ཕྱི་འབྲེལ་མཛད་འཕྲིན་སྐོར།

༄ ༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ རེས་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ནིའུ་ཛི་ ལན་ཌི་དང་ཨོ་སི་ཊོ་ལི་ཡའི་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྟེ་ཐོག་མར་ཕྱི་ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༢༠ ཐོག་ནིའུ་ཛི་ལན་ཌིའི་ས་ཁུལ་ཁ་རི་སི་ཊི་ཆར་ཆ་ (Christchurch) ཞེས་པའི་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཏེ་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་བཀའ་ སློབ་དང་སེམས་གསོ་སོགས་མཛད།

ཕྱི་ཚེས་ ༧ རེས་གཟའ་མིག་དམར་ཉིན་གྱི་ཕྱེད་ཡོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ནིའུ་ཛི་ལན་ཌིའི་གྲོང་ཁྱེར་ཁ་རི་སིཊ་ཆར་ཆ་ (Christchurch) ཞེས་པར་དད་ལྡན་མང་ཚོགས་ ༥༠༠༠ བརྒལ་བར་ཀེན་ཊར་བྷུ་རིའི་རྩེད་ཐང་ཆེན་མོར་ (CBS Canterbury Arena) བཀའ་སློབ་དང་ཐུགས་སྨོན་མཛད་རྗེས་ས་ཡོམ་གྱི་གོད་ཆག་ཕོག་མཁན་རྣམས་དང་མྱུར་ སྐྱོབ་ལས་བྱེད་རྣམ་པར་ཁ་རི་སི་ཊི་ཆར་ཆའི་སྨན་ཁང་དུ་མཇལ་ཁ་སྩལ།

ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་ནིའུ་ཛི་ལན་ཌིའི་ནང་དེ་སྔ་ས་ཡོམ་གྱི་གོད་ཆག་ཕོག་པའི་གྲོང་ ཁྱེར་ཁ་རི་སི་ཊི་ཆར་ཆའི་ནང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ས་གནས་དེ་ ནས་ཆིབས་ཞལ་བསྒྱུར།

ཕྱི་ཚེས་ ༩ སྔ་དྲོར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་༸ཞབས་སོར་འཁོད་ཡོད།

ཕྱི་ཚེས་ ༡༠ རེས་གཟའ་པ་སངས་ཉིན་ཐོག་མར་༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་ བྷོན་ཁུལ་དུ་ཝི་ཏི་ནམ་ནང་པའི་དགོན་པ་གསར་པ་ཀང་མིན་ (Quang Minh) དབུ་འབྱེད་དང་སྦྲགསཝི་ཏི་ནམ་ནང་པ་གྲངས་ ༡༥༠༠ ཙམ་ལ་བཀའ་སློབ་སྩལ།
ཕྱི་ཚེས་ ༡༡ རེས་གཟའ་སྤེན་པའི་ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་གྱི་ཚོགས་ཁང་ (Melbourne Convention and Entertainment Centre) ཞེས་པའི་ནང་དད་ལྡན་ཆོས་ཞུ་བ་ ༣༠༠༠ བརྒལ་བར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ འཇུག་པའི་ཆོས་འབྲེལ་དབུ་འཛུགས་མཛད།

ཕྱི་ཚེས་ ༡༢ ཉིན་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བོད་རིགས་དང་རྒྱ་རིགས། འབྲུག་པ་བཅས་ལ་མཇལ་ཁ་དང་བཀའ་སློབ་སྩལ། ཉིན་གུང་ལྗགས་སྨིན་སྐབས་མགོན་པོ་གང་ཉིད་མཆོག་གིས་རྒྱ་རིགས་གཞོན་སྐྱེས་དང་ ནང་པ། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།
ཕྱི་ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ཁུལ་གྱི་མཛད་འཕྲིན་ རྣམས་ལེགས་པར་གྲུབ་སྟེ་ཀེན་བྷེར་རར་ཆིབས་སྒྱུར་ཞལ་བསྒྱུར།

ཕྱི་ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ ཀེན་བྷེ་རི་ནང་གི་གྲོས་ཚོགས་སུ་ཆིབས་སྒྱུར་སྐྱོང་སྐབས་ཨོ་སི་ཊོ་ལི་ཡའི་ ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཊོ་ནི་ཨེ་བྷོ་ཊ་ (Tony Abbott) མཆོག་དང་རྒྱལ་ཡོངས་ཚོགས་པའི་འགོ་ཁྲིད་ཝ་རེན་ཊུ་ སི་ (Warren Truss) ལགས། ལྗང་ཁུ་ཚོགས་པའི་འགོ་ཁྲིད་བྷོབ་བྷ་རོན་ (Bob Brown) མཆོག  ཤེས་ཡོན་བློན་ཆེན་པི་ཊར་གྷ་རེ་ཌ (Peter Gerrett) མཆོག་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་ཀེན་བྷེ་རའི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཁུན་ སི་ལེན་ཌི་མངའ་སྡེའི་རྒྱལ་ས་བྷི་རི་སི་བྷེན་ (Brisbane) དུ་༸ཞབས་སོར་བདེ་བར་འཁོད་དེ་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ཆེད་དོན་དྲི་ བའི་ལས་རིམ་ཐོག་ལྷན་ཞུགས་མཛད་ཡོད།

ཕྱི་ཚེས་ ༡༦ ཉིན་་ཨོ་སི་ཊོ་ལི་ཡའི་གླིང་ཆེན་གྱི་རྒྱ་མཚོའི་མཐའ་མཚམས་སུ་ཆགས་པའི་མཛེས་ སྡུག་ལྡན་པའི་གྲོང་སྡེ་སན་ཤ་ཡིན་ཀོ་སི་ (Sunshine Coast) ཞེས་པར་རྟེན་གཞི་བྱས་པའི་སྤྱན་རས་གཟིགས་ནང་པའི་ཆོས་ཚོགས་སུ་དགེ་བཙུན་གྲངས་ ༥༠༠ བརྒལ་བ་ཙམ་དང་གཞན་མང་ཚོགས་གྲངས་ ༣༥༠༠ བརྒལ་བར་བྱམས་བརྩེའི་སྐོར་བཀའ་སློབ་སྩལ།

ཕྱི་ཚེས་ ༡༧ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་བྷི་རི་སི་བྷེན་དུ་ཚན་རིག་པ་དང་ལྷན་བདེ་ སྐྱིད་དང་དེའི་རྒྱུ།(Happiness and its causes)  ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུའི་ཚོགས་མགོན་དུ་ཆིབས་སྒྱུར་ བསྐྱངས།

ཕྱི་ཚེས་ ༡༩ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་པཱར་ཐ་ (Perth) ནང་བྷར་སི་ཝུཌ་ཚོགས་ཁང་ཆེན་མོའི་(Burswood Dome) ནང་མང་ཚོགས་ ༡༤༥༠༠ ཙམ་ལ་དེང་དུས་སྤྱི་ཚོགས་ནང་ཆོས་ཀྱི་བསླབ་བྱ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ།

ཕྱི་ཚེས་ ༢༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨོ་སི་ཊོ་ལི་ཡའི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་རྒྱ་གར་ལ་ཆིབས་ཞལ་བསྒྱུར།

ཕྱི་ཚེས་ ༢༡ སྔ་དྲོ་ཆུ་ཚོད་ ༩།༥༠ ཙམ་ལ་ལྡི་ལི་ནས་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་དབུས་བོད་མིའི་སྒྲིག་ འཛུགས་ཀྱི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཁྲིར་འདེམས་ཐོན་བྱུང་བ་ མཁས་དབང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་ཕེབས་བསུ་གཟབ་ རྒྱས་ཞུས།
ག་གྷལ་གནམ་ཐང་ནས་བཞུགས་སྒར་དུ་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ ཚོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག  བདུག་སྤོས་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།   དེ་ནས་ཕོ་བྲང་གི་རྒྱལ་སྒོའི་མདུན་དུ་ཆུ་ཚོད་ ༡༠།༣༠ ཙམ་ལ་༸ཞབས་སོར་འཁོད་མཚམས།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་དཔལ་འབྱོར་བཀའ་བློན་རྣམ་གཉིས་ མཆོག་དང་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཅས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ གཟབ་རྒྱས་ཞུས་ཡོད་པ་བཅས།།


༄ ༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་ལི་ཡའི་ གྲོང་ཁྱེར་བྷི་རི་སི་བྷེན་དུ་ཚན་རིག་པ་དང་ལྷན་བདེ་སྐྱིད་དང་དེའི་ རྒྱུ།(Happiness and its causes)  ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུར་ཇི་ལྟར་གསོལ་འདེབས་ཞུས་དོན་ བཞིན་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་ཨ་རི་ནས་ཕེབས་པའི་སེམས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་པོལ་ཨིཀ་མན་ (Dr. Paul Ekman) མཆོག་དང་ཨ་རིའི་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་སྐུ་ ཞབས་མར་ཀོ་ལ་ཁོ་བྷོ་ནི་ (Prof. Marco Lacoboni) མཆོག

དེ་ བཞིན་སྔ་ལོ་ཨོ་སི་ཊོ་ལི་ཡའི་ཕུལ་བྱུང་མི་སེར་གྱི་གཟེངས་རྟགས་ཐོབ་མྱོང་མཁན་ དང་སེམས་ཁམས་འཕྲོད་བསྟེན་ཐོག་རྒྱབ་སྐྱོར་གནང་མཁན་གཙུག་ལག་སློབ་དཔོན་སྐུ་ ཞབས་པེ་ཊ་མེ་གོ་རི་ (Prof. Pat McGorry) མཆོག་བཅས་ཁོང་གསུམ་གྱིས་སོ་སོའི་བརྗོད་གཞི་དང་འབྲེལ་བའི་ཉམས་ཞིབ་གནང་བའི་ ཚན་རིག་གི་ཆེད་རྩོམ་སྒྲོགས་སྦྱང་ཞུས།
ཉིན་གུང་ཚོང་དོན་སྒྲིག་འཛུགས་ཀྱི་སྐུ་ཚབ་འཐུས་མི་ཁག་གཅིག་གིས་༸གོང་ས་མཆོག་ ལ་གསོལ་ཚིགས་འདེགས་འབུལ་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་ཁོར་ཡུག་དང་སྤྱི་ ཚོགས་ནང་དབུ་ཁྲིད་ཀྱི་རིན་ཐང་བཅས་ཀྱི་ཐོག་བཀའ་སློབ་སྩལ།
དེ་རྗེས་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ བྷི་རི་སི་བྷེན་དང་ཁུ་ཝིན་སི་ལན་ཌིའི་ནུབ་ངོས་སུ་ཆགས་པའི་ལོ་ཀར་ཝེ་ལི་ (Lockyer Valley) ཞེས་པ་དེ་སྔ་ཆུ་རུད་ཀྱི་འཇིག་པ་ཚབས་ཆེ་བྱུང་བའི་འོག་དཀའ་སྡུག་ཚད་མེད་མྱངས་ པའི་ཡུལ་མི་རྒན་གྲས་ ༢༢ དང་བྱིས་པ་དྭ་ཕྲུག་བཅས་ལ་མཇལ་ཁ་སྩལ་ཏེ་ཁོང་ཚོར་སེམས་གསོ་མཛད།

དེ་ ནས་༸གོང་ས་མཆོག་བྷི་རི་སི་བྷེན་བྷོ་ཊེ་ནིཀ་ལྡུམ་རའི་ (Brisbane Botanic Garden) ནང་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ ༩༠༠༠ བརྒལ་བར་མི་ཚེའི་ནང་བདེ་བ་འཚོལ་ཐབས་དང་སྡུག་བསྔལ་ལས་རྒྱལ་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། རང་གི་ཕ་མ་དང་རང་དང་སེམས་ཐག་ཉེ་བའི་གཉེན་ཉེ་རྣམས་གོད་ཆག་འོག་མེད་པར་གྱུར་ སྐབས་རང་ཉིད་ལ་སེམས་སྡུག་ཧ་ཅང་ཡོང་རྒྱུ་ཡིན་པ་ཞིག་རེད། སེམས་འཁྲལ་ཧ་ཅང་འོག་རང་ཉིད་ཡིད་ཐང་ཆད་དེ་རེ་བ་བྲལ་བ་དེ་ལྟ་བུ་བྱས་ནས་བསྡད་ ན་ཕན་ཐོགས་གང་ཡང་མེད། དེ་ལས་ལྡོག་སྟེ་ཞུམ་པའི་བློ་དེ་དོར་ནས་རང་ཉིད་སྡུག་བསྔལ་ལས་རྒྱལ་ཐུབ་པ་དང་ རྐྱེན་ངན་གྲོགས་སུ་གྱུར་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་སོགས་ཀྱི་ བཀའ་སློབ་སྩལ་གྲུབ་བསྟུན། མང་ཚོགས་ཀྱི་དྲི་བར་བཀའ་ལན་མཛད། སྐབས་དེར་ཆུ་ལོག་གི་གོད་ཆག་ཚབས་ཆེ་ཕོག་པའི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཨི་ པི་ཤི་ (Ipswich) ཞེས་པའི་གྲོང་སྡེའི་སྤྱི་ཁྱབ་པ་(Mayor) མཆོག་ཀྱང་སྡིངས་ཆའི་སྟེང་༸གོང་ས་མཆོག་དང་ལྷན་ཞུགས་གནང་ཡོད། ཚོགས་བཅར་བའི་ཁོངས་མི་མང་པོ་ཞིག་དེ་སྔ་ཆུ་ལོག་གི་གནོད་འཚེ་འོག་དཀའ་སྡུག་ཚད་ མེད་མྱངས་པར་བརྟེན་ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་ བརྩེའི་སྐོར་བཀའ་སློབ་གཟབ་རྒྱས་སྩལ་བ་དེས་ཁོང་རྣམས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ བྱུང་ཡོད།  ཕྱོགས་མཚུངས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཨི་པི་ཤི་ནས་ཕེབས་པའི་བུད་མེད་མེ་ གྷན་ཊུར་ནར་ (Megan Turner) གྱིས་ངུ་བཞིན་དུ་ཁོ་མོའི་ཀླད་པ་གཤག་གཅོད་ཐེངས་དགུ་བཏང་རྗེས་རང་ཉིད་གྲོགས་ མེད་ཁེར་རྐྱང་དུ་ལུས་པའི་ཚོར་སྣང་འོག་སེམས་ནང་དཀའ་ངལ་ཡོད་པ་རྣམས་སེལ་ཐབས་ ཇི་ཡོད་ཀྱི་དྲི་བ་ཕུལ་བར། ༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཁོང་སྡིངས་ཆའི་སྟེང་ཡར་ཤོག་ཅེས་བཀའ་ ཕེབས་ཏེ་བྱམས་སྐྱོང་ཆེན་པོས་ཕྱག་གིས་བྱུག་བྱུག་མཛད་དེ་མ་འོངས་པར་ཁྱེད་ཉིད་ ལ་དཀའ་ངལ་ནམ་འཕྲད་སྐབས་རང་ཉིད་གྲོགས་མེད་ཁེར་རྐྱང་ཡིན་མ་བསམ་པར་ངོས་ཀྱི་ཁ་ བྱང་ཐོག་ཐད་ཀར་འབྲེལ་བ་བྱེད་དགོས་ཞེས་སོགས་ཀྱིས་བཀའ་སློབ་སྩལ་བ་དང་སྦྲགས་ བུད་མེད་དེར་སེམས་གསོ་མཛད།  དེ་ཡང་མེ་གྷན་ཊུར་ནར་ལགས་ཀྱིས་དེ་རྗེས་གསར་འགོད་པ་ཚོར་རང་ཉིད་ལ་སྐབས་དེར་ ཚོར་བ་ཇི་བྱུང་སྐོར་འགྲེལ་བརྗོད་གནང་དོན། ཐེངས་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་བྱུང་བ་དེ་ངའི་ མི་ཚེའི་ནང་བརྗེད་ཐབས་མེད་པའི་ཉམས་མྱོང་ཞིག་བྱུང་། ཉམས་མྱོང་དེ་ནི་ང་རང་ལ་གསེར་གྱི་རྒྱན་ཤོག་ཐོབ་པ་ལས་ལྷག་པ་ཞིག་བྱུང་ཞེས་ གསུངས།

     ཕྱི་ཚེས་༡༢ ཉིན་གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡ་གནས་སྡོད་བོད་པ་དང་སོག་པོ། འབྲུག་པ་བཅས་ལ་བཀའ་སློབ་གནང་དོན། ད་ལྟ་ང་ཚོས་ནང་ཆོས་ལ་དད་པ་བྱས་པ་ཙམ་གྱི་མི་ཆོག་པར་སློབ་སྦྱོང་བྱས་ཏེ་ནང་ཆོས་ཀྱི་གོ་དོན་ཆ་ཚང་ཤེས་པའི་ཐོག དུས་རབས་ ༢༡ པའི་ནང་པ་ཞིག་བྱཐུབ་དགོས་པ་རེད། འདིར་ཡོད་པའི་བོད་པ་ཚོས་ཁྱེད་ཚོ་བཙན་བྱོལ་དུ་འབྱོར་དགོས་དོན་གང་ཡིན་ཤེས་དགོས་པ་རེད། ཁྱེད་ཚོ་འདིར་ཡོང་དོན་ནི། རང་གི་ལུང་པར་རང་བྱུང་གོད་ཆག་གམབོད་པ་ནང་ཁུལ་མ་འཆམ་པར་འཁྲུག་པ་ཤོར་ནས་ཡོང་ཞིག་མིན་པར། ཕྱི་ཕྱོགས་ནསགཞན་གྱིས་བཙན་འཛུལ་བྱས་པའི་རྐྱེན་གྱིས་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ཞིག་རེད། དེ་ཡིན་དུས། ང་ཚོས་རང་གི་ཕ་མེས་ནས་ཡོད་པའི་བོད་ཀྱི་སྐད་ཡིག་དང་ནང་ཆོས། རིག་གཞུང་དེ་དང་འབྲེལ་བའི་ཐུན་མིན་ལེགས་བྱང་ཕྱུག་པོ་གཅེས་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་ཞིང་། དེ་ནི་ང་ཚོར་འཁྲི་བའི་འགན་ཞིག་ཀྱང་ཆགས་ཡོད། ཅེས་གསུངས་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་དབང་རྩིས་སྤྲོད་གནང་དོན་སྐོར་ལ། ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་འཛིན་སྐྱོང་འགན་དབང་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་བྱས་པ་དེར། མང་ཚོགས་ཀྱི་ངོས་ནས་སེམས་འཚབ་བྱ་དགོས་དོན་གང་ཡང་ཡོད་པ་མ་རེད། ངོས་ནས་དེ་ལྟར་ཐག་གཅོད་བྱེད་དོན། མ་འོངས་པའི་བོད་མིའི་མདུན་ལམ་ཆེད་བསམ་བློ་བཏང་བ་ཞིག་ཡིན་པ་ལས། བོད་ཀྱི་རྩ་དོན་དོར་རྒྱུའི་བསམ་བློ་བཏང་བ་རྩ་བ་ནས་མིན། ཞེས་གསུངས་འདུག  

ཡུལ་དེའི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག ༧གོང་ས་མཆོག་གིས་ཡུལ་དེར་གནས་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་གསུངས་དོན། རྒྱ་བོད་མི་རིགས་གཉིས་ལ་མི་ལོ་ ༡༠༠༠ ལྷག་གི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་དང་། ནང་ཆོས་ལ་ཆ་བཞག་ནའང་། བོད་དུ་ནང་ཆོས་མ་དར་བའི་ལོ་བརྒྱ་ཕྲག་དུ་མའི་གོང་རྒྱ་ནག་ཏུནང་ཆོས་དར་ཡོད་པ་རེད། དེའི་སྟབས་ཀྱིས། རྒྱ་རིགསཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ཆགས་ཡོད་ལ། ང་ཚོ་བོད་པ་དགེ་ཕྲུག་གཞོན་པ་ཆགས་ཡོད། ཅེས་གསུངས་འདུག

བོད་རྒྱའི་གནད་དོན་སྐོར་ལ། ཆབ་སྲིད་ཀྱི་ཐོག་ནས་བཤད་ན། ང་ཚོ་ཕྱོགས་གཉིས་ཀའི་ངོས་ནས་གྲོས་མོལ་དང་གཉིས་སྨན་གྱི་ཐབས་ལམ་ཐོག་དཀའ་ངལ་སེལ་དགོས་པ་རེད། ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད་པརབོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་ཅིགཐོབ་འབད་བྱེད་བཞིན་ཡོད། བོད་མིའི་མང་གཙོའི་སྲིད་གཞུང་ཚད་ལྡན་ཞིག་ཡོང་ཆེད་ངོས་རང་ཆབ་སྲིད་ཀྱི་དབུ་ཁྲིད་ལས་རྒན་ཡོལ་ཆ་ཚང་ཞུས་ཡོད། ད་ཆ་རྒྱ་ནག་དམར་ཤོག་དབུ་ཁྲིད་ཚོསཀྱང་མི་ལོ་ ༦༠ ཙམ་ཕྱིན་པའི་ཆབ་སྲིད་འཛིན་སྐྱོང་ལས་རྒ་ཡོལ་ཞུ་རྒྱུའི་དུས་ལ་བབ་ཡོད། རྒྱ་ནག་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་རྐྱེན་གྱིས་ཡུལ་དེར་མང་གཙོའི་བཅོས་བསྒྱུར་ཉིན་གཅིག་གཉིས་རིང་ཡོང་ཐུབ་པ་ཞིག་མིན་པས། མང་གཙོའི་འགྲོ་སྟངས་ཐོག་ག་ལེར་གོམ་པ་སྤོ་རྒྱུ་ཧ་ཅང་གལ་ཆེན་ཡིན་ལ། གོམ་པ་དང་པོ་སྤོ་བར་གཞུང་གི་འཛིན་སྐྱོང་ལམ་ལུགས་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་། དེ་ནས་གསར་འགོད་རང་དབང་སྤྲད་ཐོག མང་གཙོའི་བཅོས་བསྒྱུར་གཏོང་ཐུབ་ན་དགེ་མཚན་ཆེན་པོ་ཡོང་གི་རེད། ཅེས་གསུངས་འདུག 

ཕྱི་ཚེས་ ༡༤ ཉིན་གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་ཆིབས་སྒྱུར་སྐྱོང་སྐབས། ཨོ་སི་ཊོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་གོ་ཁྲིད་ཊོ་ནེ་ཨེ་བྷོ་ཊི་(Tony Abbott) ལགས་ཀྱིས་གཙོས་གནད་ཡོད་གོ་ཁྲིད་ཁག་གཅིག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་ཅིང་། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་ཚོགས་པའི་གོ་ཁྲིད་ཝ་རེན་ཊརུ་སི་ (Warren Truss) ལགས་དང། ལྗང་ཁུ་ཚོགས་པའི་གོ་ཁྲིད་བྷོབ་བྷ་རོན་(Bob Brown) ལགས། ཤེས་ཡོན་བློན་ཆེན་པི་ཊར་གྷ་རེ་ཊི་(Peter Gerrett) ལགས་བཅས་དང་ལྷན་མཇལ་འཕྲད་གནང་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་སུ་གསར་འགོད་པ་ཚོར་བཀའསློབ་ཕེབས་དོན། ངོས་རང་ཁུལ་འདིར་ཡོང་རྒྱུའི་དམིགས་ཡུལ་གཙོ་བོ་དེ་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་ཆེད་ཡོང་བ་ཡིན། འདི་ག་ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་ལ་གལ་ཏེ་ཆོས་འབྲེལ་གྱི་ལས་དོན་ཞུ་ དགོས་རིགས་ཡོད་ཚེ་ངོས་དང་ཐུག་ན་ཕན་ཐོགས་ཡོད་ཀྱང་། ད་རེབ་ཆོས་འབྲེལ་ཕུལ་དགོས་མེད་པར་བརྟེན་དམིགས་བསལ་མཇལ་འཕྲད་ཞུ་དགོས་དོན་མེད་ཅེས་གསུངས་འདུག ཉིན་རྒྱབ་༧གོང་ས་མཆོག་གིས་གྲོང་འཁྱེར་དེ་གའི་ཚོགས་ཁང་ཆེན་པོ་ཞིག་ཏུ་༼ ལའི་བླ་མ་མཆོག་དང་ལྷན་དུ་བདེ་སྐྱིད་དང་སྲོག འཚོ་གནས། བརྩེ་བ། བཟོད་བསྲན་བཅས་ལ་བགྲོ་གླེང་༽ (A Conversation with His Holiness the Dalai Lama on Happiness, Life & Living Love and Forgiveness ) ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་དང་ལྷན་བགྲོ་གླེང་གནང་ཡོད་འདུག

དེ་བཞིན་ཐེངས་འདིའི་ཀེན་བྷེ་རིའི་ཆིབས་སྒྱུར་སྐབས་ས་གནས་དེ་གའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད།  ངལ་རྩོལ་ཚོགས་པའི་འཐུས་མི་མེ་ཁིལ་ཌེན་བྷེ་ (Michael Danby) ལགས་ཀྱིས་གསུང་དོན། དེ་སྔའི་སྲིད་བློན་ཀེ་ཝེན་རུ་ཌི་ (Kevin Rudd) མཆོག་ གིས་ཐེངས་འདིར་༸གོང་ས་མཆོག་དང་མཇལ་འཕྲད་མ་གནང་བར་བློ་ཕམ་ཡོད། གང་ཡིན་ཞེ་ན་ཁོང་དེ་སྔ་ཨོ་སི་ཊོ་ལི་ཡའི་སྲིད་བློན་སྐབས་རྒྱ་གཞུང་གི་བཙན་ དབང་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོའི་ཆེད་གདུང་སེམས་མཉམ་སྐྱེ་ཞུ་ མཁན་ཞིག་ཡིན། ཞེས་སོགས་བརྗོད་འདུག

བོད་ཀྱི་དུས་བབ་ལས།

 

 ཕྱི་ཚེས་ ༢༢ ཉིན་ཊོ་རོན་ཊོ་དང་མངའ་སྡེ་གཞན་ཁག་ནས་ཡོང་བའི་བོད་རིགས་རྣམས། དེ་བཞིན་ཕྱི་རྒྱལ་གྱི་དད་ལྡན་སྟོང་ཕྲག་འགའ་རེ་བཅས་ཀྱི་ཕེབས་བསུའི་འོག་༧གོང་ས་མཆོག་ཊོ་རོན་ཊོར་ཞབས་སོར་བཀོད་ཡོད་ལ། ཉིན་དང་པོའི་མཛད་འཕྲིན་ཐོག་མར། ༧གོང་ས་མཆོག་ཊོ་རོན་ཊོ་གཙུག་ལག་སློབ་གླིང་དུ་ཕེབས་ཏེ། མིའི་འདུ་ཤེས་དང་ཚན་རིག་གི་ངེས་རྟོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་དང་། ཉིན་རྒྱབ་དེར་ཁོང་གིས་ཊོ་རོན་ཊོ་ཡི་རོ་རྗར་སི་བསྟི་གནས་ཞེས་པ་དེར་མི་དམངས་ ༡༥༠༠༠ ལྷག་ལ་འགྲོ་བ་མི་ཞིག་གི་ངོས་ནས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་སྟེང་གསུང་བཤད་གནང་ཡོད་པ་རེད། ཉིན་དེར་ཁོང་གིས་ཁོང་ཉིད་ནི་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་ ༡༤ ཁྲོད་ནས་ཡག་ཤོས་དེ་མིན་ལ། སྡུག་ཤོས་དེ་ཡང་མིན་ངེས། ཡིན་ཡང་ཁོང་ཉིད་ནི་ཏཱ་ལའི་བླ་མ་སྐད་གྲགས་ཆེ་ཤོས་དེ་ཡིན་སྲིད་ཅེས་གསུངས་ཡོད་ལ། དེ་བཞིན་ཁོང་གིས། བདེ་སྐྱིད་ནི་གནམ་ནས་ཟགས་ཡོང་གི་མ་རེད། ང་ཚོས་བདེ་ཐང་གི་འཇིག་རྟེན་ཞིག་སྐྲུན་པར་རང་གི་རྣམ་དཔྱོད་འདོན་དགོས་པ་རེད། ཞི་བདེ་ནི་གྲོས་མོལ་ལཁོ་ནའི་ལམ་ནས་ཡོང་ཐུབ་པ་ཞིག་རེད་ཅེས་དང་། ཁོང་ཉིད་དགུང་ལོ་ ༡༦ གི་སྟེང་ནས་རང་དབང་བརླག་སོང་ལ། དགུང་ལོ་ ༢༤ ཡི་སྟེང་ནས་རང་གི་རྒྱལ་ཁབ་ཤོར་སོང་། དེང་སྐབས་དགུང་ལོ་ ༧༥ ལ་ཕེབས་སྐབས་ཁོང་གིས་གསལ་བོར་མཁྱེན་པ་ནི་བཀའ་མོལ་གྱི་ནུས་པ་ཡིན་ལ། གྲོས་མོལ་གྱི་ལམ་དུ་ཕྱིན་པ་ཡིན་ན་ཕྱོགས་གཅིག་རྒྱལ་བ་དང་ཕྱོགས་གཅིག་ཤོར་བ་དེ་འདྲ་མེད། སོ་སོའི་སེམས་རྒྱ་བསྐྱེད་ནས་གཞན་ལ་བསམ་བློ་གཏོང་དགོས་པ་རེད་ཅེས་གསུངས་ཡོད། 

            ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་༧གོང་ས་མཆོག་གིས་ཊོ་རོན་ཊོ་བོད་རིགས་མི་དམངས་ཀྱི་ཚོགས་ཁང་གསར་པ་སྒོ་འབྱེད་དང་བཅས་གངས་ལྗོངས་ཆོས་ལྡན་གླིང་ཅེས་མཚན་གསོལ་ཞིང་། ཚོགས་ཁང་ནང་གི་སྟོན་པ་དང་གུ་རུ་རིན་པོ་ཆེ། སྤྱན་རས་གཟིགས་ཀྱི་སྐུ་བཅས་ལ་རབ་གནས་གནང་ཡོད་པ་རེད། ཕྱི་དྲོ་དུས་ཚོད་༢ པའི་སྟེང་ཁོང་གིས་ཚོགས་ཁང་གསར་པ་དེའི་ནང་ཡོད་བོད་རིགས་ ༥༠༠༠ ལྷག་ལ་བཀའ་སློབ་བསྩལ་ཡོད་པ་རེད། ༧གོང་ས་མཆོག་གིས་བོད་མི་རིགས་འདི་ནི་རྣམ་དཔྱོད་བེད་སྤྱོད་གཏོང་བའི་ཐད་ནས་ཞེ་དྲག་གི་ཡག་པོ་རེད། དེ་ནི་འདས་པའི་ལོ་ ༢༠༠༠ ལྷག་གི་རིང་དར་བའི་ནང་བའི་ལྟ་གྲུབ་གཏིང་ཟབ་མོ་དེ་ཚོར་ཡིད་འཇོག་བྱས་པའི་དབང་གིས་མིན་འགྲོ་བསམ་བསྡད་ཡོད། སངས་རྒྱས་ཀྱི་ཆོས་དང་ལྷག་པར་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དར་ཡོང་དུས་བོད་པའི་སྤྱི་ཚོགས་ནང་དུ་བྱམས་པ་དང་བརྩེ་བ་ཟེར་བ་དེར་རང་བཞིན་གྱིས་བག་ཆགས་ཡོང་བསྡད་པ་ཞིག་རེད། བྱས་ཙང་འཛམ་བུའི་གླིང་འདིར་བོད་པ་ཞེས་ལབ་དུས་མི་དྲང་པོ་དང་སེམས་པ་བཟང་པོ། ཡ་རབས་ཀྱི་སྤྱོད་པ་ཡོད་མཁན་ཞིག་ལ་ངོས་འཛིན་བྱས་བསྡད་ཡོད་པ་རེད། ངོས་རང་རྒྱ་ནག་གི་མི་མང་པོ་ཞིག་ལ་ཐུག་བསྡད་གི་ཡོད་ལ། རྒྱ་རིགས་མང་པོ་ཞིག་གིས་ཀྱང་བོད་མི་རིགས་ཟེར་དུས་ཞི་བདེ་དང་ཡ་རབས་ཡིན་པ་འདིར་དོ་སྣང་ཡོང་གི་འདུག རྒྱ་གར་ལྟ་བུ་ཡིན་ནའང་མང་ཆེ་བ་ཞིག་གིས་བོད་པ་ལ་དགའ་བོ་བྱེད་གི་འདུག འདི་ནི་ང་ཚོའི་མི་རིགས་ཀྱི་གཟི་བརྗིད་རེད། སོ་སོར་ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པ་དང་། ཆོས་དང་རིག་གཞུང་ཕྱུག་པོ་ཡོད་པར་བརྟེན་ནས་མིའི་གཤིས་ཀ་ཡག་པོ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ཁྱེད་རང་ཚོ་ས་གནས་གང་དུ་ཡོད་ནའང་སོ་སོ་བོད་པ་ཡིན་ཟེར་བའི་འདུ་ཤེས་དེ་མ་བརླག་པ་བྱེད་པ་དང་། འདུ་ཤེས་དེའི་སྟེང་ནས་སྤོབས་པ་བྱེད་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད། 

            གཞན་ཡང་ཁོང་གིས། ང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་དེ་དམངས་གཙོའི་ནང་འགྲོ་བསྡད་ཡོད་པ་རེད། འདིའི་སྔོན་ལ་རིན་པོ་ཆེ་ཕེབས་པ་རེད། ད་ནི་རིན་པོ་ཆེ་རྒན་ཡོལ་ལ་ཕེབས་རན་པ་རེད། ལོ་རྗེས་མར་ང་ཚོས་ཆབ་སྲིད་ཀྱི་དབུ་ཁྲིད་གསར་པ་ཞིག་འདེམ་དགོས་པ་རེད། ད་ཕན་མི་དམངས་ཀྱི་ནང་དུ་ཁུགས་ཐུར་ཆེན་པོ་བཞེས་ཏེ། བགྲོ་གླེང་བྱས། གོ་བསྡུར་བྱས་སོང་། ཡག་པོ་ཞེ་དྲག་བྱས་སོང་། འདིའི་རིགས་ནི་སྤྱིར་བཏང་འཛམ་བུའི་གླིང་འདིའི་སྒང་ནས་སྤོབས་པ་སྐྱེ་དགོས་པ་ཞིག་དང་། ཡང་སྒོས་རྒྱ་ནག་གཞུང་གི་ཐོག་ལ་ང་ཚོས་འདི་ནས་རྗེས་ལུས་ཐེབས་པའི་ལམ་ལུགས་ཤིག་གི་སྟེང་བསྐྱར་ལོག་བྱེད་པ་དང་། སྤྱི་ཚོགས་རྙིང་བའི་ལམ་ལུགས་བསྐྱར་གསོ་བྱེད་པ་དེ་འདྲ་ཞིག་མིན་པ་ང་ཚོས་ཁ་ནས་བཤད་པ་ཙམ་མིན་པར། ལག་ལེན་གྱི་སྟེང་ནས་ལན་ཞིག་བསློགས་པ་རེད། འདི་ཚོ་ཡག་པོ་རེད། ངོས་ནས་རྟག་པར་བཤད་བསྡད་ཡོད། ༧རྒྱལ་བ་རིན་པོ་ཆེ་ལུགས་གཉིས་ཀྱི་དབུ་ཁྲིད་བྱས་ནས་མགོ་ཁྲིད་པ་དེ་རྒྱལ་དབང་ལྔ་བའི་སྐབས་ནས་བྱུང་བ་རེད། ད་ནི་ལོ་ ༤༠༠ ནས་ ༥༠༠ ཞིག་ཕྱིན་པ་རེད། དེ་མཇུག་རྫོགས་ཚར་བ་རེད་ཅེས་བཤད་བསྡད་ཡོད། དེ་རྣམ་རྟོག་སློང་བའི་སྐད་ཆ་མ་རེད། དངོས་ཡོད་གནས་ཚུལ་རེད། དེ་རྫོགས་དགོས་པ་རེད། དེ་འདྲ་ཡིན་དུས་ ༢༠༠༡ གི་ལོ་ནས་བཟུང་ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་འོས་བསྡུའི་ལམ་ནས་ཕེབས་པ་ནས་བཟུང་ངོས་ཀྱི་གནས་སྟངས་དེ་རྒན་ཡོལ་བྱེ་བྲག་པ་ཞིག་གི་ནང་བསླེབས་བསྡད་ཡོད། དེ་ངོས་རང་སེམས་ཤུགས་ཆགས་པ་དང་། བོད་སྤྱི་བའི་ལས་དོན་ཐོག་སེམས་ཁུར་མེད་པ་དེ་འདྲ་མ་རེད། ཁྱེད་རང་ཚོ་ཚང་མས་མཁྱེན་གསལ་ལྟར་རེད། ངོས་ནས་འཛམ་བུའི་གླིང་སྤྱིའི་བདེ་དོན་ལ་བསམ་བློ་གཏོང་དགོས་པ་རེད། ང་ཚོས་ནམ་རྒྱུན་སེམས་ཅན་ཐམས་ཅད་ཅེས་བཤད་ཡོད་པ་མ་གཏོགས། བོད་པ་གཅིག་པུ་ཞེས་བཤད་གི་ཡོད་པ་མ་རེད། སེམས་ཅན་ཐམས་ཅད་ལ་བདེ་བ་བྱུང་བ་ཡིན་ན་བོད་པ་ལ་ཡང་རང་བཞིན་གྱིས་བདེ་སྐྱིད་ཐོབ་བསྡད་ཡོད་པ་རེད་ཅེས་ཁོང་གིས་འཛམ་བུའི་གླིང་གི་མི་སྤྱིའི་བདེ་དོན་ལ་སྨོན་ལབ་བརྒྱག་པ་དང་། ཐུགས་ཁུར་གནང་བཞིན་པའི་སྐོར་གསུངས་ཡོད་པ་རེད།

            ཉིན་དེར་ཁོང་གིས་ཊོ་རོན་ཊོར་གནས་བཞུགས་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་སློབ་ཕྲུག་དང་རྩོམ་པ་པོ། ཕྱི་སྡོད་རྒྱ་རིགས་བཅས་ལ་མཇལ་འཕྲད་ཀྱིས་བོད་རྒྱའི་འབྲེལ་བ་དང་། དཀའ་རྙོག་སེལ་ཐབས་བཅས་ཀྱི་ཐད་ཁོང་གི་དགོངས་གཞི་གསལ་བཤད་གནང་ཡོད་པ་རེད

            ཕྱི་ཚེས་ ༢༤ ཉིན་༧གོང་ས་མཆོག་གིས་བོད་རིགས་ཚོར་སྒྲོལ་དཀར་གྱི་ཚེ་དབང་གནང་བ་དང་། དེ་རྗེས་ཁེ་ན་ཌའི་ཝན་ཁོ་ཝར་དུ་གནས་བཞུགས་མཚན་སྒྲོགས་དགོན་པ་དང་། འོན་ཊ་རོ་བོད་རིགས་མི་དམངས་གཉིས་མཉམ་འབྲེལ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་ཡོད་པ་རེད། འདིའི་ཐད་དགའ་ལྡན་བྱང་རྩེ་ཀླུ་འབུམ་ཁང་ཚན་མཚན་སྒྲོགས་མཁན་ཆེན་ཧོ་ཐོག་ཐུ་སྐུ་ཕྲེང་ ༧ པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གསུངས་དོན། ཐེངས་འདིའི་བརྟན་བཞུགས་ནི་༧གོང་ས་མཆོག་ལ་བྱང་ཨ་རིའི་ཁུལ་ནས་བརྟན་བཞུགས་ཕུལ་ཐེངས་ ༢ པ་རེད་བསམ། ༧གོང་ས་མཆོག་གི་སྐུ་ཚེ་མཛད་འཕྲིན་རྒྱས་བཞིན་པའི་སྐབས་སུ་ཁོང་གི་སྐུ་ཚེ་ཞབས་པད་བརྟན་རྒྱུ་ནི་དེ་བས་ཀྱང་གལ་ཆེན་པོ་རེད། དེ་བས་ཐེངས་འདིར་ཁོང་ཁེ་ན་ཌར་ཕེབས་པའི་སྐབས་དང་བསྟུན་ནས་མཚན་སྒྲོགས་དགོན་པས་འོན་ཊ་རོ་བོད་རིགས་མི་དམངས་དང་མཉམ་འབྲེལ་ཐོག་ཁོང་ལ་བརྟན་བཞུགས་ཕུལ་ཐུབ་པ་འདི་ནི་གཅིག་ནས་ཁོང་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དང་། ཕྱོགས་གཞན་ནས་བཤད་ན། སོ་སོའི་ངོས་ནས་ཚོགས་དང་བསོད་ནམས་བསགས་པ་ཡང་རེད་ཟེར་ལ། མཚན་སྒྲོགས་དགོན་པའི་ངོས་ནས་བརྟན་བཞུགས་ཀྱི་སྐབས་འདིར་ཚེ་མདོ་གསེར་བྲིས་མ་ཞིག་དང་སྒྲོལ་དཀར་ཞལ་ཐང་ ༡༠༠ བཅས་ཕུལ་ཡོད་པ་རེད།

སྤྱི་ནོར་ྋགོང་ས་མཆོག་བྱང་ཨ་རི་ཁུལ་དུ་ཆིབས་སྒྱུར་དང་བཀའ་སློབ

བོད་ཀྱི་དུས་བབ་ལས། ༢༠༡༠/༡༠/༡༥ ཉིན་འདི་འགར་ྋགོང་ས་མཆོག་གི་ཨ་རི་ཁུལ་དུ་ཆིབས་སྒྱུར་སྐྱོང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༢ ཉིན་བྱང་ཁེ་ལེ་ཧྤོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་མགོ་ཁྲིད་རྣམ་པ་དང་ས་གནས་མི་མང་གི་ཕེབས་བསུའི་ཁྲོད་སེན་ཨོ་སིའི་ཚོམས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ། ཚོགས་གཙོ་ཨོ་དཀར་ཚང་སྐལ་རྡོ་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པ་དང་སྦྲགས། སྤྱི་མཐུན་ཚོགས་པའི་ཁོངས་སུ་བོད་མི་ ༢༠༠༠ ཙམ་ཡོད་པ་དང༌། སྤྱི་ཁང་ཞིག་ཀྱང་བསྐྲུན་འཆར་ཡོད་སྟབས། མ་འོངས་པར་སྤྱི་ཁང་གསར་པར་རབ་གནས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཡང་ཞུས་ཡོད། ྋགོང་ས་མཆོག་གིས་དེར་ཡོད་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ལ་མཇལ་ཁ་གནང་ཞིང༌། སྐབས་དེར་མགོན་པ་གང་ཉིད་ནས། བོད་པའི་ཐུན་མོང་མ་ཡིན་པའི་ཕ་མེས་ནས་ཡོད་པའི་རིག་གཞུང་ཕྱུག་པོ་དེ་སྒྲིག་གཤོམ་བྱེད་རྒྱུ་དང༌། ཕྱག་མཆོད་འབུལ་བྱེད་ཡུལ་ཙམ་དུ་མ་སོང་བར་ངེས་པར་དུ་སྦྱང་ནས་ཤེས་པ་བྱ་དགོས་པ་དང༌། བཀའ་བསྟན་འགྱུར་དེ་ཚོ་སློབ་དེབ་ལྟ་བུར་རྩིས་ནས་སློབ་སྦྱོང་བྱ་དགོས། བཀའ་འགྱུར་དང་བསྟན་འགྱུར་གྱི་པོ་ཏི་སློབ་སྦྱོང་བྱ་རྒྱུ་དེ་རབ་བྱུང་གཅིག་པུ་མ་གཏོགས་ཁྱིམ་པས་སློབ་སྦྱོང་བྱ་མི་ཆོག་པ་དེ་འདྲ་མ་རེད། ལོ་རྒྱུས་ལ་བལྟས་ན་ཁྱིམ་པའི་ཁྲོད་དུའང་ཁྱིམ་པ་པཎྜི་ཏ་བྱུང་མྱོང་ཡོད། ཅེས་དང།

ཡང་ཁོང་གིས་མུ་མཐུད་གསུངས་དོན། སངས་རྒྱས་ཀྱི་ཆོས་དང་ཕ་མེས་ཀྱི་རིག་གཞུང་སློབ་རྒྱུ་དེ་དེང་དུས་ཀྱི་ཤེས་ཡོན་སློབ་པར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད། ྋསྐུ་མདུན་ྋསྐུ་གོང་མའི་སྐབས་སུ་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ་གལ་ཆེན་དུ་གཟིགས་ཏེ། བོད་པའི་སློབ་ཕྲུག་དབྱིན་ཡུལ་ལ་སློབ་སྦྱོང་དུ་གཏོང་རྒྱུའི་དགོངས་བཞེས་གནང་འདུག་ཀྱང༌། མཇུག་འཁྱོལ་ཐུབ་པ་ཞིག་མ་བྱུང་བ་ནི་འཐུས་ཤོར་རེད། དེར་བརྟེན་དེང་དུས་ཀྱི་ཤེས་ཡོན་སྦྱང་བརྩོན་ལ་དོ་སྣང་བྱས་ཏེ་རིགས་གཅིག་རྐང་འཛིན་པ་ཆགས་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་ཡོད། དེ་བཞིན་ཁོང་ལ་དེང་སང་བོད་པའི་བཟང་སྤྱོད་ཉམས་ཆགས་འགྲོ་གི་མེད་དམ་སྙམ་པའི་ཚོར་སྣང་ཡོང་གི་ཡོད་སྟབས། མ་འོངས་པར་བོད་པ་ཚོས་དེའི་ཐད་དོགས་ཟོན་བྱ་དགོས་པ་དང༌། བོད་མི་རེ་ཟུང་གིས་སོ་སོའི་སྒེར་དོན་གྱི་ཆེད་དུ་མགོ་བདེ་པོ་དང་སྐྱག་རྫུན་བཤད་པར་བརྟེན་ནས་བོད་སྤྱི་བའི་མཚན་སྙན་ལ་གནོད་པའི་གནས་ཚུལ་ཡོང་གི་ཡོད་པ་དེ་དག་སླར་མི་འབྱུང་བ་བྱ་དགོས་པའི་བཀའ་ནན་སྩལ་ཡོད།

དེ་ཉིན་ཕྱེད་ཡོལ་དུ་རྒྱུད་སྟོད་གསང་སྔགས་ཆོས་ཚོགས་ཀྱིས་ྋགོང་ས་མཆོག་ལ་བོད་དགོན་གསར་སྐྲུན་གྱི་ལས་འཆར་སྙན་སྒྲོན་ཞུས་ཡོད་ཅིང༌། སྐབས་དེར་ྋགོང་ས་མཆོག་གིས། རྒྱ་གཞུང་གིས་བོད་ནང་གི་དགོན་སྡེ་ ༦༠༠༠ ལྷག་ཙམ་གཏོར་བཤིག་ཚབས་ཆེན་བཏང་ཡོད་ཀྱང༌། འདིར་རྒྱུད་སྟོད་ཆོས་ཚོགས་ཚུགས་ཐུབ་པ་ནི་གལ་ཆེན་པོ་ཡིན་ཞེས་དང༌། དངོས་གནས་ནང་ཆོས་སྦྱོང་སའི་བསྟི་གནས་ནི་བོད་ཀྱི་ཕྱི་ལོག་ལ་ཆགས་ཡོད། བཙན་བྱོལ་ནང་ཡོད་པའི་བོད་པའི་དགོན་སྡེ་གྲྭ་ཚང་ཁག་གི་ནང་དགེ་འདུན་པ་ ༡༠༠༠༠ ཙམ་དང༌། བཙུན་མ་ ༣༠༠༠ ཙམ་གྱིས་ནང་ཆོས་སློབ་གཉེར་བྱེད་ཀྱི་ཡོད་སྐོར་དང༌། རྒྱུད་སྟོད་ཆོས་ཚོགས་ཀྱིས་བོད་དགོན་གསར་སྐྲུན་གྱི་ལས་འཆར་དེ་ཡང་ནང་ཆོས་སློབ་སྦྱོང་བྱེད་ས་གཅིག་པུ་མ་ཡིན་པར་ལྟ་གྲུབ་འདྲ་མིན་བར་གོ་བསྡུར་བྱེད་ས་དང༌། ནང་པ་དང་ཚན་རིག་པའི་བར་ལ་གོ་བསྡུར་སྦྱང་བཤད་བྱ་ཡུལ་ཞིག་ཏུ་འགྱུར་ཐུབ་པ་བྱ་དགོས་པའི་མངགས་བཀོལ་ཡང་གནང་སོང༌།

ྋགོང་ས་མཆོག་གིས་གསར་འགོད་པ་ཚོར་བཀའ་གནང་དོན། ངོས་རང་གང་དུ་ཕྱིན་ཡང་རྩ་བའི་དམ་བཅའ་གསུམ་ཡོད། ཡིན་ན་ཡང་ཕྱི་ལོ་ ༢༠༠༠ ལོར་བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་མི་མང་ནས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་སྟབས། ང་རང་གི་དམ་བཅའ་གསུམ་པ་སྟེ། བོད་ཀྱི་གནད་དོན་གྱི་ཐད་ཕྱེད་བགྲེས་ཡོལ་གྱི་གནས་བབ་ཏུ་ཡོད་ཅིང༌། ད་ཆ་རྦད་དེ་བགྲེས་ཡོལ་ཆ་ཚང་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད། ཅེས་དང༌། དེ་བཞིན་ཁོང་གིས། ལིའུ་ཞའོ་པོ་ཡིས་ ༢༠༠༨ གྱི་རྩ་འཛིན་ཡིག་ཆའི་སྐོར་གནས་ཚུལ་ཐོན་སྐབས་ནས་རྒྱབ་སྐྱོར་བྱས་ཡོད་པར་མ་ཟད། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་དང་མཉམ་དུ་ཁོང་ལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པའི་རྒྱབ་སྐྱོར་གྱི་མཚན་རྟགས་ཀྱང་བཀོད་ཡོད་ཚུལ་སོགས་གསར་འགོད་པར་ལན་འདེབས་གནང་ཡོད་པར་མ་ཟད། དེར་ཡོད་གསར་འགོད་པ་རྣམས་ལ་འགྲོ་བ་མིའི་བཟང་པོའི་ཡོན་ཏན་དང་ཆོས་ལུགས་འཆམ་མཐུན་གོང་སྤེལ་གྱི་ཐད་ལ་སྐུད་འདེད་ཀྱི་ནུས་པ་དང་འབོད་སྐུལ་གནང་ཡོད་པ་རེད།

ཕྱི་ཚེས་ ༡༣ ཉིན་ྋགོང་ས་མཆོག་དགེ་ལྡན་ཆོས་གླིང་ཆོས་ཚོགས་ཀྱིས་གསོལ་འདེབས་གནང་བ་ལྟར། སེན་ཨོ་སི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་གནང་སྟེ། དེར་ཡོད་མི་མང་ ༥༠༠༠ ཙམ་ལ་ནང་ཆོས་དར་སྤེལ་གྱི་ལོ་རྒྱུས་ངོ་སྤྲོད་གནང་རྗེས་འོད་དཔག་མེད་ཀྱི་རྗེས་གནང་སྩལ་ཡོད་ལ། ཉིན་རྒྱབ་དུ་རཱ་ཝུན་སི་ཝོར་ཌི་ཞེས་པའི་སློབ་ཕྲུག་ ༣༠༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་གནང་བར་མ་ཟད། སློབ་ཕྲུག་ཚོ་དང་མཉམ་དུ་དྲི་བ་དྲི་ལན་གནང་ཡོད་པ་དང༌། དེར་ཡོད་ རཱོ་ནལ་མྵེ་ཌོ་ནལ་ ཞེས་པའི་ནད་གཞི་ཅན་གྱི་ཕྲུ་གུ་ལྟ་སྐྱོང་ཚོགས་པ་ཞིག་ཏུ་ཆིབས་སྒྱུར་གྱིས་ནད་ཀྱིས་མནར་བཞིན་པའི་ཕྲུ་གུ་རྣམས་ལ་མཇལ་ཁ་གནང་བར་མ་ཟད། བོད་ཀྱི་གསོ་བ་རིག་པའི་སྨན་པ་བསྟེན་དགོས་པ་དང༌། མ་འོངས་པར་བོད་སྨན་གྱི་ཐོག་ནས་སྨན་བཅོས་བྱ་དགོས་བྱུང་ཚེ་སྐུ་ཚབ་དོན་གཅོད་བརྒྱུད་བོད་པའི་སྨན་པ་གཏོང་རྒྱུའི་གོ་སྒྲིག་ཞུ་ཆོག་ཅེས་བཀའ་སློབ་གནང་ཡོད། ཐེངས་འདིར་ྋགོང་ས་མཆོག་ཕེབས་པའི་རཱོ་ནལ་མྵེ་ཌོ་ནལ་ ནད་གཞི་ཅན་གྱི་བྱིས་པ་ལྟ་སྐྱོང་ཁང་དེའི་ནང་བོད་པའི་ཕྲུ་གུ་ནད་པ་གཉིས་ཡོད་འདུག། །

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php