༄༅།།བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས། བོད་ཟླ་ ༧ ཚེས་ ༢༥ ནས་ ༢༧ ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༩ ཚེས་ ༢༢ ནས་ ༢༤ བར་ཉིན་གསུམ་རིང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་ཀྱི་དབུ་འཁྲིད་བླ་ཆེན་རྣམ་པ་དང་བླ་སྤྲུལ། སྐུ་ཚབ་བཅས་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པ་བཞུགས་སྒར་རྡ་ས་མེ་གྷན་སུརྱ་མགྲོན་ཁང་དུ་བསྐྱངས་པའི་གྲོས་གཞི་དང་གྲོས་ཆོད

 

གྲོས་གཞི་དོན་ཚན་དང་པོ། ཆོས་རིག་བཀའ་བློན་མཆོག་ནས་ཆོས་ཚོགས་ཐེངས་ ༡༠ པའི་གྲོས་ཆོད་ཁག་ལ་ཕྱག་བསྟར་ཐུབ་པ་དང་མ་ཐུབ་པ་ཇི་བྱུང་གི་གནས་སྟངས་ྋསྙན་སྒྲོན་ཞུ་རྒྱུ།
གྲོས་ཆོད། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་ཆོས་ཚོགས་ཐེངས་ ༡༠ པའི་གྲོས་ཆོད་ཁོངས་ནས་ལག་བསྟར་ཐུབ་པ་དང་མ་ཐུབ་པ་ཇི་བྱུང་ཡིག་ངག་གཉིས་ཐོག་ྋསྙན་གསན་གནང་བ་ཚོགས་བཅར་བ་ཚང་མས་བློ་ངེས་བྱུང་ཞིང༌། ལག་བསྟར་མ་ཐུབ་པ་རྣམས་འབྲེལ་ཡོད་ཚང་མས་མུ་མཐུད་མཇུག་གནོན་དང་ལག་བསྟར་ཞུ་རྒྱུ།

གྲོས་གཞི་དོན་ཚན་གཉིས་པ། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་དགོན་སྡེ་ཁག་གི་སློབ་གཉེར་གོང་འཕེལ་ཡོང་ཐབས་སྐོར་གྱི་ཚོགས་ཆུང་ཟུར་འཛུགས་ཐོག་མཐའ་མའི་གྲུབ་དོན་སྙན་ཐོ་ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢།༣ བར་གྱི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་འཁྲིད་བླ་ཆེན་དང་སྐུ་ཚབ་རྣམ་པའི་ལྷན་ཚོགས་སུ་ཕུལ་བའི་དགོངས་དོན། གྲོས་ཆོད་དང་པོ་ནང་གསལ་གནང་སྒོ་ཁག་སྐབས་དེར་ཚོགས་ཕེབས་རྣམས་ལ་གསོལ་འདེབས་དང༌། གདན་ས་བཤད་གྲྭ་སོ་སོར་སྔ་རྗེས་ཡིག་ཆུང་དང་བཅས་འབུལ་ལམ་ཞུས་ཟིན་ལ་ཁུངས་སོ་སོས་ཕྱག་བསྟར་ཇི་ཙམ་འཁེལ་མིན་དང༌། མ་འཁེལ་བ་རྣམས་ལ་གནང་ཕྱོགས་ཇི་དགེ་བཀའ་བསྡུར་ཐག་གཅོད་གནང་རྒྱུ།
གྲོས་ཆོད། ཆོས་ལུགས་ཆོས་བརྒྱུད་སོ་སོའི་གནས་སྟངས་སྙན་སྒྲོན་གནང་བ་ལྟར། དགོན་སྡེ་ཁག་གི་སློབ་གཉེར་གོང་འཕེལ་ཡོང་ཐབས་ཀྱི་སྙན་ཐོའི་དགོངས་དོན་གཙོ་བོ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་དང༌། དེ་བཞིན་ཕྱི་ནང་གི་སྐད་ཡིག དེང་དུས་ཀྱི་ཤེས་ཡོན། སོ་སོའི་རང་གཞུང་གཙོར་བཟུང་ཐོག་ཆོས་ལུགས་ཆོས་བརྒྱུད་རིས་མེད་ཀྱི་གཞུང་རྣམས་ལ་སློབ་སྦྱོང་གནང་རྒྱུ་སྔར་བས་ཚགས་ཚུད་དང་ཡར་རྒྱས་སོང་ཡོད་པའི་གཟིགས་ཚུལ་བྱུང་ཡང༌། ད་དུང་མཇུག་གནོན་ཕྱག་བསྟར་མུ་མཐུད་དགོས་རྒྱུ་དང༌། ལྷག་པར་ཐོས་བསམ་སློབ་གཉེར་ལ་འགལ་རྐྱེན་ཆགས་གཞིའི་ལག་ཐོགས་ཁ་པར་དང༌། ཀམ་པུ་ཊར་འཕྲུལ་ཆས་རིགས་སློབ་གཉེར་གྱི་དུས་ཡུན་སྤྱི་དང་དམིགས་བཀར་ཚོགས་དང་ཆོས་རྭར་བཀག་སྡོམ་དམ་ནན་བྱ་རྒྱུ།

གྲོས་གཞི་དོན་ཚན་གསུམ་པ། ཆོས་ཚོགས་ཐེངས་ ༡༠ པའི་གྲོས་གཞི་དོན་ཚན་ ༤ པའི་གྲོས་ཆོད། ཀ༽ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་བཙུན་མའི་འདུས་སྡེའི་ཁོངས་ནས་སློབ་གཉེར་མཐར་སོན་པ་རྣམས་ལ་མཚན་གནས་གསར་རྙིང་གང་འོས་འབུལ་འཐུས། ཁ༽ མཚན་གནས་འབུལ་ཕྱོགས་ཀྱི་བརྒྱུད་རིམ་དང་ལམ་ལུགས་ཞིབ་ཕྲ་གསར་གཏོད་དགོས་པར་བརྟེན། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པ་སོ་སོས་འཆར་གཞི་བཀོད་དེ་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་གཏན་འབེབས་གནང་རྒྱུ་ཞེས་པའི་ཐོག་བཀའ་བསྡུར་ཐག་གཅོད་གནང་རྒྱུ།
གྲོས་ཆོད།
ཀ༽    ཆོས་རིག་ལས་ཁུངས་ནས་ཆོས་སྡེ་ཁག་ཅིག་གིས་ཕུལ་བའི་དགོངས་འཆར་ཁག་དང༌། བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དང་འཇམ་དབྱངས་ཆོས་གླིང་གི་འཆར་གཞི། བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་གོ་སྒྲིག་འོག་ཉིན་གཉིས་རིང་བཙུན་དགོན་ཁག་ ༡༡ གི་སྐུ་ཚབ་ནས་བཙུན་མ་རྣམས་ཀྱིས་གཞུང་ཆེན་སློབ་གཉེར་གནང་གྲུབ་རྗེས། ཆེས་མཐོའི་རྒྱུགས་སྤྲོད་དང་མཚན་གནས་འབུལ་ཕྱོགས་སྐོར་གྱི་འཆར་གཞི་ཕུལ་འབྱོར་བཅས་ཚོགས་ཐོག་སྙན་གསན་བྱུང༌།
ཁ༽     ཆོས་ལུགས་ཆོས་བརྒྱུད་ཁོངས་ནས། སྔ་འགྱུར་རྙིང་མས་དགེ་བའི་བཤེས་གཉེན་མ་དང༌། དཔལ་ལྡན་ས་སྐྱ་པས་ས་སྐྱ་མཐོ་སློབ་ཀྱི་སྒྲོམ་གཞི་དང་མཐུན་པར་བཀའ་བཅུ་མ་དང༌། སློབ་དཔོན་མ། རབ་འབྱམས་མ་བཅས་ཀྱི་མཚན་གནས། བཀའ་བརྒྱུད་ཀྱི་ཕྱོགས་ནས་བཀའ་བརྒྱུད་མཐོ་སློབ་ཀྱི་སྒྲོམ་གཞི་དང་མཐུན་པར་མཁན་མོའི་མཚན་གནས་འབུལ་འཆར་ཡོད་ཅེས་གསུངས། རི་བོ་དགེ་ལུགས་པའི་ཕྱོགས་ནས་དགེ་བཤེས་ཀྱི་མཚན་གནས་ཐོབ་པར་ངེས་པར་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་སྔོན་སོང་དགོས་ཤིང༌། བཙུན་མའི་འདུས་སྡེས་འདུལ་མཛོད་གཉིས་དང༌། ལྷག་པར་འདུལ་བའི་གཞུང་ལ་སློབ་གཉེར་གནང་གི་མེད་པའི་དབང་གིས་དགེ་བཤེས་མའི་མཚན་གནས་འབུལ་ཐབས་མེད་གཤིས། རབ་འབྱམས་མ་ལྟ་བུའི་མཚན་གནས་འབུལ་རྒྱུའི་དགོངས་ཚུལ་གསུངས། གཡུང་དྲུང་བོན་གྱི་ངོས་ནས་དགེ་བཤེས་མའི་མཚན་གནས་འབུལ་རྒྱུར་དགག་བྱ་མེད་ཅེས་གསུངས།
ག༽ ༡༽    གཞུང་ཆེན་སློབ་གཉེར་གནང་བཞིན་པའི་བཙུན་མའི་འདུས་སྡེ་སྤྱིར་ཁྱབ་པའི་མཚན་གནས་གཅིག་གྱུར་གཏན་འབེབས་མ་དགོས་པར། ཆོས་ལུགས་ཆོས་བརྒྱུད་སོ་སོའི་ལམ་སྲོལ་ཇི་ཡོད་ལྟར་མཚན་གནས་གང་འོས་རེ་ཁུངས་སོ་སོ་ནས་གནང་འཐུས།
༢༽    རིས་མེད་བཙུན་མའི་འདུས་སྡེ་ཁག་གི་སློབ་ཚན་དང་འཛིན་རིམ་ལ་དམིགས་བཀར་བསྐྱར་ཞིབ་དང་འབྲེལ་རྒྱུགས་སྤྲོད་དང་མཚན་གནས་འབུལ་ཕྱོགས་ཁུངས་སོ་སོ་ནས་འཆར་འབུལ་ཇི་བྱུང་ཆོས་ཚོགས་སྐབས་བཅུ་གཉིས་པའི་ཐོག་སྙན་གསན་གཏན་འབེབས་གནང་རྒྱུ།

གྲོས་གཞི་དོན་ཚན་བཞི་པ། ཕྱི་ལོ་ ༢༠༠༨ ལོའི་ཆོས་ཚོགས་ཐེངས་དགུ་པའི་སྐབས་དམིགས་བསལ་བླ་ཆེན་ལྷན་ཚོགས་ནས་ཐུགས་མོས་ཐག་གཅོད་བྱུང་དོན། གདན་ས་བཤད་གྲྭ་ཁག་ཏུ་ཚན་རིག་སློབ་ཁྲིད་འགོ་འཛུགས་ཞུ་དགོས་གསལ་ཐད་ཆོས་སྡེ་སོ་སོས་ཕྱག་བསྟར་ཇི་གནང་དང༌། མུ་མཐུད་ཕྱག་བསྟར་གནང་ཕྱོགས་སྐོར་བཀའ་བསྡུར་ཐག་གཅོད་གནང་རྒྱུ།
གྲོས་ཆོད། གདན་ས་བཤད་གྲྭ་ཁག་ཏུ་གྲྭ་གཞོན་ཚོར་སློབ་གྲྭ་ཟུར་བཙུགས་ཀྱིས་གཞི་རིམ་ཚན་རིག་སློབ་ཁྲིད་དང༌། ནང་དོན་རིག་པར་གོ་བ་ཆགས་ཤིང་རིགས་སྟོབས་བཟང་བའི་དམིགས་བསལ་དོན་གཉེར་ཅན་རྣམས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་གནང་བའི་ཚན་རིག་ཟབ་སྦྱོང་སོགས་སུ་མངགས་གཏོང༌། དེ་མིན་ཚན་རིག་ཁྱད་ལས་པ་གདན་ཞུས་ཀྱིས་གསུང་བཤད་གོ་སྒྲིག་ཞུ་མུས་བཅས་བཀའ་དགོངས་དང་མཐུན་པའི་མདུན་བསྐྱོད་གང་ཙམ་ཐུབ་རུང༌། བཤད་གྲྭའི་སློབ་ཚན་རང་གི་ནང་དུ་ཚན་རིག་སློབ་ཚན་བཅུག་སྟེ་སློབ་ཁྲིད་བྱ་རྒྱུར་དཀའ་ངལ་ཆེ་ཐོག དགོན་པའི་དམིགས་ཡུལ་དང་འཚམས་པའི་ཕན་ཐོགས་ཀྱང་དེ་ཙམ་ཡོང་དཀའ་བར་བརྟེན། ད་ཡོད་ཚན་རིག་གི་ལས་རིམ་རྒྱུན་མཐུད་ཐོག ནང་ཆོས་ཀྱི་གོ་རྟོགས་མཐོ་ཞིང་རིག་སྟོབས་བཟང་བ་ཁག་ལ་ཚན་རིག་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཐབས་བྱ་རྒྱུ།

གྲོས་གཞི་དོན་ཚན་ལྔ་པ། བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཤིག་འཛུགས་རྒྱུའི་ཁྲིམས་ཡིག་ཟིན་བྲིས་ཆོས་ཚོགས་ཐེངས་ ༡༠ པའི་ཐོག་གཏན་ལ་ཕབ་པ་དེ་བཞིན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པས་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༦ ཉིན་ཁྲིམས་ལུགས་གཞིར་བཟུང་གཏན་འབེབས་ཟིན་པ་ཕྱག་བསྟར་གནང་ཕྱོགས་སྐོར་ད་བར་གྱི་བྱུང་རིམ་ལ་བསྐྱར་ཞིབ་དང༌། འབྱུང་འགྱུར་གནང་ཕྱོགས་ཇི་དགེ་བཀའ་བསྡུར་ཐག་གཅོད་གནང་རྒྱུ།
གྲོས་ཆོད། བཀའ་བརྒྱུད་སྤྱི་ལ་ཁྱབ་པའི་དབུ་ཁྲིད་ཅིག་གཏན་འཇགས་སམ་རེས་མོས་ཀྱིས་ཕེབས་རྒྱུ་གནས་སྐབས་ལག་བསྟར་དཀའ་བར་བརྟེན། ཆོས་དོན་ལྷན་ཚོགས་ཀྱི་གྲུབ་ཆ་མི་ཚང་བའི་དཀའ་ངལ་འདི་བཞིན་ཆོས་རིག་ལས་ཁུངས་དང་ཆོས་ཚོགས་གཉིས་ནས་སེལ་ཐབས་ཐུབ་མིན་ལ། འབྲེལ་ཡོད་ལས་ཁུངས་ནས་ཁྲིམས་བཟོ་ལྷན་ཚོགས་སུ་སྙན་གསན་གྱིས་ཁྲིམས་ཡིག་བསྐྱར་བཅོས་མཛད་ཕྱོགས་ཇི་འགབ་གནང་སྐྱོང་ཡོང་བ་ཞུ་རྒྱུ།

གྲོས་གཞི་དོན་ཚན་དྲུག་པ། རྒྱལ་སྤྱིའི་ནང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དང༌། མཁན་པོ། དགེ་བཤེས་སོགས་ཆོས་པའི་མཚན་གནས་འཛིན་པ་རྣམས་ལ་མཚན་དོན་མཚུངས་མིན་སྐོར་གཟིགས་ཚུལ་གླེང་སློང་སྣ་ཚོགས་བྱུང་དང་འབྱུང་བཞིན་ལ་གནང་ཕྱོགས་ཇི་དགེའི་སྐོར་བཀའ་བསྡུར་ཐག་གཅོད་གནང་རྒྱུ།
གྲོས་ཆོད།
༡༽    བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་དགོན་སྡེ་ཡོངས་ཀྱི་མཁན་པོ་དང་སློབ་དཔོན། ལས་སྣེ་ཐམས་ཅད་མཚན་དོན་མཚུངས་པའི་ཆ་རྐྱེན་ཚང་བ་ཤ་སྟག་བསྐོ་བཞག་ཐོག རབ་བྱུང་ངུར་སྨྲིག་གི་སྡེ་དང༌། གོས་དཀར་ལྕང་ལོ་ཅན་གྱི་སྡེ་སོ་སོའི་ཆ་ལུགས་ཚུན་ནས་ཀྱང་ཕན་ཚུན་མ་འདྲེས་པར་ཀུན་གྱི་དང་བ་འདྲེན་པ་འབྱུང་ཐབས་གནང་རྒྱུ།
༢༽    ཆོས་ལུགས་ཆོས་བརྒྱུད་སོ་སོས་ཕྱི་རྒྱལ་ཆོས་ཚོགས་ཁག་ཏུ་མི་འགྲོ་གཏོང་སྐབས། ཡོན་ཏན་དང་ཀུན་སྤྱོད་དྲག་གྲས་ཤ་སྟག་གཏོང་རྒྱུར་སྔར་ལྷག་དམ་དོན་བྱ་རྒྱུ་དང༌། ཅི་སྟེ་ཕྱི་རྒྱལ་དུ་ཡོད་པའི་བོད་བརྒྱུད་ནང་པའི་ཆོས་ཚོགས་ཀྱི་ཆོས་བྱེད་མི་སྣའི་ཀུན་སྤྱོད་ལ་སྐྱོན་གནས་བྱུང་བའམ། ཆོས་བརྒྱུད་སོ་སོའི་མཚན་བེད་སྤྱོད་ཀྱིས་མིང་དོན་མ་མཚུངས་པའི་བླ་གྲྭ་མཁན་པོ། དགེ་བཤེས་སོགས་སུ་ཁས་འཆེ་བའི་རིགས་བྱུང་ཚེ། སྐབས་འཕྲལ་འབྲེལ་ཡོད་ཆོས་བརྒྱུད་སོ་སོར་སྙན་གསན་ཡོང་ཐབས་དང༌། ཆོས་བརྒྱུད་སོ་སོའི་ངོས་ནས་ཞིབ་འཇུག་དང་སྟངས་འཛིན་དོ་ནན་གནང་རྒྱུ།
གྲོས་གཞི་དོན་ཚན་བདུན་པ། དགེ་སློང་མའི་སྡོམ་རྒྱུན་སྐོར་སྔ་རྗེས་རིམ་མང་བཀའ་བསྡུར་ཞིབ་ཕྲ་གནང་དོན་ལ་སླད་ཕྱིན་འདི་ཐད་བྱ་ཕྱོགས་ཇི་དགེ་བཀའ་བསྡུར་ཐག་གཅོད་གནང་རྒྱུ།
གྲོས་ཆོད། ད་ཕན་དགེ་སློང་མའི་སྡོམ་རྒྱུན་གྱི་སྐོར་ལ་ལོ་མང་ཉམས་ཞིབ་གནང་བའི་གྲུབ་དོན་དེབ་ཕྲེང་ཁ་ཤས་པར་སྐྲུན་ཟིན་པའི་ནང་གསལ་ལྟར། གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་མེད་པ་དང༌། སྡེ་པ་གཞན་གྱི་དགེ་སློང་མའི་སྡོམ་རྒྱུན་ཡང་ཁུངས་དག་ཐེ་ཚོམ་ཡོངས་སུ་བྲལ་བ་ཞིག་མེད་པའི་གནས་ཚུལ་འཁོད་པར་བརྟེན། ཆོས་རིག་ལས་ཁུངས་ནས་ཆོས་བརྒྱུད་ཁག་གི་འདུལ་བ་འཛིན་པའི་མཁས་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་གནང་ཐབས་ཡོད་མེད་ཀྱི་མཐའ་མའི་ཐག་གཅོད་རྒྱུ་མཚན་དང་བཅས་གསལ་བསྒྲགས་གནང་འཐུས།

གྲོས་གཞི་དོན་ཚན་བརྒྱད་པ། ཆོས་ཚོགས་ཐེངས་དགུ་པའི་གྲོས་ཆོད་དགོངས་དོན་ལྟར་ཆོས་རིག་ལས་ཁུངས་ནས་རྒྱལ་བ་ཇོ་ནང་པའི་སྐོར་འབྲེལ་ཡོད་བླ་ཆེན་རྣམ་པའི་སྐུ་ཚབ་བསྐོ་གཞག་སྐོར་མཐའ་མའི་གནས་སྟངས་ལ་གནང་ཕྱོགས་ཇི་དགེ་བཀའ་བསྡུར་ཐག་གཅོད་གནང་རྒྱུ།
གྲོས་ཆོད། ཆོས་ཚོགས་སྔོན་མའི་གྲོས་ཆོད་ནང༌། རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་སྐོར་ཉམས་ཞིབ་བྱ་རྒྱུ་གསལ་ཡང༌། གཅིག་ནས་བཀའ་བརྒྱུད་ཀྱི་སྐུ་ཚབ་གཏོང་ཐབས་མ་བྱུང་བའི་ཆ་ནས་ཞིབ་འཇུག་ཚོགས་ཆུང་ད་བར་ཚུགས་ཐུབ་མེད་པ་དང༌། གཉིས་ནས་རྒྱལ་བ་ཇོ་ནང་པ་ནི། ལྟ་གྲུབ་དང་ཆོས་བརྒྱུད་ཀྱི་ཆ་ནས་རང་རྐང་ཚུགས་པ་ཞིག་ཡིན་པར་ཆོས་ཚོགས་འདི་ཐོག་ནས་ངོས་འཛིན་བྱུང་བར་བརྟེན། ཞིབ་འཇུག་ཚོགས་ཆུང་དགོས་གལ་མ་མཆིས། འོན་ཀྱང་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་གནང་མིན་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དབང་ཡིན་པ་ལས་ཆོས་ཚོགས་འདིར་འབྲེལ་བ་མེད་པའི་ངོས་འཛིན་བྱུང༌།

གྲོས་གཞི་དོན་ཚན་དགུ་པ། གཞན་ཡང་གྲོས་གཞིར་མ་འཁོད་པའི་གནད་དོན་ཁག་ལ་བཀའ་བསྡུར་ཐག་གཅོད་གནང་རྒྱུ།
༡༽    སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི། བོད་གངས་ཅན་པ་ཁོ་ནའི་ཡིད་བཞིན་གྱི་ནོར་བུ་མིན་པར། ཞི་བདེ་དང་བདེན་པ་འཚོལ་བའི་འཛམ་གླིང་གི་མི་མང་སྤྱི་དང༌། བྱེ་བྲག་ཧི་མ་ལ་ཡའི་རི་རྒྱུད་དང༌། ཆེན་པོ་ཧོར། བོད་གངས་ཅན་གྱི་ལྗོངས་སོགས་ཀྱི་ནང་པ་ཡོངས་ཀྱི་སྤྱི་ནོར་ཡིན་པས། སྔོན་ཆད་མི་རབས་ནས་མི་རབས་བར་མགོན་པོ་གང་གིས་རྗེས་སུ་བཟུང་བ་དང༌། ད་ལྟའང་ཐུགས་བརྩེ་བ་ཆེན་པོས་མཉེས་བཞིན་རྗེས་སུ་འཛིན་བཞིན་པ་ལྟར། འབྱུང་འགྱུར་ཡང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུའི་ཕྲེང་བ་རིམ་པས་མི་རབས་ནས་མི་རབས་བར་མཉེས་བཞིན་རྗེས་འཛིན་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ།
༢༽    ཉེ་ལམ་འབྲས་ལྗོངས་ནང་ས་ཡོམ་གྱི་གོད་ཆག་དབང་གིས་སྐྱེ་འགྲོ་མང་པོར་སྲོག་སྐྱོན་བྱུང་བར་ཚོགས་ཆེན་འདི་ཐོག་ནས་མཆོག་གསུམ་ལ་གསོལ་འདེབས་དང༌། ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོ་ཞུ་རྒྱུ།

ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་ཁག་ལ་མཚན་རྟགས་འགོད་མཁན་གྱི་མཚན་གཞུང་གཤམ་གསལ།

༡།    དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག
༢།    དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག
༣།    སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག
༤།    སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག
༥།    ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག
༦།    ཤར་པ་ཆོས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག
༧།    བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག
༨།    འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་མཆོག
༩།    མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག
༡༠།    སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག
༡༡།    མོན་ཡུལ་ཆོས་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་མཚོ་སྣ་རིན་པོ་ཆེ་མཆོག
༡༢།    ལོ་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག
༡༣།    རྟོགས་ལྡན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་དཀོན་མཆོག་རང་གྲོལ་མཆོག
༡༤།    གོང་དཀར་སྤྲུལ་སྐུ་རྡོ་རྗེ་གདན་པའི་སྐུ་ཚབ་མཁན་པོ་འཇམ་དཔལ་ཆོས་སྦྱིན་མཆོག
༡༥།    རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག
༡༦།    བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་ཐུབ་བསྟན་འཇིགས་སྒྲོལ་མཆོག
༡༧།    བལ་ཡུལ་རི་བོ་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་ཨཙརྱ་བསྟན་འཛིན་བླ་མ་མཆོག
༡༨།    བལ་ཡུལ་སྔ་འགྱུར་རྙིང་མའི་ཚོགས་པའི་དྲུང་ཆེ་ཨཙརྱ་ནོར་བུ་ཤར་པ་མཆོག
༡༩།    འབྲུག་ཏུ་བཅའ་བཞུཌ་ནམ་མཁའི་སྙིང་པོ་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ཀརྨ་དབང་ཕྱུག་མཆོག
༢༠།    བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག
༢༡།    རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག        ་
༢༢།    བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག
༢༣།    ས་སྐྱའི་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་མཆོག
༢༤།    དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག
༢༥།    གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག
༢༦།    ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག

བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་བཅུ་གཅིག་པ།
ཟུར་རྒྱན་གྲོས་ཆོད།

༄༅། །ལྷར་བཅས་སྲིད་ཞིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་གི་འབྱུང་འགྱུར་སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་ད་ལན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ལམ་སྟོན་བཀའ་གསལ་སྤྱི་སྨིན་བྱུང་བ་ལ་ཆོས་ལུགས་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པ་དང་བླ་ཆེན་སྐུ་ཚབ་རྣམ་པ་སྤྱི་མགྲིན་ནས་༸གོང་ས་མཆོག་ལ་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་ཆབས་ཅིག གོ་བསྡུར་བགྲོ་གླེང་གཟབ་ནན་ཞུས་མཐར་གཤམ་གསལ་དོན་གནད་ཁག་ལ་སྤྱི་གྲོས་འཆམ་བྱུང།
༡། ༸གོང་ས་༸སྐྱབས་མགོན་ཆེན་པོས་བསྩལ་བའི་གསུང་འཕྲིན་རིན་པོ་ཆེའི་ནང་དོན་རྣམས་ལ་སྤྱི་མོས་ཀྱིས་ངོས་ལེན་དང་རྒྱབ་སྐྱོར་ཞུ་རྒྱུ།
༢། ད་རེས་དངོས་སུ་ཚོགས་འདུར་ཞབས་འཁོད་མ་ཐུབ་པའི་བླ་ཆེན་ཁག་ནས་ཚོགས་ཕེབས་སྐུ་ཚབ་རྣམ་པའི་བརྒྱུད་རྒྱབ་སྐྱོར་བཀའ་ཡིག་གང་མྱུར་གསོལ་བསྩལ་ཡོང་ཐབས་གནང་རྒྱུ།
༣། གསུང་འཕྲིན་འདི་བཞིན་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་དང་འབྲེལ་ཆོས་ལུགས་ཆོས་བརྒྱུད་སོ་སོའི་ཁོངས་གཏོགས་ཀྱི་ཆོས་སྡེ་ཁག་གི་བླ་སྤྲུལ། མཁན་སློབ། ལས་སྣེ་འདུས་མང་དང་བཅས་པ་དང། རྗེས་འཇུག་མང་ཚོགས་ཡོངས་ལ་བརྒྱུད་བསྒྲགས་དམ་དོན་གནང་རྒྱུ་དང། གཞིས་བཞུགས་བོད་མི་རྣམས་ལའང་འོས་འཚམས་བརྒྱུད་ལམ་ཅི་རིགས་ནས་གོ་རྟོགས་ཡོང་ཐབས་གནང་རྒྱུ།
༤། ད་རེས་ཆོས་ཚོགས་འདིས་གཞིས་བྱེས་བོད་ཡོངས་དང། བོད་བརྒྱུད་ནང་བསྟན་དང་གཡུང་དྲུང་བོན་དང་བཅས་པའི་རྗེས་འཇུག་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་༸ཞབས་ཟུང་སྲིད་ཐར་བརྟན་པ་དང་བོད་མིས་མཚོན་པའི་སྐྱོང་ཡུལ་གདུལ་བྱ་རྣམས་བྱང་ཆུབ་སྙིང་པོའི་བར་ཐུགས་རྗེས་རྗེས་འཛིན་འདོར་བ་མེད་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ།
༥། ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༢ ལ་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང། ཆོས་རིག་ལས་ཁུངས་ཐུན་མོང་ནས་གསལ་བསྒྲགས་བྱས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་ཡིག་ཆ་ཨང་ ༥ པ་ལ་ངོས་འཛིན་མེད་པའི་བསྒྲགས་གཏམ་གྱི་ནང་དོན་བསྐྱར་ནན་དང་འབྲེལ་གཞིས་བྱེས་བོད་མི་ཡོངས་ལ་དེ་དོན་ཡིད་གཟབ་དགོས་པའི་ལམ་སྟོན་ནན་གཟབ་གནང་རྒྱུ་བཅས་ཀྱི་སྤྱི་མོས་ཟུར་རྒྱན་གྲོས་ཆོད་དུ་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ལ།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php