ྋགོང་ས་མཆོག་ནས་ཕྱི་ལོ་ ༡༩༩༣ ཟླ་ ༩ ཚེས་ ༤ ཉིན་ཡོངས་ཁྱབ་ཏུ་སྩལ་བའི་

གསར་འགོད་གསལ་བསྒྲགས།

༄༅། །མ་འོངས་པའི་བོད་ཀྱི་གནས་སྟངས་ཐོག་ངོས་ཀྱི་ལངས་ཕྱོགས་གང་འདྲ་ཡིན་ཡང་བསྐྱར་གསལ་བརྗོད་དགོས་པ་ཆགས་ཀྱི་འདུག བོད་ཀྱི་དཀའ་རྙོག་ཅེས་པ་འདི་ནི་ཏཱ་ལའི་བླ་མ་བོད་དུ་ཕྱིར་ལོག་བྱ་རྒྱུ་དང༌། ཏཱ་ལའི་བླ་མའི་མིང་གནས་དང་འབྲེལ་བའི་གནས་ཚུལ་ཞིག་མིན། དེ་ནི་བོད་ནང་གནས་བཞིན་པའི་བོད་མི་ས་ཡ་དྲུག་གི་ཐོབ་ཐང་དང༌། རང་དབང་གི་གནས་ཚུལ་དང་འབྲེལ་བའི་དཀའ་རྙོག་ཡིན་པ་མ་ཟད། དེ་ཡང་གྲོས་མོལ་ཁོ་ནའི་ལམ་ནས་སེལ་ཐབས་བྱ་རྒྱུ་ཞིག་ཡིན་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། ངོས་ཀྱི་ལངས་ཕྱོགས་འདི་ད་བར་བརྟན་པོར་གནས་ཡོད། འོན་ཀྱང་རྒྱ་ཕྱོགས་ནས་གྲོས་མོལ་བྱེད་རྒྱུའི་སྒོ་རྟག་ཏུ་ཕྱེ་ཡོད་ཀྱང་བོད་མིའི་ཕྱོགས་ནས་འདོད་བབས་མེད་ཚུལ་གྱི་འགྲེལ་བརྗོད་བྱས་པ་དེ་ནི་ཆེད་མངགས་མགོ་བོ་རྨོངས་གཞི་བཟོས་པ་ཞིག་རེད། དེ་ནི་ ༡༩༩༣ ཕྱི་ཟླ་ ༨ ཚེས་ ༢༥ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་གཏམ་བཤད་ནས་གསལ་པོ་ཤེས་ཐུབ། ༡༩༧༩ ལོར་ཏེང་ཞའོ་ཕིང་གིས་ཐོག་མར་ངོས་ཀྱི་སྐུ་ཚབ་ལ་བོད་རང་བཙན་མ་གཏོགས་དེ་མིན་གནས་ཚུལ་གང་ཡང་གྲོས་མོལ་བྱས་ན་འགྲིགས་འཐུས་ཞེས་པའི་གཏམ་བཤད་དེ་ད་རེས་སླར་ཡང་བསྐྱར་བཤད་བྱས་འདུག་པ་དང༌། གྲོས་མོལ་གྱི་རྒྱལ་སྒོ་དེ་ཡང་པོར་ཕྱེ་ཡོད་ཅེས་བརྗོད་འདུག ཁོང་ཚོས་གོང་གསལ་བརྗོད་ཚིག་དེ་དག་ལོ་བཅུ་བཞིའི་སྔོན་ཐོག་མར་གསལ་བསྒྲགས་བྱས་པ་ནས་བཟུང་ངོས་ནས་གྲོས་མོལ་བྱ་རྒྱུར་འདོད་མོས་ཡོད་པའི་གསལ་བསྒྲགས་བྱས་པ་མ་ཟད། གྲོས་གཞི་རིམ་པ་མང་པོ་བཏོན་པ་དེ་དག་ཏེང་ཞའོ་ཕིང་རང་ཉིད་ནས་ཞི་འགྲིགས་ཡོང་བའི་ཆ་རྐྱེན་བཏོན་པ་དེ་དག་ལས་བརྒལ་མེད་པ་གསལ་པོ་ཡིན། ངོས་ཀྱི་སྐུ་ཚབ་ཚོས་པེ་ཅིང་དུ་རྒྱ་ནག་དཔོན་རིགས་དང་གྲོས་མོལ་སྐབས་བཏོན་པའི་བསམ་འཆར་དང༌། ༡༩༨༧ ལོར་བོད་དོན་ཞི་བའི་གྲོས་འཆར་དོན་ཚན་ལྔ་ ༡༩༨༨ ལོར་སི་ཏྲས་སི་སྦག་ཏུ་བཏོན་པའི་གསལ་བསྒྲགས་བཅས་ནང་བོད་རང་བཙན་དགོས་འདུན་གྱི་སྐད་ཆ་བཤད་མེད། འོན་ཀྱང་རྒྱ་ཕྱོགས་ནས་ཞི་མོལ་ཇི་འདྲ་ཞིག་ཡོང་ཐབས་སམ། ངོས་ནས་བཏོན་པའི་གྲོས་འཆར་གང་རུང་ལ་ཞིབ་ནན་གྱིས་གོ་བསྡུར་དང༌། འོས་ངེས་ཀྱི་ལན་འདེབས་ཁས་ལེན་གང་ཡང་བྱས་མ་བྱུང༌། དོན་དངོས་རྒྱ་ནག་གཞུང་ནས་དོན་གནད་ཡོད་པའི་དོན་ཚན་གང་ལའང་གྲོས་བསྡུར་ཁས་ལེན་མི་བྱེད་པར་ཐག་གཅོད་བྱ་རྒྱུའི་དོན་གནད་ནི་ངོས་རང་བོད་དུ་ཕྱོར་ལོག་བྱ་རྒྱུའི་སྐོར་ཁོ་ན་ཡིན་ཚུལ་བཤད་ཅིང༌། དེ་དག་མང་ཚོགས་ལའང་གསལ་བསྒྲགས་ཐེངས་མང་བྱས་ཡོད། ངོས་ནས་རྟག་ཏུ་བརྗོད་པ་བཞིན་བོད་ཀྱི་དཀའ་རྙོག་གི་གནད་དོན་ནི་ངོས་རང་བོད་དུ་ཕྱོར་ལོག་བྱ་རྒྱུའི་གནད་དོན་ཞིག་གཏན་ནས་མ་ཡིན་པར་བོད་མི་ས་ཡ་དྲུག་གི་འཚོ་གནས་དང༌། ཁོང་ཚོའི་བདེ་འཇགས། ཐུན་མོང་མ་ཡིན་པའི་རིག་གཞུང་དང༌། ཡར་ཐོན་ཡ་རབས་ཀྱི་རྣམ་པ་དེ་དག་སྲུང་སྐྱོབ་བྱ་རྒྱུ་བཅས་ཡིན། གནད་དོན་གཙོ་བོ་ནི་རྒྱ་མིའི་མི་འབོར་བོད་དུ་གནས་སྤོ་བྱེད་པའི་སྲིད་བྱུས་དེས་བོད་མིའི་འཚོ་གནས་ལ་ཉེན་ཚབས་ཆགས་འཇིག་གི་གནས་ཚུལ་ཡོང་གི་ཡོད་པས་དེ་དག་མཚམས་འཇོག་དགོས་པ་དང༌། བོད་མིའི་གཞི་རྩའི་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་པ། བོད་ནང་དམག་འཐབ་དང༌། རྡུལ་ཕྲན་གྱི་གོ་མཚོན་མེད་པ་བཟོ་དགོས་པ། བོད་མིའི་བདེ་སྡུག་ལ་ཕན་གནོད་འབྲེལ་བའི་གནས་ཚུལ་ཡོངས་ལ་སྟངས་འཛིན་བྱེད་པའི་དབང་ཆ་བོད་མི་རང་ཉིད་ལ་ཕྱིར་སྤྲོད་དགོས་པ། བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ་བཅས་ཡིན། ངོས་ནས་རྟག་ཏུ་ནན་བཤད་བྱས་ཡོད་པ་ལྟར་གྲོས་མོལ་ཇི་འདྲ་ཞིག་ཡིན་རུང་བོད་ས་ཡོངས་རྫོགས་ཚུད་དགོས་པ་ལས་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་ངོས་འཛིན་བྱེད་པའི་ས་ཁུལ་དེ་ཙམ་གྱིས་འཐུས་མི་ཐུབ། ༡༩༩༣ ལོའི་ཕྱི་ཟླ་ ༧ ནང་ངོས་ཀྱི་སྐུ་ཚབ་པེ་ཅིང་དུ་བཏང་ནས་ཏེང་ཞའོ་ཕིང་དང༌། ཅང་ཙེ་མིང་གཉིས་ལ་ཕུལ་བའི་ཡི་གེ་དང༌། དེའི་མཉམ་དུ་ཡོད་པའི་ཟུར་ཐོ། ཏེང་ཞའོ་ཕིང་ལ་ཕུལ་བའི་ཡི་གེ་དང་པོ་བཅས་དེ་རིང་འགྲེམས་སྤེལ་བྱས་པ་ཡིན། འདི་དག་གིས་ངོས་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་པ་དང༌། ཞི་བ་དང༌། དྲང་བདེན། རྒྱུ་མཚན་ལྡན་པའི་ལམ་ནས་ཏེང་ཞའོ་ཕིང་རང་ཉིད་ཀྱིས་བཤད་པའི་གནས་ཚུལ་དེའི་ནང་ཚུད་ནས་དཀའ་རྙོག་སེལ་བའི་ཐབས་ལམ་ཞིག་རྙེད་རྒྱུར་འབད་རྩོལ་ཡང་དག་པ་བྱས་པ་བསྟན་ཡོད། ངོས་ནས་བོད་རང་བཙན་སྐོར་ལ་གྲོས་བསྡུར་བྱེད་དགོས་པ་ནམ་ཡང་བཤད་མེད། རྒྱ་ནག་གིས་གོང་གི་ཡི་གེ་དེ་ཚོར་དོན་ཕན་ལྡན་པའི་ལན་འདེབས་གང་ཡང་བྱས་མ་བྱུང༌། བོད་དོན་ཐོག་རྒྱ་གཞུང་གི་ཀུན་སློང་འཁྱེར་སྟངས་ལ་ངོས་རང་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་གཞུངའབྲེལ་གཏམ་བཤད་ཇི་སྙཻད་ཅིག་བྱས་ཡོད་པ་མཐའ་དག་དོན་དངོས་གནས་ཚུལ་ལ་མགོ་བོ་རྨོངས་སུ་བཅུག་སྟེ་དཀའ་རྙོག་དེར་ཕན་ཐོགས་ཡོད་པའི་གྲོས་མོལ་བྱེད་རྒྱུ་འགྱངས་ཐབས་བྱེད་པ་དང༌། ཁོང་ཚོས་གྲོས་མོལ་བྱ་རྒྱུར་ཨང་བསར་ཡོད་ལུགས་ཀྱི་ལངས་ཕྱོགས་བསྐྱར་བཤད་ནན་བཤད་བྱེད་བཞིན་དུ་བོད་ཀྱི་གནད་དོན་ཐག་གཅོད་གཙང་མ་བྱེད་པའི་ཐབས་ལམ་གྱི་ཚབ་ཏུ་རྒྱ་མི་ཁྱོན་ཆེ་ཞིག་བོད་ནང་གཞིས་ཆགས་བྱེད་པར་ཆེད་རྫོངས་བྱས་ཏེ་བོད་མི་རིགས་ཤུལ་མེད་བཟོ་ཐབས་བྱེད་བཞིན་དུ་ཡོད། ༡༩༩༣ ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ཟི་ཁྲོན་དུ་གསང་བའི་ཚོགས་འདུ་ཞིག་ཚོགས་པའི་གནས་ཚུལ་བདུན་ཕྲག་སྔོན་མའི་ནང་ཤེས་རྟོགས་བྱུང་ལ་དེ་རྗེས་སེམས་འཚབ་དེ་བས་ཆེ་རུ་འགྲོ་གི་འདུག ཚོགས་འདུ་དེའི་ཐོག་རྒྱ་ཕྱོགས་ནས་བོད་མིའི་འཐབ་རྩོད་དེ་དག་སྲིད་བྱུས་གཉིས་ཀྱི་ཐོག་ནས་འགོག་གནོན་བྱ་རྒྱུར་མོས་མཐུན་བྱས་ཡོད་པ་དང༌། དེ་ཡང་བོད་ནང་རྒྱ་མི་སྔར་བས་མང་དུ་གནས་སྤོ་བྱས་ནས་མི་འབོར་གྱི་ཐོག་ནས་བོད་མིའི་སྒེར་ལངས་ལྷིང་འཇགས་བཟོ་རྒྱུ་དང༌། བོད་མིའི་ཆོས་ལུགས་ཀྱི་མི་སྣ་གལ་ཆེ་ཁག་བེད་སྤྱོད་གཏོང་ཐབས། ཆོས་ལུགས་ཀྱི་སྒྲིག་འཛུགས་ཁག་ནང་འཛུལ་ཞུགས་ཀྱིས་ཐེ་བྱུས་བྱེད་རྒྱུ་དང་བོད་མིའི་ལས་འགུལ་ཁ་བྲལ་གཏོང་རྒྱུ་སོགས་གཏན་འབེབས་བྱས་ཡོད་པ་རེད། རྒྱ་ནག་གཞུང་ལ་བོད་ཀྱི་རྩ་དོན་དཀའ་རྙོག་སེལ་ཐབས་ཁ་ཞེ་གཉིས་མེད་ཅིག་ཡོད་ན་ལག་ལེན་གྱི་ཆ་ནས་གོང་གསལ་ཀྱི་ཐག་གཅོད་དེ་དག་མཐའ་གཅིག་ཏུ་མཚམས་འཇོག་བྱེད་དགོས་པ་དང༌། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་བསྡུར་འགོ་འཛུགས་འགྱངས་མེད་བྱེད་དགོས་ཞེས་ངས་སྐུལ་མ་བྱེད་རྒྱུ་ཡིན།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php