ྋགོང་ས་མཆོག་ཧིན་དྷུ་སི་ཐན་དུས་བབ་གསར་ཁང་གི་ལྷན་ཚོགས་ཏུ་ཆིབས་སྒྱུར་བསྐྱངས

       འདི་ཟླའི་ཚེས་ ༡༩ ཉིན་རྒྱ་གར་གྱི་གསར་ཤོག་གྲགས་ཅན་ཧིན་དྷུ་སི་ཐན་དུས་བབ་ (Hindustan Times) གསར་ཁང་གིས་གོ་སྒྲིག་ཞུས་པའི་གསར་ཁང་གི་འགོ་ཁྲིད་ལྷན་ཚོགས་སུ་ྋགོང་ས་མཆོག་གདན་འདྲེན་ཞུས་པ་ལྟར་ཆིབས་བསྒྱུར་གྱིས་ཚོགས་འདུར་ཕེབས་པའི་གནད་ཡོད་མི་སྣ་དང། གསར་འགོད་པ། བརྙན་འཕྲིན་སྡེ་ཚན་གྱི་པར་པ། དེ་བཞིན་ཕྱི་རྒྱལ་བ་སོགས་མི་གྲངས་ ༡༧༠༠ བརྒལ་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་རྙོག་གི་དུས་ཚོད་ནང་བདེ་སྐྱིད་འཚོལ་བའི་ཐབས་ལམ་ (Art of Happoness in troubled times) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན།

     འཛམ་གླིང་འདིའི་སྟེང་དཀའ་ངལ་མི་འདྲ་བ་ཁག་གཉིས་ཡོད། དེ་ནི་ཕྱི་ལུས་པོའི་དཀའ་ངལ་དང་ནང་སེམས་ཀྱི་དཀའ་ངལ་བཅས་ཡིན། དེང་དུས་དཔལ་འབྱོར་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པར་བརྟེན་ལུས་པོའི་དཀའ་ངལ་ཉུང་དུ་ཕྱིན་ཡོད། འོན་ཀྱང་ཡར་རྒྱས་དེ་དག་གིས་རྐྱེན་པས་ནང་སེམས་ཀྱི་དཀའ་ངལ་མང་དུ་ཕྱིན་ཏེ་སེམས་པ་མ་སྐྱིད་པ་ཡོང་གི་ཡོད། དེང་སྐབས་སེམས་པ་མ་སྐྱིད་པའི་ཚད་གཞི་མཐོ་རུ་འགྲོ་བ་དེ་ནི་ཕན་ཚུན་འགྲན་རྩོད་ཤུགས་ཆེ་ཡོད་པས་ཡིན། ཀོལ་ཀ་ཏ་དང་ལྡི་ལི་ལྟ་བུ་གྲོང་ཁྱེར་ཆེ་ཁག་ནང་དཀའ་ངལ་དེ་དག་ཤུགས་ཆེ་བ་ཡོད། གྲོང་གསེབ་ཁག་ཏུ་ལུས་པོའི་དཀའ་ངལ་ཆེ་བ་ཡོད་པ་དང་། ནང་སེམས་ཀྱི་དཀའ་ངལ་དེ་ཙམ་མེད། དུས་རབས་བརྒྱད་པའི་ནང་བྱོན་པའི་དཔལ་ནཱ་ལེནྡྲའི་མཁས་དབང་སློན་དཔོན་ཞི་བ་ལྷས། ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙིད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །ཞེས་གསུངས་པ་ལྟར་དགྲ་བོ་འདུལ་བར་བྱེད་པར་ཐོག་མར་རང་ཉིད་ཀྱི་ཉོན་མོངས་དུག་གསུམ་བཏུལ་དགོས།
    
 ངོས་ལ་དགེ་འདུན་པ་ངོ་ཤེས་པ་ཞིག་ཡོད་ཁོང་གིས་ཁོང་རང་རྒྱའི་བཙོན་དུ་ཡོད་སྐབས་དུས་ནམ་ཞིག་ལ་རྒྱ་གར་དུ་བསླེབ་ན་སྙམ་དྲན་གྱི་ཡོད་ཟེར། ཁོང་འཆི་རྒྱུར་མི་སྐྲག་པར་རྒྱ་མི་རིགས་ཀྱི་ཐོག་ལ་བྱམས་བརྩེ་མེད་པ་ཆགས་རྒྱུ་དེར་སྐྲག་བྱུང་ཞེས་བརྗོད་བྱུང། དེ་ནི་བོད་པའི་རྣམ་དཔྱོད་ཡིན། སྤྱི་ཚོགས་ཡོངས་རྫོགས་ཡར་རྒྱས་གཏོང་ཆེད་ཁ་འདོན་གཅིག་པུས་མི་ཕན་པར་དེ་དང་མཉམ་དུ་འབད་བརྩོན་བྱེད་དགོས།
    
 ངོས་རང་དེ་སྔ་བྷི་ཧཱར་དུ་སྟོན་པའི་སྐུ་བརྙན་དབུ་འབྱེད་དུ་ཆེད་བསྐྱོད་བྱེད་སྐབས་བྷི་ཧཱར་མངའ་སྡེའི་བློན་ཆེན་མཆོག་གིས་བྷི་ཧཱར་ནང་སྟོན་པ་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཀྱི་མཐུས་ཕུན་སུམ་ཚོགས་པོ་ཡོད། ཅེས་གསུངས་སོང་། སྐབས་དེར་ངོས་ཀྱིས་གལ་ཏེ་བྷི་ཧཱར་མངའ་སྡེ་འདིར་སྟོན་པའི་བྱིན་རླབས་ཀྱིས་ཚགས་ཚུད་ཡག་པོ་ཡོང་གི་ཡོད་ན། མངའ་སྡེ་འདི་སྔ་མོ་ནས་ཚགས་ཚུད་ཡག་པོ་ཞིག་ཡོང་དགོས་པ་ཡིན། ཞེས་བརྗོད་ཡོད།
    
 གཞན་ཡང་རྒྱ་གར་དང་བོད་གཉིས་དབར་གྱི་འབྲེལ་བ་ནི་བླ་སློབ་ཀྱི་འབྲེལ་བ་ཡིན། ང་ཚོས་རྒྱ་གར་མཁས་དབང་ཚོའི་མདུན་ནས་སློབ་སྦྱོང་མང་པོ་བྱས་ཡོད། ངོས་ཀྱིས་དུས་རྒྱུན་དུ་ནུབ་ཕྱོགས་ཀྱི་ཆོས་ཞུ་བ་ཚོར་ང་ཚོ་ནི་དཔལ་ནཱ་ལེནྡྲའི་མཁས་དབང་གི་ལྟ་གྲུབ་སྦྱོང་མཁན་སློབ་མ་ཞིག་ཡིན་ཞེས་ངོ་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་ཚོས་ཀྱང་ང་ཚོ་ཡིད་བརྟན་འཕེར་བའི་སློབ་མ་ཞིག་ལ་ངོས་ལེན་བྱེད་དགོས་ཞེས་སོགས་བཀའ་སློབ་སྩལ་ཡོད། ཚོགས་འདུའི་མཇུག་ཏུ་ཧིན་དྷུ་སི་ཐན་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་སན་ཇོ་ཨེ་ནཱ་ར་ཡན་ (Sanjoy Narayan) གྱིས་ྋགོང་ས་མཆོག་ལ་དེང་དུས་གཞོན་སྐྱེས་ཚོའི་ནང་འཁྲུལ་སྣང་གི་བློ་ཤུགས་ཆེ་ཡོད་སྐོར་བཀའ་འདྲི་ཞུས་པར་ྋགོང་ས་མཆོག་གིས་བཀའ་ལན་གནང་དོན། ང་ཚོའི་མི་རབས་ནི་དུས་རབས་ཉི་ཤུ་པའི་མི་རབས་ཤིག་ཡིན། དུས་རབས་ ཉི་ཤུ་པ་ནི་དྲག་སྤྱོད་ཀྱི་དུས་རབས་ཤིག་ཆགས་ནས་མི་ས་ཡ་ཉིས་བརྒྱ་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད། ད་ལྟའི་དུས་རབས་ཉེར་གཅིག་པ་འདི་སྔར་གྱི་དུས་རབས་ལྟར་ཆགས་མིན་ནི་དེང་དུས་ཀྱི་གཞོན་སྐྱེས་ཚོར་རག་ལུས་ཡོད། གལ་ཏེ་གཞོན་སྐྱེས་ཚོས་དུས་རབས་སྔ་མའི་ཟོག་རྫུ་དེ་དག་ལ་མགོ་མ་གཡེང་པར་ནང་སེམས་ཀྱི་རིན་ཐང་གོང་མཐོར་བཏང་ན། འཁྲུལ་སྣང་དེ་དག་མེད་པ་ཆགས་སྲིད་ཞེས་དང་།
    
 ཡང་ (Equus advertising Agency) ཞེས་པའི་ལས་ཁང་འཛུགས་མཁན་ལས་རོགས་སཱུ་ཧེལ་སེཊ་ (Suhel Seth) ཡིས་ྋགོང་ས་མཆོག་གི་ཡང་སྲིད་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་གནང་དོན། དྲི་བ་འདི་ངོས་རང་གིས་གལ་ཆེན་པོ་མཐོང་གི་མེད། འོན་ཀྱང་ངོས་ཀྱི་ཡང་སྲིད་ངོས་འཛིན་བྱེད་མིན་ཐད་བོད་རྒྱ་ཆེའི་མི་མང་གིས་ཐག་གཅོད་བྱེད་དགོས་པའི་སྐོར་ལོ་བཅུ་ཕྲག་ཁ་ཤས་སྔོན་ནས་གསལ་བསྒྲགས་བྱས་ཟིན་པ་ཡིན། ཡིན་ནའང་རྒྱ་ནག་དམར་པོའི་གཞུང་གིས་ངོས་ཀྱི་ཡང་སྲིད་ཀྱི་གནད་དོན་དེ་ཛ་དྲག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག བོད་མི་ཚོ་ཏཱ་ལའི་བླ་མའི་སྒྲིག་འཛུགས་ཀྱི་འོག་གནས་འདོད་ཡོད་ཀྱི་རེད། འོན་ཀྱང་ལོ་སུམ་ཅུ་བཞི་བཅུའི་རྗེས་ཀྱི་གནས་ཚུལ་སུས་ཀྱང་བརྗོད་ཐུབ་ཐབས་མེད་ཅེས་བཀའ་ལན་སྩལ།
    
 དེ་རྗེས་རྡ་སའི་བོད་ཀྱི་དཔེ་མཛོད་ཁང་གིས་དབང་པོ་ལྔའི་སྒོ་ནས་ནང་ཆོས་དང་ཚན་རིག་དབར་གྱི་ལྟ་ཚུལ་འདྲ་མིན་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་པ་དེ་དག་ྋགོང་ས་མཆོག་གིས་དབུ་འབྱེད་མཛད་ཡོད། ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་ལྡི་ལིར་ཡོད་པའི་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་ཞེས་པ་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ལ་ཆིབས་བསྒྱུར་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འགྲོ་བ་མིས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་རེད།། །།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php