་གནས་ཡོང་བའི་དགོངས་པ་ཆེ་བཞེས་ཡོད་པ་ཞུ་རྒྱུ་བཅས།། །།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php