ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་ནང་བཀོད་དོན། 

       ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་གཉིས་བར་འབྲེལ་བ་ཟབ་མོ་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། འདས་པའི་མི་ལོ་བཅུ་ཕྲག་འགའི་རིང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། དཔལ་འབྱོར་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆ་སྙོམས་ཐོག་ཡར་རྒྱས་ཕྱིན་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། ད་ཆར་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨང་གཉིས་པར་བསླེབས་ཏེ། མི་དམངས་ས་ཡ་མང་པོ་དབུལ་ཕོངས་ཀྱི་དཀའ་སྡུག་ལས་གྲོལ་བཞིན་ཡོད་ཅིང་། གོ་སྐབས་འདི་དང་བསྟུན་ཏེ་ཆབ་སྲིད་གནས་བབ་ཀྱང་གུ་ཡངས་སུ་གཏོང་རྒྱུའི་གོ་སྐབས་ཡོད་པ་མ་ཟད། འདི་དང་ཆབས་ཅིག་རྒྱ་ནག་གི་ཆབ་སྲིད་ལ་འགན་འཁྲི་ཆེན་པོ་ཞིག་ཀྱང་ཡོང་གི་ཡོད།

       རྒྱ་ནག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་ཆོད་མང་པོར་ས་རྟགས་བསྐྱོན་པའི་གྲས་སུ་ཡོད་ཀྱང་། དུས་ཡུན་རིང་པོར་རྩིས་མེད་རྡོག་རོལ་དང་ཆབ་སྲིད་ཐོབ་ཐང་ལ་གཏོར་བཤིག་གཏོང་གི་ཡོད། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༥ ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཡོངས་ལ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་རྒྱུ་དང་། གསར་འགོད་རང་དབང་། འདུ་འཛོམས་རང་དབང་། དེ་བཞིན་བསམ་ཚུལ་མི་མཐུན་པ་དང་ལྟ་གྲུབ་མི་མཐུན་པའི་རིགས་ཀྱིས་གཞུང་ལ་གཏུག་བཤེར་དང་། ངོ་རྒོལ་སྐད་འབོད་སོགས་ཀྱི་ཐོབ་ཐང་ཡོད་པ་སོགས་བཀོད་ཡོད།

 

 

༄༅། །ྋགོང་ས་མཆོག་ནས་སྐུ་ཞབས་ལིའུ་ཞོ་པོ་ལ་འཚམས་འདྲི་གནང་བ

     ངོས་ནས་སྐུ་ཞབས་ལིའུ་ཞོ་པོ་ལ་ལོ་འདིའི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་པར་སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་ནི་རྒྱ་ནག་མི་མང་ནང་ཆབ་སྲིད་དང་། ཆོས་ལུགས། རྩ་ཁྲིམས་བཅས་ལ་བཅོས་སྒྱུར་གྱི་འདོད་ཚུལ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་ཐོབ་པ་ཞིག་ཡིན། འཕེལ་རིམ་དེས་ང་རང་སྒེར་ངོས་ལ་མཚོན་ན་སྐུ་ཞབས་ལིའུ་ཞོ་པོ་ལྟ་བུའི་རྒྱ་ནག་ནང་མང་གཙོ་དར་སྤེལ་དང་། རང་དབང་དོན་གཉེར་མཁན་བརྒྱ་ཕྲག་མང་པོས་ ༢༠༠༨ ལོའི་རྩ་འཛིན་ཡིག་ཆར་མཚན་རྟགས་བཀོད་པ་དེས་ང་ལའང་བློ་སྟོབས་ཆེན་པོ་ཞིག་སྐྱེས་བྱུང་། སྐབས་དེར་ངོས་རང་པོ་ལན་ཌིར་འཚམས་འདྲིར་སྐྱོད་པའི་དུས་ཚིགས་དང་འཁེལ་སྟབས། ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཡིག་ཆ་ཕྱིར་བསྒྲགས་བྱས་ནས་ཉིན་གཉིས་སོང་བ་སྟེ་ཟླ་ ༡༢ ཚེས་ ༡༢ ཉིན་ངོས་ནས་ལས་དོན་དེར་ཡི་རངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བ་ཡིན། ངོས་ལ་རྒྱ་ནག་གི་མི་རབས་གསར་པ་ཚོས་མང་གཙོའི་ལམ་སྲོལ་ལ་ལོངས་སྤྱོད་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་བྱུང་། 
     རྒྱ་ནག་ནང་དོན་དངོས་དང་མཐུན་པའི་སྒྱུར་བཅོས་ཆེན་པོ་ཞིག་གཏོང་ཐུབ་པ་ཡིན་ན། དེས་འཆམ་མཐུན་དང་། བརྟན་ལྷིང་། དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་བཅས་བསྐྲུན་ཐུབ་རྒྱུར་མ་ཟད། འཛམ་གླིང་ཁྱོན་ལ་ཞི་བདེ་བསྐྲུན་རྒྱུར་ཡང་ཕན་རླབས་ཆེན་པོ་ཡོང་རྒྱུ་ཡིན། མཐའ་དོན་ངོས་ནས་གོ་སྐབས་འདི་བཟུང་སྟེ། རྒྱ་ནག་གཞུང་ལ་སྐུ་ཞབས་ལིའུ་ཞོ་པོ་གློད་བཀྲོལ་ཡོང་བའི་འབོད་སྐུལ་བསྐྱར་དུ་ཞུ་བ་དང་ཆབས་ཅིག་སྨྲ་བརྗོད་རང་དབང་གི་གནད་དོན་གྱིས་རྐྱེན་པས་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ཀྱང་གང་མྱུར་གློད་བཀྲོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༨ ལ།

 

ལིག་ཞོ་པོ་ཀློད་དུ་འཇུག་རོཊ།

བོད་ཀྱི་དུས་བབ་ལས། འདོན་སྤེལ། ༢༠༡༠/༡༠/༢༦

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་ཉི་ཧོང་རྒྱལ་ས་ཊོག་ཀྱོའི་ནང་། འཛམ་གླིང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཉི་ཤུའི་ཚོགས་འདུ་དེ་འཚོགས་འཆར་ཡོད་ཅིང་། དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་སོགས་རྒྱལ་ཁབ་ཁག་གི་ཆེས་མཐོའི་དབུ་ཁྲིད་མང་པོ་ཞིག་ལྷན་ཞུགས་གནང་འཆར་ཡོད་པའི་སྐབས་དང་བསྟུན་ཏེ། ལྷོ་ཨ་ཧྥི་རི་ཁའི་ཡེ་ཤུའི་ཆོས་དཔོན་ཊི་སི་མིན་ཊོ་ཊ་མཆོག་དང་༧གོང་ས་མཆོག དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་བ་ཇིན་མིན་ཁ་ཊིར་བཅས་ཀྱི་མཚོན་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ ༡༥ ཙམ་གྱིས་ད་ལྟ་བཙོན་འོག་ཏུ་ཡོད་པའི་རྒྱ་རིགས་རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལིག་ཞོ་པོ་གང་མགྱོགས་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡིག་རེ་ཕུལ་ཡོད་འདུག

ཞུ་ཡིག་དེའི་ནང་དུ།  ཚོགས་ཆེན་དེའི་ཐོག་རྒྱལ་ཁབ་སྟོབས་ཆེན་ཉི་ཤུའི་དབུ་ཁྲིད་ཚོས་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་ལ་གདོང་དང་གདོང་གཏུགས་ཏེ། ད་ལྟ་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིག་ཞོ་པོ་ཀློད་གྲོལ་གཏོང་དགོས་པ་མ་ཟད་ཁོང་ལ་དགའ་བསུ་ཡང་ཞུ་དགོས་པ་དང་།  ཉེ་ཆར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ལིག་ཞོ་པོ་ལ་གཟེངས་རྟགས་ཐོབ་པའི་གནས་ཚུལ་བསྒྲགས་རྗེས། རྒྱ་གཞུང་གིས་ཁོང་གི་ཆུང་མ་ལིག་ཞཱ་ལ་བཀག་སྡོམ་ནན་མོ་བྱས་ཏེ། ཕྱི་ཕྱོགས་སུ་འབྲེལ་བ་བྱ་རྒྱུའི་རང་དབང་ཡོངས་སུ་འཕྲོག་ཡོད་སྟབས། ཁོ་མོར་གུ་ཡངས་ཀྱི་ཐོབ་ཐོབ་ངེས་པར་སྤྲོད་དགོས། ཞེས་བཀོད་ཡོད།

 

མཚན་རྟགས་བཀོད་མཁན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ ༡༥ ནི། བོད་ཀྱི་དབུ་ཁྲིད་༧ཏཱ་ལའི་བླ་མ་མཆོག་དང་ལྷོ་ཨ་ཧྥི་རི་ཁའི་ཡེ་ཤུའི་ཆོས་དཔོན་ཊེ་སི་མོན་ཊོ་ཊོ་ Desmond Tutu  ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིན་མིན་ཁ་ཊིར་ Jimmy Carter  ལྷོ་ཨ་ཧྥི་རི་ཁའི་སྲིད་འཛིན་ཟུར་པ་ཌི་ཁི་ལིར་ཁུག་ de Klerk East Timor གྱི་གཙོ་འཛིན་ཁུར་ལོ་སི་བྷི་ལོ་ Bishop Carlos Belo   ཨི་རན་གྱི་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཡེ་བྷ་ཌེ  Yi Badi  བྱང་ཨར་ལན་ཌིའི་དམངས་གཙོ་ངལ་རྩོལ་ཚོགས་པའི་ཚོགས་གཙོ་ཟུར་པ་ཇོན་ཨ་མིན། John Hume  གྷོ་ཌི་མ་ལའི་བུད་མེད་ལས་འགུལ་བ་མན་ཆོའུ་ Man Chu   པོ་ལན་ཌིའི་སྲིད་འཛིན་ཟུར་པ་ལེ་ཆི་ཝ་ལེ་སི་ Lech Walesa  རོམ་གྱི་རྩོམ་པ་པོ་དང་ཆབ་སྲིད་ལས་འགུལ་བ་ཝེ་སིར་ Wieser   བྱང་ཨར་ལན་ཌིའི་བུད་མེད་ལས་འགུལ་བ་བྷི་ཊི ཝི་ལམ་སི་ Betty Williams  ཨ་རིའི་དགེ་རྒན་ཇོ་ཌེ་ཝེ་ལམ་སིི་ Jody Williams །ཨར་ལན་ཌིའི་ཞི་བདེ་ལས་འགུལ་བ་ཤིན་མ་ལི་ཌི མཱ་ཇིར་རི་ Shimalide • Maguire  ཁེན་ཡ་ཁོར་ཡིག་དང་ཆབ་སྲིད་ལས་འགུལ་བ་ཝང་གྷི་རི མཱ་ཐེ་ Wangari Maathai   བྱང་ཨར་ལན་ཌིའི་བློན་ཆེན་ཟུར་བ་ ཊི་རིམ་བྷིལ Trimble བཅས་ཡིན་འདུག

ལིག་ཞོ་པོ་དང་རྒྱ་ནག་གི་དམངས་གཙོའི་བར་ཐག 

བོད་ཀྱི་དུས་བབ་ལས། འདོན་སྤེལ། ༢༠༡༠/༡༠/༢༦

            ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་སྔོན་འགྲོའི་འོས་མིར་མི་སྒེར་དང་ཚོགས་པ་ཁག་བཅས་འོས་གཞི་ ༢༣༧ ལ་སླེབས་ཏེ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་གྲངས་འབོར་གྱི་ཟིན་ཐོ་ལས་བརྒལ་ཡོད།  ད་ལོའི་ཞི་བདེའི་གཟེངས་རྟགས་དེ་ད་ལྟ་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་སྐུ་ཞབས་ལིག་ཞོ་པོ་ལགས་སུ་ཐོབ་པ་སྤྱི་བསྒྲགས་བྱས་མ་ཐག  མཉམ་འབྲེལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་ (Ban Ki-moon)  ལགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་རྒྱུན་ལས་ནཱ་བེ་ཕེ་ལེ་ (Navi Pillay)  ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཇོ་སེ་མེ་ནེལ་བྷ་རོ་སོ་ (Jose Manuel Barroso)  བོད་མིའི་དབུ་ཁྲིད་༸གོང་ས་མཆོག ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱལ་སྲིད་བློན་ཆེན་ཧེ་ལེ་རེ་ཁི་ལོན་ཌོན་སོགས་གཙོས་པའི་ནོར་ཝེ་དང་ཐེ་ཝན། འཇར་མན། ཧྥ་རན་སི། ཉི་ཧོང་། ཨོ་སི་ཊི་ལི་ཡ། ཁ་ན་ཌ་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་མང་པོས་སྐུ་ཞབས་ལིག་ཞོ་པའོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་དང་ཁོང་ཀློད་གྲོལ་ཡོང་བའི་རེ་སྐུལ་ཞུས་ཡོད། ཡིན་ནའང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཞི་སྟེ། རྒྱ་གར་དང་རྒྱ་ནག བྷར་རྫིལ། ར་ཤི་ཡ  (BRICs) གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་མནའ་མཐུན་རྒྱལ་ཁབ་བཅུ་དང་། ཨ་རབ་རྒྱལ་ཁབ་དག་གིས་རྣམ་འགྱུར་ཅི་ཡང་བསྟན་མེད་པ་རེད།

 

བཀག་སྡོམ་ཆེན་མོ།

ཕྱི་ཚེས་ ༩ ཉིན་ལིག་ཞོ་པའོ་ཡི་བཟའ་ཟླ་ལིག་ཞཱ་བཙོན་ཁང་དུ་ཁོང་ལ་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་སྐུ་ཞབས་ལིག་ཞོ་པོ་ཡིས་གཟེངས་རྟགས་འདི་ནི་དྲུག་བཞིའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་བསྩལ་བ་རེད། ཁོང་ཚོས་རང་ཉིད་ཀྱི་ཚེ་སྲོག་གིས་ཞི་བདེ་དང་དམངས་གཙོ། རང་དབང་སོགས་གཅེས་སྲུང་བྱས་ཡོད། ཅེས་བརྗོད་འདུག་ཀྱང་། ལིག་ཞཱ་ཁོང་གི་བཟའ་ཟླ་དང་ཁ་གྱེས་མ་ཐག རྒྱ་གཞུང་གིས་ཁོ་མོ་མི་གྲལ་ནས་ལོགས་སུ་བཀག་ཉར་བྱེད་མགོ་བརྩམས་ཡོད།ཕྱི་ཚེས་༨ ཉིན་རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་མ་ཀྲོའོ་ཞིས་ཀྱིས། ལིག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་ཕུལ་བ་དེ་ནི་ཞི་བདེ་གཟེངས་རྟགས་ཀྱི་རྩ་འཛིན་དང་འགལ་ཡོད་ཚུལ་དང་། རྒྱ་ནག་གི་བཅའ་ཁྲིམས་ལའང་བརྩི་འཇོག་མ་བྱས་པ་ཞིག་ཡིན་ཚུལ་སྐྱོན་བརྗོད་བྱས་ཡོད་པར་མ་ཟད། རྒྱ་ནག་ནང་ལོགས་སུ་སཱེ་ཨིན་ཨིན་དང་བྷི་བྷི་སི་སོགས་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་བཀག་ཡོད་པ་དང་། རྒྱལ་སྤྱིའི་གནས་འཕྲིན་དྲ་བའི་སྟེང་ལིག་ཞོ་པའོ་དང་འབྲེལ་བའི་གནས་ཚུལ་དག་ཀྱང་བསུབ་ཡོད། ད་དུང་གཟེངས་རྟགས་ལ་རྟེན་འབྲེལ་ཞུ་མཁན་རྒྱ་ནག་ནང་ལོགས་ཀྱི་དམངས་གཙོ་དོན་གཉེར་བ་དང་མང་ཚོགས་རྣམས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད།

ཨུ་རུ་སུའི་ལོ་རྒྱུས་པ་ཆེན་མོ་བྷེ་ལིང་ཇིིན་གྱིས་རྒྱ་ནག་གཞུང་གི་སྐྱོན་བརྗོད་བྱེད་སྟངས་དེའི་ཐད་འགྲེལ་བརྗོད་གནང་དོན།  ཕྱི་ལོ་ ༡༩༧༥ ལོར་སཱ་ཁ་རའོ་(Sakharov) ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་སྐབས། ཨུ་རུ་སུ་དམར་གཞུང་གིས་གསར་ལམ་ཚང་མར་བཀག་སྡོམ་གྱིས་ཐད་ཀར་གནས་ཚུལ་མ་བསྒྲགས་པར། རྣམ་པ་གཞན་ཞིག་བརྒྱུད་དེ་གསར་ཤོག་ཁག་གི་ནང་ནུབ་ཕྱོགས་པའི་ཨུ་རུ་སུར་ཁ་གཏད་གཅོག་ཀྱིན་པ་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ནི་ཨུ་རུ་སུར་ཁ་གཏད་གཅོག་བྱེད་ཀྱི་ལག་ཆ་ཡིན་ལུགས་ཀྱི་སྐྱོན་བརྗོད་བྱས་ཏེ། རྒྱལ་ཁབ་ནང་ལོགས་སུ་གནས་ཚུལ་རྫུན་སྒྲོག་བྱས་ཡོད། ལོ་ངོ་ ༣༥ འདས་པའི་རྗེས་ཀྱི་དེ་རིང་ཡང་། རྒྱ་གཞུང་གིས་ད་དུང་སྔར་གྱི་ཨུ་རུ་སུ་དམར་གཞུང་གི་སྐད་ཆ་དང་ཐབས་ལམ་དག་བསྐྱར་ལྡབ་བྱེད་ཀྱིན་འདུག་ཅེས་བརྗོད་ཡོད།

 

ཞི་བདེ་རྟགས་མའི་གཟི་འོད།

ད་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་སྐུ་ཞབས་ལིག་ཞོ་པོར་ཕུལ་བ་དེར་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་ངོས་འཛིན་བྱེད་སྟངས་འདྲ་མིན་ཞིག་ཡོང་གིན་ཡོད། དེའི་ཐད་ཆབ་སྲིད་དཔྱད་བརྗོད་པ་ཁྲིན་ཕོ་ཁུང་གིས་བརྗོད་རྒྱུར། ལིག་ཞོ་པོར་གཟེངས་རྟགས་ཐོབ་པ་དེས། རྒྱ་ནག་མི་དམངས་དུང་ཕྱུར་ ༡༣ ཀྱི་དམངས་གཙོའི་འཚོལ་སྙེག་དང་གྲུབ་འབྲས་ལ་འཛམ་གླིང་མི་དམངས་ཀྱིས་ངོས་ལེན་གནང་བ་མཚོན་ཡོད། མཚོན་རྟགས་རང་བཞིན་གྱི་ལས་དོན་འདིས། ད་ནས་བཟུང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་ཐད་སྐུ་ཞབས་ལིག་ཞོ་པོ་ནི་དམངས་ཡོངས་ཀྱིས་རེ་ལྟོས་བྱ་སའི་ཚབ་མཚོན་རང་བཞིན་གྱི་མི་སྣ་ཞིག་ཏུ་འགྱུར་ངེས་ཟེར།  པེ་ཅིན་ཀྱི་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་གཙོ་སྒྲིག་པ་ཧའོ་ཕེན་གྱིས་བརྗོད་རྒྱུར། ལིག་ཞོ་པོར་གཟེངས་རྟགས་ཐོབ་པ་དེས། འདས་པའི་ལོ་མང་རིང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས་ཆབ་སྲིད་བཅོས་བསྒྱུར་དང་དམངས་གཙོ་མངོན་འགྱུར་མ་བྱུང་བར།  དེ་ལས་ལྡོག་སྟེ་རྒྱ་ནག་གིས་དམག་དོན་ནུས་ཤུགས་མཐོར་འདེགས་དང་འཛམ་གླིང་ཡོངས་ཁྱབ་རིན་ཐང་བརྡལ་བཤིག་བཏང་བ་རེད། དེར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་ཡོངས་ཁྱབ་རིན་ཐང་མཐོར་འདེགས་ཡོང་ཆེད་སྐུ་ཞབས་ལིག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་བསྩལ་བ་རེད། དེ་ཡིས་མ་འོངས་པའི་རྒྱ་ནག་གི་དམངས་གཙོ་འཕེལ་རྒྱས་དང་འཛམ་གླིང་སྤྱིའི་ཞི་བདེ་ཡར་རྒྱས་འབྱུང་བར་དོན་སྙིང་ཟབ་མོ་ལྡན་ཡོད་ཟེར།

 

འབྱུང་འགྱུར་གྱི་རྒྱ་ནག

སྐུ་ཞབས་ལིག་ཞོ་པོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པ་དེས། མ་འོངས་པའི་རྒྱ་ནག་གི་དམངས་གཙོ་དང་ཆབ་སྲིད་བཅོས་བསྒྱུར་ཀྱི་ཐད་ལ་ཤུགས་རྐྱེན་ཅི་ཞིག་འབྱུང་མིན་དེ་ནི་ཉེ་ལམ་རྒྱལ་སྤྱིའི་སྤྱི་ཁྲོད་ཀྱི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད། ཧོང་ཀོང་གི་སྤྱི་ཚོགས་རིག་པ་བ་ཏེན་ཞེ་ལིང་གིས།  ལིག་ཞོ་པོར་གཟེངས་རྟགས་ཐོབ་པ་དེས་འབྱུང་འགྱུར་གྱི་དུས་ཡུན་རིང་པོའི་ཐད་ནས།  རྒྱ་ནག་གི་དམངས་གཙོ་དང་ཆབ་སྲིད་བཅོས་བསྒྱུར་ལ་སྒུལ་ཤུགས་ཐེབས་སྲིད་པ་དང་། མིག་སྔའི་གནས་སྟངས་ཀྱི་ཐད་ནས་རྒྱ་ནག་ནང་ལོགས་ལ་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་ཤུགས་ཆེ་རུ་འགྲོ་སྲིད་པ་དང་། དེ་བཞིན་རྒྱ་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྒྱལ་ཁབ་ཕྱི་ནང་གཉིས་སུ་ལིག་ཞོ་པའོ་ཡི་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་བཏང་སྟེ། ༸ཏཱ་ལའི་བླ་མ་དང་ཨང་སན་སི་སྐྱིད་གཉིས་ཀྱི་དཔེ་མཚོན་ལྟ་བུ་ཞིག་ཏུ་མི་འགྱུར་བར་ཐབས་ཤེས་གང་ཡོད་འདོན་ངེས་ཟེར།

དྲུག་བཞིའི་ཡར་ལངས་ཁྲོད་མཉམ་ཞུགས་གནང་མཁན་ཧྲིན་ཅོན་གྱིས་བརྗོད་དོན། ལིག་ཞོ་པོ་ནི་ཕྱི་ནང་གཉིས་ཀྱི་རྒྱ་རིགས་སྤྱི་ཚོགས་ཁྲོད་མཚན་སྙན་ལྡན་པའི་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་ཞིག་ཡིན་ལ། ཁོང་ལ་གཟེངས་རྟགས་ཐོབ་རྗེས། རྒྱ་ནག་གི་ནང་ལོགས་སུ་མགྱོགས་མྱུར་དམངས་གཙོ་མངོན་འགྱུར་ཡོང་མིན་དེ་ནི་དུས་ཚོད་ཀྱི་རྒྱུ་བ་དང་བསྟུན་ནས་གསལ་བོ་ཆགས་ཡོང་ངེས།  སྤྱིར་སྤྱི་ཚོགས་ཞིག་གི་འགྱུར་ལྡོག་དང་ལྷག་པར་ཏུ་རྒྱ་ནག་ལྟ་བུའི་སྒེར་གཅོད་སྲིད་དབང་གི་རྒྱལ་ཁབ་ཞིག་ལ་མཚོན་ན། སྤྱི་ཚོགས་ཧྲིལ་བོའི་ཕྱོགས་སོ་སོའི་འགྱུར་བ་མཐའ་དག་གཞུང་ནང་ཁུལ་གྱི་ཆབ་སྲིད་རྒྱུ་རྐྱེན་སྣ་ཚོགས་ཀྱི་མཉམ་འདུས་ལ་བརྟེན་དགོས། ཡིན་ནའང་། ད་ལྟ་རྒྱ་ནག་སྤྱི་ཚོགས་ཁྲོད་མིའི་སྤོབས་སེམས་དང་ཀུན་སྤྱོད་ཕྱོགས་ཡོངས་ནས་ཉམས་ཉེས་འབྱུང་བཞིན་པའི་གནས་སྟངས་འདིའི་འོག  ལིག་ཞོ་པོར་གཟེངས་རྟགས་ཐོབ་པ་འདིས་རྒྱ་ནག་སྤྱི་ཚོགས་ལ་བློ་སྤོབས་གསར་བ་ཞིག་བསྐྱེད་སྲིད་ཟེར།

 

བཙོན་ནང་གི་ལིག་ཞོ་པོ།

རྒྱལ་སྤྱིའི་སྟེང་གི་གནད་ཡོད་མི་མང་པོ་དང་རྒྱ་ནག་ཤེས་ལྡན་པ་དང་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཁག་གིས་སྐུ་ཞབས་ལིག་ཞོ་པོ་གློད་གྲོལ་ཡོང་བར་རྒྱ་གཞུང་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་རེ་སྐུལ་རིམ་པར་ཞུས་ཡོད། ཡིན་ནའང་། རྒྱ་གཞུང་གིས་ཁོང་གློད་གྲོལ་བྱེད་མིན་དེ་ནི་ཧ་ཅང་ཚོད་བགམ་དཀའ་བའི་དོགས་གཞི་ཆེན་པོ་ཞིག་རེད། སྐུ་ཞབས་ལིག་ཞོ་པའོ་བཙོན་གྲོལ་བྱེད་མིན་ཐད། འཇར་མན་རྒྱང་སྒྲོག་ཁང་གི་གསར་འགོད་པ་མཱ་ཐེ་སི་ཝུན་གྱིས་བརྗོད་དོན།  གནས་སྐབས་རིང་རྒྱ་ནག་གཞུང་གིས་ཁོང་ཁྲོའི་ཐོག་ནས་ཨོ་སི་ལོར་རྣམ་འགྱུར་འདྲ་མིན་བསྟན་ཡོད་མོད། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད། ཡིན་ནའང་། བློ་ཕམ་དགོས་པ་ཞིག་ནི། ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིག་ཞོ་པོ་ཁོང་ཉིད་བཙོན་གྲོལ་འབྱུང་རྒྱུ་ཧ་ཅང་ཁག་པོ་རེད། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་རང་གི་ངོ་སོ་སྲུང་སྟངས་ཀྱི་གཤིས་ལུགས་མཁྲེགས་པོ་དེས་དབང་གིས། སྐུ་ཞབས་ལིག་ཞོ་པོའི་དྲང་སྙོམས་མ་ཡིན་པའི་ཁྲིམས་གཅོད་དེ་ངོས་ལེན་བྱེད་མི་སྲིད་ཅེས་བརྗོད་ཡོད། 

 

རླབས་ཆེན་གྱི་ཞབས་རྗེས།

དྲུག་བཞི་སློབ་མའི་ཡར་ལངས་བྱུང་བ་ནས་ད་ལྟའི་བར་གྱི་མི་ལོ་ ༢༠ ལྷག་གི་རིང་། སྐུ་ཞབས་ལིག་ཞོ་པོས་རྒྱ་ནག་གི་དམངས་གཙོའི་ལས་དོན་ཀྱི་ཆེད་དུ་རྩོམ་འབྲི་དང་བསྒྲགས་གཏམ་སྣ་ཚོགས་སྤེལ་བར་བརྟེན། རྒྱ་གཞུང་གི་བཙོན་འཇུག་བཀག་སྡོམ་འོག་མི་ཚེ་སྐྱེལ་དགོས་བྱུང་ཡོད། ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་དེར་ཡི་རངས་ཆེ་བསྟོད་མཛད་ཆེད། སྔ་ཕྱིར་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གཟེངས་རྟགས་དང་། རྒྱ་ནང་དམངས་གཙོ་སློབ་གསོའི་ཐེབས་རྩ་ཚོགས་པའི་དམངས་གཙོ་དོན་གཉེར་བའི་གཟེངས་རྟགས། རྒྱལ་མཚམས་མེད་པའིི་གསར་འགོད་པའི་མཐུན་ཚོགས་ཀྱི་སྨྲ་བརྗོད་རང་དབང་གཟེངས་རྟགས། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གསར་འགྱུར་ཕུལ་བྱུང་གཟེངས་རྟགས།  ཨ་རིའི་སྨྱུག་ཚོགས་ཀྱི་རང་དབང་རྩོམ་འབྲིའི་གཟེངས་རྟགས། འཇར་མན་སྨྱུག་ཚོགས་ཀྱི་གཟེངས་རྟགས་ཕུལ་ཡོད་པ་རེད། 

སྐུ་ཞབས་ལིག་ཞོ་པའོ་ནི། ཅི་ལིན་ཁྲང་ཁྲོན་གྲོང་ཁྱེར་དུ་སྐྱེས་ཤིང་། པེ་ཅིན་དགེ་ཐོན་སློབ་ཆེན་ནས་འབུམ་རམས་པ་སློབ་མཐར་ཕྱིན་རྗེས་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༨ ལོར་ཨ་རིའི་ཀོ་ལིམ་བྷེ་ཡ་གཙུག་ལག་སློབ་ཆེན་དང་ཧཱ་ཝེ་གཙུག་ལག་སློབ་ཆེན། ནོར་ཝེ་ཨོ་སི་ལོ་གཙུག་ལག་སློབ་ཆེན་བཅས་སུ་གདན་ཞུས་ཕྱོགས་བསྐྱོད་ཀྱིས་རྒྱ་ནག་དེང་རབས་རིག་གནས་དང་ཆབ་སྲིད་སྐོར་ནས་གཏམ་བཤད་སྤེལ་ཡོད། དྲུག་བཞི་སློབ་མའི་ཡར་ལངས་སྐབས་སྣེ་ཁྲིད་པའི་གྲོས་ཡིན་པར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པ་དང་། བཙོན་གྲོལ་ཐོབ་རྗེས་རང་དབང་དམངས་གཙོའི་སྐོར་རྩོམ་ཡིག་སྤེལ་བར་བརྟེན་ཡང་བསྐྱར་འཛིན་བཟུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད། ༢༠༠༨ ལོར་༼༠༨ ལོའི་རྩ་འཛིན༽ སྒྲོག་སྦྱངས་བྱས་པར་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཏགས་ཏེ་ཁོང་ལ་ལོ་ ༡༡ ཁྲིམས་ཐག་བཅད་དེ་ད་ལྟ་བཙོན་ཁང་དུ་བསྡད་ཡོད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php