ཧི་མ་ཅལ་གྲོས་ཚོགས་འཐུས་མིར་ཞོགས་ཟས་ཕུལ་བ།


བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་གོ་སྒྲིག་འོག ༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་བློན་ཆེན། གནད་ཡོད་མི་སྣ་ཁག་ཅིག་དང་གྲོས་ཚོགས་འཐུས་མི་ཁག་ཅིག་བཅས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞོགས་ཟས་ཕུལ་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༨ དང་སྐར་མ་ ༣༠ ཙམ་ནས་ཆུ་ཚོད་གཅིག་ཙམ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་གོ་སྒྲིག་འོག  ༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ P.K. Dhumal ལགས། ཧི་མ་ཅལ་གྲོས་ཚོགས་ཀྱི་ཚོགས་གཙོ་ཊོལ་སེ་རཱམ་ Tulsi Ram ཀོང་རེ་སིའི་ཁ་གཏད་ཚོགས་པའི་ཚོགས་གཙོ་ Vidya Stoker བཅས་ཀྱི་གཙོས་ཧི་མ་ཅལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་བཅས་ལ་ཐེག་ཆེན་ཆོས་ གླིང་གཙུག་ལག་ཁང་དུ་ཞོགས་ཟས་ཤིག་ཕུལ་ཡོད་ལ། དེ་ནི་བོད་པ་རྣམས་སྐྱབས་བཅོལ་དུ་འབྱོར་ཏེ་མི་ལོ་ལྔ་བཅུ་འཁོར་བར་བཀའ་དྲིན་ རྗེས་དྲན་མཚོན་ཆེད་ཡིན་འདུག

སྐབས་དེར་ཧི་མ་ཅལ་ མངའ་སྡེ་བློན་ཆེན་སྐུ་ཞབས་ P.K. Dhumal ལགས་ཀྱིས་གཏམ་བཤད་གནང་དོན། ཉེ་ཆར་ང་ལ་མགྲོན་ཤོག་བསླེབས་ཏེ་འདིར་མཉམ་འཛོམས་ཀྱིས་ཞོགས་ཟས་ཤིག་འབུལ་རྒྱུ་ བཀོད་འདུག་པ་ལྟར་ངས་དང་ལེན་བྱས་པ་ཡིན། དེ་ནི་ཞོགས་ཟས་ཙམ་མིན་པར། ༧གོང་ཏཱ་ལའི་བླ་མ་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་རྩ་ཆེན་པོ་ཞིག་ཏུ་ མཐོང་སོང་། ༧གོང་ས་མཆོག་ནི་ནང་པའི་དགེ་སློང་རྩ་ཆེན་པོ་ཞིག་རེད་ལ། ངས་ཁོང་གི་སྐུ་ཚེ་ཞབས་པད་བརྟན་པ་དང་བོད་ཀྱི་བདེན་མཐའ་མྱུར་ཏེ་གསལ་ཏེ། བོད་ལ་བདེ་སྐྱིད་འབྱུང་བའི་སྨོན་ལམ་རྒྱག་རྒྱུ་ཡིན། དེ་མིན་བོད་དང་རྒྱ་གར་ནི་བྱུང་རབས་ལོ་རྒྱུས་ལས་ཀྱང་ཕན་ཚུན་མཛའ་འབྲེལ་ཡག་པོ་ ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་དེ་མཛའ་འབྲེལ་རྒྱུན་གནས་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད། ཅེས་གསུངས།

ཞོགས་པ་དེར་༧གོང་ས་ མཆོག་གིས་ཐོག་མར་མངའ་སྡེའི་བློན་ཆེན་གཙོས་སྐུ་མགྲོན་ཡོངས་ལ་འཚམས་འདྲི་གནང་ བ་དང་སྦྲགས་གསུང་བཤད་གནང་དོན། སྤྱིར་འཕགས་བོད་གཉིས་ནི་བླ་མ་དང་སློབ་མའི་འབྲེལ་བ་ཧ་ཅང་གི་ཟབ་མོ་ཡོད་པ་ཚང་ མས་མཁྱེན་གསལ་རེད་ལ། ང་རང་སྒེར་གྱི་མི་ཚེའི་དབང་དུ་བྱས་ནའང་། ངས་ཆོས་ཞུ་སའི་བླ་མའི་ནང་གི་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་དང་ རྒན་རིག་འཛིན་བསྟན་པ་རྣམ་གཉིས་ཁུ་ནུ་ཁུལ་ནས་ཕེབས་པ་རེད། དེའི་ཆ་ནས་མངའ་སྡེ་འདིར་དམིགས་བསལ་གྱི་འབྲེལ་བ་ཆགས་འདུག ཅེས་དང་། ང་ཚོ་ལོ་ལྔ་བཅུ་ལྷག་གི་རིང་ས་ཆ་འདིའི་སྟེང་བསྡད་པ་དང་། དངོས་གནས་ལུས་སེམས་གཉིས་ཀ་བདེ་ཞིང་སྐྱིད་པའི་ཐོག  བསྟན་པ་སྤྱིའི་ཞབས་འདེགས་བསྒྲུབ་རྒྱུ་དང་འགྲོ་བ་མི་སྤྱི་ ལ་ཞབས་འདེགས་སྒྲུབ་རྒྱུ། དེ་བཞིན། བོད་གངས་ཅན་ལྗོངས་ཀྱི་རང་དབང་འཐབ་རྩོད་བྱ་རྒྱུའི་ལས་ཀ་གང་ཞིག་ཡིན་རུང་། ས་ཆ་འདིའི་སྟེང་དུ་བསྒྲུབས་པ་དང་ས་ཆ་འདི་ཧ་ཅང་གི་བཀྲ་ཤིས་པའི་ས་ཆ་ཞིག་ཡིན།

 

དེ་བཞིན་ང་ཚོ་ཚང་མ་ ངོ་ཤེས་ཆགས་པ་དང་ནང་ཚགས་ཆགས་ཏེ་ག་དུས་ཐུག་ནའང་། གྲོགས་པོ་ནང་ཚགས་ཐུག་པའི་ཚོར་བ་བསླེབ་ཡོང་གི་འདུག དེ་དང་ཆབས་ཅིག་འདས་པའི་ལོ་བཅུ་ཕྲག་ལྔའི་རིང་ལ། བློན་ཆེན་རེ་རེ་བཞིན་ཕེབས་ཡོང་དུས། ཞལ་རས་མ་འདྲ་བ་དང་གསར་བ་རེ་རེ་ཡོང་གི་འདུག་ལ། དེས་ག་རེ་མཚོན་གི་འདུག་ཟེར་ན། རྒྱ་གར་ནང་མང་གཙོའི་ལག་ལེན་ཡག་པོ་ཡོད་པ་དང་། མི་མང་གི་འོས་བསྡུའི་ཐོག་ནས་གཙོ་འཛིན་ཡར་བསླེབས། ཡང་ལོ་འགའ་ཕྱིན་རྗེས་མི་མང་གིས་དབྱིངས་ཏོག་ཙམ་ཡལ་བའི་ཁ་ཐུག་ལ། ཡང་བསྐྱར་མི་གསར་བ་ཕེབས་ཀྱི་ཡོད་པ་མཚོན་གྱི་འདུག དེ་གཟི་བརྗིད་ཆེན་པོ་རེད་ལ། ང་ས་ཆ་འདིར་བསྡད་དེ་མང་གཙོའི་ཉམས་མྱོང་ལེན་རྒྱུར་ཧ་ཅང་ཕན་ཐོགས་བྱུང་ཞེས་ གསུངས།

ཧི་མ་ཅལ་མངའ་སྡེ་ འདིའི་ནང་དུ་ཆ་བཞག་ན། མངའ་སྡེ་ཡར་རྒྱས་འགྲོ་རྒྱུར་མངའ་སྡེ་བློན་ཆེན་ལགས་ཀྱིས་དབུ་ཁྲིད་པའི་ཁ་གཏད་ ཚོགས་པ་ཡིན་ནའང་འདྲ། གང་ལྟར་ཁྱེད་ཚོ་ཚང་མས་དངོས་སུ་ལག་ལེན་གྱི་ཐོག་ནས་ཡར་རྒྱས་འགྲོ་རྒྱུར་ཐུགས་ འགན་ཆེན་པོ་ཡོད་ལ། ཁྱེད་ཚོས་མངའ་སྡེ་ཡར་རྒྱས་འགྲོ་བའི་ཕྱག་ལས་གང་བྱས་ལམ་འགྲོ་ཡག་པོ་ཡོང་རྒྱུར་ སྨོན་ལམ་ཞུ་བཞིན་ཡོད། ཅེས་གསུངས།

མཛད་སྒོའི་རྗེས་སུ་ འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སུ་ བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཧི་མ་ཅལ་མངའ་སྡེ་གྲོས་ཚོགས་འཐུས་མི་གཉིས་ ལོ་མང་བོར་འབྲེལ་བ་གཏིང་ཟབ་ཡོད་པར་མ་ཟད། ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ནང་དུ་ “ཧི་མ་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་” ཞེས་པ་བཙུགས་ཡོད། དེར་བརྟེན་ང་ཚོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་རིགས་མི་མང་ སྐུ་ཚབ་བྱས་ཏེ་ཧི་མ་ཅལ་མངའ་སྡེའི་མི་མང་གིས་འོས་འདེམས་བྱས་པའི་གྲོས་ཚོགས་ འཐུས་མི་རྣམས་ལ། ག་དུས་ཡིན་ནའང་ཁོང་ཚོ་འདིར་ཕེབས་སྐབས་སྣེ་ལེན་ཞུ་གིན་ཡོད་པ་དང་། ད་ལོར་ཁོང་ཚོ་ཚང་མའི་རེ་བ་ཆེ་ཤོས་༧གོང་ས་མཆོག་དང་ལྷན་དུ་མཉམ་འཛོམས་ཤིག་ཡོང་ རྒྱུའི་རེ་བ་ཆེན་པོ་གནང་གིན་ཡོད་སྟབས། དེ་རིང་གི་ཞོགས་ཟས་དང་ལྷན་དུ་འདུ་འཛོམས་འདི་གོ་སྒྲིག་བྱས་པ་ཡིན། ཧི་མ་ཅལ་མངའ་སྡེ་འདི་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ལྔ་བཅུ་ལྷག་གི་ རིང་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་སྟབས། འཚམས་འདྲི་ཞུ་བ་དང་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཡིན། ཞེས་ངོ་སྤྲོད་གནང་བྱུང་།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php