༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀར 

་ཞི་བའི་ལམ་སྟོན་གྱི་བཀའ་སློབ་སྩལ་བ།

བོད་གཞུང་དྲ་བ་ལས། ༢༠༡༠ ཟླ་ ༡༡ ཚེས་ ༨ རེས་གཟའ་ཟླ་བ།

      ༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀ་རྒྱལ་སྤྱིའི་གཞོན་ནུའི་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ཨིན་ཊེ་སི་ཚོགས་ཁང་དུ་འཛམ་གླིང་ཡུལ་གྲུ་འདྲ་མིན་ཁག ༢༩ ཙམ་གྱི་གཞོན་སྐྱེས་གཙོ་བོར་གྱུར་བའི་མང་ཚོགས་གྲངས་ ༥༠༠༠ ཙམ་ལ་ཞི་བའི་ལམ་སྟོན་གྱི་བཀའ་སློབ་སྩལ། དེ་ཡང་མགོན་པོ་གང་ཉིད་མཆོག་ཚོགས་ཁང་དུ་ཆིབས་སྒྱུར་མ་བསྐྱང་སྔོན་ཙམ་དུ་གྲོང་ཁྱེར་ཨོ་ས་ཀའི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཡ་སུ་ཡུ་ཁི་ཁོང་རྡོའུ་ལགས་ཀྱིས་ཞི་བདེའི་ལམ་སྟོན་གྱི་ཚོགས་འདུ་དེ་བཞིན་གོ་སྒྲིག་ཞུ་དགོས་དོན་གྱི་ རྒྱབ་ལྗོངས་དང་དམིགས་ཡུལ་རྣམས་ངོ་སྤྲོད་གནང་ཡོད། དེ་རྗེས་༸གོང་ས་མཆོག་ཚོགས་ཁང་དུ་ཆིབས་སྒྱུར་སྐྱོང་སྐབས་མང་ཚོགས་རྣམས་ཡོངས་སུ་རྫོགས་པ་ཡར་བཞེངས་ཏེ་མགོན་པོ་གང་ཉིད་མཆོག་ལ་དགའ་བསུའི་ཐལ་མོ་བརྡབས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་འཛམ་གླིང་ཞི་བའི་ལམ་སྟོན་གྱི་བཀའ་སློབ་སྩལ་དོན། ངོས་རང་གཞོན་སྐྱེས་ཚོ་དང་ཐུག་འཕྲད་བྱ་རྒྱུ་བྱུང་བར་ དགའ་སྤོབས་ཧ་ཅང་ཆེན་པོ་བྱུང་། ད་ལྟ་དུས་རབས་ ༢༡ སླེབས་ཡོད། ངོས་རང་ནི་དུས་རབས་ ༢༠ པའི་མི་ཞིག་ཆགས་ཡོད། གཞོན་སྐྱེས་ཁྱེད་རང་ཚོ་དུས་རབས་ ༢༡ གི་མི་རེད། དུས་རབས་ ༢༡ ནས་ལོ་ ༡༠ ཙམ་ཕྱིན་ཟིན་ཡོད་པས་ད་དུང་ལོ་ ༩༠ ཙམ་ལྷག་ཡོད། དུས་རབས་ ༢༡ པ་འདིར་འཛམ་གླིང་ནང་ཞི་བདེ་ཡོང་རྒྱུའི་འོས་འགན་དེ་ཁྱེད་ཚོར་ཡོད། འཛམ་གླིང་འདིར་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་བྱུང་ན་བསམ་པའི་ཀུན་སློང་འཁྱེར་བ་ཙམ་གྱིས་འདང་གི་མེད། དེ་འདྲ་ཞིག་ཡོང་བར་འདུན་པ་དགོས། དུས་རབས་ ༢༠ པའི་ནང་འཕྲུལ་ཆས་ཡར་རྒྱས་ཧ་ཅང་ཚད་མཐོན་པོར་བསླེབས་ཡོད་ཀྱང་དུས་རབས་དེའི་ནང་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་ཚབས་ཆེ་བྱུང་ཡོད། དམག་འཁྲུག་ཚབས་ཆེ་དེ་འདྲ་ཞིག་བྱུང་བ་བར་བརྟེན་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་གང་ཡང་བྱུང་མེད། དེང་སང་འཛམ་གླིང་ནང་འཚེ་བའི་ལས་གང་ཙམ་འབྱུང་བཞིན་ཡོད་པ་ནི་འདས་པའི་དུས་རབས་ ༢༠ ནང་སྲིད་བྱུས་ནོར་འཕྲུལ་བྱུང་བའི་ཉེར་ལེན་ཡིན། འཕྲུལ་ཆས་དང་ཚན་རིག་གིས་ཞི་བདེ་བསྐྲུན་མི་ཐུབ། སེམས་ཀྱི་ཞི་བདེ་དེ་སེམས་ཚོར་དང་བསམ་བློའི་ཐོག་ནས་ཡོང་དགོས། དུས་རབས་ ༢༠ ནང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཧ་ཅང་མགྱོགས་པོ་ཕྱིན་ཡོད། ཚན་རིག་ལ་བརྟེན་ནས་ང་ཚོར་དགོས་མཁོ་རྣམས་སྒྲུབ་ཐུབ། འདས་པའི་ལོ་ངོ་སྟོང་ཙམ་སྔོན་ནས་མི་རྣམས་རང་གི་མངོན་འདོད་སྒྲུབ་རྒྱུར་སྨོན་ལམ་རྒྱག་རྒྱུ་ཙམ་ཡིན། ད་ཆ་ཚན་རིག་ལ་བརྟེན་ནས་རང་གི་མངོན་འདོད་རྣམས་སྒྲུབ་ཐུབ་ཀྱི་ཡོད། དུས་རབས་འདི་གང་འདྲ་ཆགས་མིན་དེ་ཁྱེད་ཚོར་རག་ལུས་ཡོད། འདུན་པ་ཡོད་པ་དང་སྨོན་ལམ་བརྒྱབ་སྟེ་འཛམ་གླིང་ཞི་བདེ་བསྐྲུན་མི་ཐུབ། འཛམ་གླིང་ཞི་བདེ་ཡོང་བར་དངོས་སུ་ཀུན་སློང་རྣམ་པར་དག་པའི་སྒོ་ནས་ལག་ལེན་བསྟར་དགོས། ཞི་བདེ་ཟེར་བ་དེ་རྙོག་གྲ་མེད་པའི་དོན་མིན། ཇི་སྲིད་མིའི་རྣམ་དཔྱོད་ཡོད་པ་དེ་སྲིད་དུ་བསམ་ཚུལ་མི་མཐུན་པ་དང་རྙོག་གྲ་ཡོང་གི་ཡོད། སེམས་ཅན་བྱ་བྱིའུ་ཚུན་ཆད་ཀྱིས་ཀྱང་འཚེ་བའི་ལས་བྱེད་ཀྱི་ཡོད་ཀྱང་དེ་ཙམ་ཚབས་ཆེན་པོ་བྱེད་ཐུབ་ཀྱི་མེད། བསམ་ཚུལ་དང་རྙོག་གྲ་དེ་དག་གྲོས་མོལ་དང་འཚེ་བ་མེད་པའི་ལམ་ནས་སེལ་དགོས། ཉི་ཧོང་པ་ཁྱེད་རང་ཚོར་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་མཚོན་ཆའི་འོག་དཀའ་སྡུག་ཚད་མེད་མྱངས་ཡོད་པར་བརྟེན་ཁྱེད་ཚོར་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ནུས་པ་ཡོད། ཞི་བདེ་ཟེར་བ་དེ་ཁྲོམ་ནས་ཉོ་མི་ཐུབ། འཛམ་གླིང་ཞི་བདེ་ཡོང་བར་ཤོག་ཟེར་ནས་མ་ཎི་བགྲངས་པ་ཡིན་ནའང་འཛམ་གླིང་ཞི་བདེ་ཡོང་ཐབས་མེད། དུས་རབས་ ༢༠ མཇུག་ཙམ་དུ་འཛམ་གླིང་ནང་ཞི་བདེར་དོན་གཉེར་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད། ངོས་ལ་གྲོགས་པོ་འབྱོར་ལྡན་དེ་འདྲ་ཡོད། ཁོང་ཚོར་རྒྱུ་དངོས་པོ་སོགས་ཀྱི་དཀའ་ངལ་མེད་ནའང་སེམས་ནང་ཞི་བདེས་ཕོངས་པར་བརྟེན་སེམས་པ་མ་སྐྱིད་པ་ཡོང་གི་འདུག དེ་བཞིན་དངུལ་གྱིས་སེམས་ལ་དཀའ་ངལ་འཕར་མ་ཞིག་བཟོ་གི་ཡོད་པས་སེམས་ལ་ཞི་བདེ་མེད་པ་དང་གཉིད་མ་ཁུག་པ། ཟས་ལ་དང་ཁ་ཉམས་པ། ཁྲག་ཤེད་འཕར་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། ཕྱོགས་མཚུངས་ཡང་ཡང་སེམས་འཁྲལ་བྱེད་མཁན་མི་དེའི་ལུས་ཀྱི་ནད་འགོག་བྱེད་ཀྱི་ཟུངས་དེ་ཉམས་ཀྱི་ཡོད་པ་ཚན་རིག་པས་ཤེས་རྟོགས་ཐུབ་ཡོད། དུས་རབས་ ༢༠ པའི་མཇུག་ཙམ་ནས་མི་ཚོས་ཕྱི་དངོས་པོའི་ཡར་རྒྱས་ལ་ཚད་གཞི་ངེས་ཅན་ཞིག་ཡོད་པ་ཤེས་ཐུབ། ཚན་རིག་པ་ཚོས་ད་ཆ་སེམས་ཚོར་དང་བསམ་བློའི་རྣམ་གཞག་ལ་དོ་སྣང་བྱེད་འགོ་བཙུགས་ཡོད། སེམས་དང། སེམས་ཚོར་ཟེར་བ་དེ་གང་འདྲ་རེད། མི་མཐུན་ཕྱོགས་ཀྱི་བསམ་བློ་དེ་ལྡོག་ཐབས་གང་འདྲ་བྱེད་དགོས་པ་སོགས་ཀྱི་གནས་སྟངས་དེར་དམིགས་བསལ་གྱིས་དོ་སྣང་བྱེད་འགོ་བཙུགས་ཡོད། ཁོང་ཚོས་ཆོས་ཀྱི་བསམ་བློའི་ཐོག་ནས་སེམས་ཀྱི་ཞི་བདེ་ལ་དོ་སྣང་བྱས་པ་ཞིག་མིན། ཉེ་ལམ་ངོས་རང་ཨ་རིར་བསྐྱོད་སྐབས་སཊན་ཕོཌ་དང་ཝི་སི་ཀོན་སིན། ཨི་མོ་རི་བཅས་ཨ་རིའི་གཙུག་ལག་སློབ་གྲྭ་ཁག་གསུམ་ཙམ་གྱི་ནང་སེམས་ཚོར་གྱི་རྣམ་གཞག་ལ་དོ་སྣང་གསར་པ་ཞིག་བྱེད་འགོ་བཙུགས་ཡོད་པ་མ་ཟད། གཙུག་ལག་སློབ་གྲྭ་སོ་སོའི་སློབ་ཚན་གྱི་ནང་དུ་སེམས་ལ་སྦྱོང་བརྡར་སྤྲད་དེ་སེམས་ནང་ཞི་བདེ་བསྐྲུན་ཐབས་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་། ཉི་ཧོང་པ་གཞོན་སྐྱེས་ཁྱེད་རང་ཚོས་དབྱིན་ཇི་སྐད་ལ་དོ་སྣང་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག སྤྱིིར་ངོས་ཀྱི་དབྱིན་སྐད་ཡག་པོ་རང་ཤེས་ཀྱི་མེད། དབྱིན་སྐད་དེ་ད་ཆ་འཛམ་གླིང་ནང་དར་གསོ་ཆེན་པོ་ཆགས་ཡོད། དབྱིན་སྐད་ཤེས་ཚེ་མི་སྣ་འདྲ་མིན་ཁག་དང་འབྲེལ་བ་བྱེད་རྒྱུ་དེ་ལས་སླ་པོ་ཡོད། ཉི་ཧོང་ཡུལ་མི་གཅིག་པུ་མིན་པར་ཨ་ཕི་རི་ཀ་དང་དེ་བཞིན་ཡུལ་ལུང་གཞན་གྱི་མི་དང་འབྲེལ་བ་བྱེད་རྒྱུར་ཕན་ཐོགས་ཏན་ཏན་ཡོང་ཐུབ་ངེས་རེད། དབང་པོའི་ཤེས་པ་ཙམ་ལ་བརྟེན་པའི་བདེ་བར་འདོད་བློ་ཁེངས་ཏེ་འདོད་རྒྱུ་མེད། གཙོ་བོ་སེམས་ནང་བདེ་བ་དགོས། བདེ་བ་ངོ་མ་དེ་དབང་ཤེས་ཀྱི་ཚོར་བ་ལ་མ་བརྟེན་པར་ཡིད་བློའི་བདེ་བ་དེ་ཡིན། ངོས་ཀྱིས་དུས་རྒྱུན་ཆོས་ལུགས་ལ་གཞི་མ་བཅོལ་བར་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོ་སོ་སོའི་ཉམས་མྱོང་དང་ཚན་རིག་གི་དཔྱད་པ་བྱས་པའི་གྲུབ་དོན་ལ་གཞི་བཅོལ་བའི་ཐོག་ནས་བཟང་སྤྱོད་དེ་དེང་སང་འཛམ་གླིང་ནང་གལ་ཆེན་པོ་ཆགས་ཡོད། དེང་སང་དངོས་ཡོད་ཀྱི་གནས་སྟངས་དེ་ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པ་ཞིག་ཆགས་ཡོད། ང་ཚོ་དང་ཁྱེད་ཚོ་ཟེར་བའི་བསམ་ཚུལ་ལས་རྙོག་གྲ་ཚང་མ་ཡོང་གི་ཡོད་པར་བརྟེན་ང་ཚོ་དང་ཁྱེད་ཚོ་ཟེར་བའི་བསམ་བློ་དེ་དོར་ནས་ང་ཚོ་ཞེས་གཅིག་གྱུར་གྱི་བསམ་བློ་ཞིག་བསླེབ་ཐུབ་པ་བྱེད་དགོས། ང་ཚོ་ཕྲུ་གུ་མ་འབྱར་གྱི་གནས་སྐབས་སུ་མཐའ་གཅིག་ཏུ་རང་གི་མའི་བྱམས་བརྩེ་ལ་བརྟེན་ནས་འཚོ་དགོས། གྲོས་ཆོད་དང་ཡིག་ཆ་བཞག་པ་ལས་ཞི་བདེ་ཡོང་མི་ཐུབ། ཞི་བདེ་ཡང་དག་པ་ཞིག་ཡོང་བར་ཀུན་སློང་རྣལ་མ་ཞིག་དགོས། ང་ཚོའི་མི་རབས་དེ་ད་ཆ་འཐོན་ཕྱག་ཞུ་རྒྱུའི་དུས་ལ་བསླེབ་ཡོད། གཞོན་སྐྱེད་ཁྱེད་རང་ཚོས་མི་མཐུན་ཕྱོགས་ཀྱི་བསམ་བློ་དེ་ཇེ་ཉུང་དུ་གཏོང་ཐབས་བྱེད་དགོས་པ་བཅས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་ཉིན་རྒྱབ་ཆུ་ཚོད་ ༡ ནས་ ༢།༤༥ ཙམ་ལ་མགོན་པོ་གང་ཉིད་མཆོག་གིས་གཞོན་སྐྱེས་ཁག་གཅིག་གི་དྲི་བར་བཀའ་ལན་མཛད། ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༤།༤༥ ཙམ་ལ་༸གོང་ས་མཆོག་ཉི་ཧོང་གི་གྲོང་ཁྱེར་སྣ་ར་ཞེས་པའི་སྣ་རའི་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས། ཕྱི་ཚེས་ ༧ ༨ ༩ བཅས་ཉིན་གྲངས་གསུམ་གྱི་རིང་མགོན་པོ་གང་ཉིད་མཆོག་གིས་སྣ་རའི་གྲོང་ཚོའི་ནང་མཛད་འཆར་བསྐྱང་འཆར་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༩ ཉིན་མགོན་པོ་གང་ཉིད་མཆོག་ཉི་ཧོང་གི་མཚོ་གླིང་ཤི་ཁོ་ཀུའིི་གྲོང་ཁྱེར་ཉིད་ཧ་མར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php