"ཐར་བའི་ཐེམ་སྐས་འཛེགས་ནས། །ག་ལེར་ག་ལེར་ཕེབས་ཤིག །
དག་ཞིང་བཞུགས་ཁྲིའི་སྟེང་དུ། །ལྷོད་ལྷོད་གནང་ནས་བཞུགས་རོགས། །" ༼༡༽
འདྲིས་དང་མ་འདྲིས་རིགས་པའི་གྲོགས་ལས་བློ་གྲོས་ནོར་ལ་ཡིད་ཤོར་བ། །
གུས་བརྩེ་སེམས་ཀྱི་སྐུད་པར་བརྒྱུས་པའི་རིན་ཆེན་ཤེལ་གྱི་ཕྲེང་བ་ལས། །
བརྩེ་མེད་གཤིན་རྗེའི་ཞགས་ནག་ལག་པས་དེ་རིང་ཁྱོད་ཉིད་བཀོག་ནས་ཐལ། །
ཕངས་པའི་སེམས་པ་མིག་ནས་བཞུར་བའི་འོ་དོད་འདི་ཀོ་སུ་ཡིས་ཐོས། །
ལོ་བཅུའི་སྔོན་གྱི་མཇལ་འཛོམས་དེ་ནི་ད་ནངས་ཞོགས་པའི་མཇལ་འཛོམས་བཞིན། །
ད་དུང་ཡང་ནི་ཁྱོད་ཀྱི་དགོད་འཛུམ་མིག་གི་རྒྱལ་མོའི་དཀྱིལ་ན་འཛུམ། །
བརྒྱ་སྟོང་གྲོགས་དང་གྲོགས་མོ་དག་ལས་ཁྱོད་ཉིད་བཞུད་པར་ཧ་ཅང་ཕངས། །
མཁྱེན་དཔྱོད་ཆུ་མོ་ངང་རིང་ཞིག་གི་བཞུར་རྒྱུན་ཆད་འདིར་སེམས་པ་གྲང་། །
སློབ་ཆུང་སློབ་ཆེན་སྒོ་མོའི་ཐེམ་པ་རྡོག་པས་མནན་ནས་མཁས་པར་བསླབས། །
སྤྱི་ཚོགས་ལམ་གྱི་སྣེ་མོ་ཁྲིད་ནས་སློབ་བུ་ཕོ་མོ་བརྒྱ་སྟོང་བསྐྱངས། །
རྡ་སའི་རི་ནས་དམངས་གཙོའི་ལམ་ཡིག་དམངས་གཙོ་ཚགས་པར་རྩོམ་སྒྲིག་གནང་། །
སྒྲུང་དང་སྙན་ངག་སྒྱུ་རྩལ་རི་མོར་ཆེ་ཆུང་བློས་བསླངས་སྣ་ཚོགས་བཞེངས། །
མི་འདོད་ནད་ཀྱིས་གདུང་བའི་སྐབས་སུའང་ཁ་བརྡ་དྲ་བའི་ཁུགས་སོ་འདིར། །
བདག་འདྲ་བླུན་པོ་རང་སྣང་ཅན་ཚོར་བསླབ་འདོམས་འཁྲུལ་སེལ་གང་མང་གནང་། །
དེ་རིང་ཕྱི་མའི་ལམ་དུ་ཐེགས་པའི་གཏམ་ངན་བཀྲ་མི་ཤིས་པ་འདིས། །
འགྱོད་གདུང་སེམས་པ་མནན་ནས་ཐལ་ལོ་མདའ་ཚན་མདའ་མོ་སྟོང་སྒྲོ་ཀྱེ། །
ཕྱི་མའི་ལམ་དུ་བཞུད་པའི་གྲོགས་ཁྱེད་བདེ་ལྡན་དག་པའི་ཞིང་ཞིག་ནས། །
སླར་ཡང་འཛུམ་པའི་རེ་བའི་སྨོན་ལམ་སེམས་དང་བསམ་པའི་རི་ནས་འདེབས། །
ཤུལ་ལུས་གཉེན་ཉེ་སྙིང་ཉེ་དག་ཀྱེ་ཁོང་གི་བརྩམས་ཆོས་ཡི་གེ་དག །
ལ་དང་ལུང་པ་མྱུལ་ནས་བཏུས་ཏེ་ཕྱོགས་བསྡེབས་རེ་བ་སྙིང་ནས་ཞུ། །
བདག་ལ་བརྩེ་བའི་དགེ་རྒན་དག་ལས་ཞི་འཇམ་གཤིས་ཀ་ལྡན་པ་སྟེ། །
ཆབ་བྲག་ཕོ་ཉའི་སྙན་ངག་འདི་ཡང་དེ་རིང་རྣ་བར་གཟན་པ་བྱུང་། །
ཁྱེད་དང་ཁྱེད་ཚོས་ཁོང་གི་རྩོམ་རིགས་ཞུ་སྒྲིག་གོམ་པའི་སྟངས་སྟབས་ཤིག །
ཉན་ཞིང་བལྟ་ཞིང་རེ་ཞིང་ཡོད་དོ་ཡུལ་རྒན་པ་དག་ཐུགས་འཇགས་འཚལ། །
༼༡༽
འདི་ནི་མདའ་ཚན་པ་མགོན་པོ་ཚེ་རིང་ལགས་ཀྱིས་ཁ་བརྡ་དྲ་ངོས་སུ་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༤ ལ་སྤེལ་ཞིང་། བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོར་ཚོར་ཕུལ་བའི་སྙན་ངག་དེའི་མཇུག་གི་ཚིགས་བཅད་དེ་ཡིན།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༥ སྐར་མ་ ༢༡
བདག་གི་སྙན་ངག་རྩུབ་གྱུར་ཅེས།
སློབ་བུ་གང་ཁྱེད་འཁང་མ་བྱེད།
ཁྱེད་ཀྱི་མགྲིན་ལས་བུས་པ་ཡི།
གླིང་བུ་འདིས་ཀྱང་ཀུན་ཏུ་གདུངས།
ཡང་ན་ཁྱོད་དང་བདག་ཅག་གི
སྙན་ངག་རྩུབ་པ་མ་ལགས་ཏེ།
གྲོགས་དག་དོར་ནས་ཁོང་ཉིད་གཅིག
སྔ་བར་ཆས་པའི་ཁྲེལ་མེད་འདིས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༥ སྐར་མ་ ༤༧
མདའ་མོ་འདི།
མདའ་ཚན་ཡུལ་ནས་འཁྲུངས་བའི་མདའ་མོ་འདི།།
དམངས་གཙོ་གངས་ལ་དྲངས་བའི་མདའ་མོ་ཡིན།།
ཁ་བརྡའི་རུ་སྣ་འདྲེན་པའི་མདའ་མོ་ཡིན།།
ཁ་བརྡའི་གནད་ལ་ཕོག་པའི་མདའ་མོ་ཡིན།།
ལུང་རིགས་སོ་ཁ་རྣོ་བའི་མདའ་མོ་ཡིན།།
གནའ་དེང་གཞུང་སྒྲོའི་བརྒྱན་པའི་མདའ་མོ་ཡིན།།
དྲ་འབུའི་སྙིང་རྩ་ཕུག་པའི་མདའ་མོ་ཡིན།།
རང་བཙན་ལམ་ཆེན་བཤགས་པའི་མདའ་མོ་ཡིན།།
དབུ་མར་དོགས་གཅོད་ཕོག་པའི་མདའ་མོ་ཡིན།།
རིག་གཞུང་དགུང་ལ་བཏེགས་པའི་མདའ་མོ་ཡིན།།
རང་གི་རིགས་ལ་འཁྲེང་བའི་མདའ་མོ་ཡིན།།
རྒྱ་སྡེ་སྙིང་ཁམས་དཀྲུགས་པའི་མདའ་མོ་ཡིན།།
མདའ་ཚན་ཡུལ་གྱི་མདའ་མོ་འགྱེལ་བ་འདིས།།
གངས་ཅན་བུ་མོར་མདའ་མོའི་ན་ཟུག་བཞག །
ཕྱི་མའི་འཕྲེང་ལ་འཁྱུག་པའི་མདའ་མོ་ལ།།
དྲ་གྲོགས་མདའ་མོ་སྟོང་གིས་ར་མདའ་མཛོད།།
ཨོ་མ་ཎི་པདྨེ་ཧྰུ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༦ སྐར་མ་ ༠༢
“མདའ་མོ་འདི”ལ་རྣོ་ངར་འདུག
“མདའ་མོ་འདི”ལ་འཕུར་ཤུགས་འདུག
“མདའ་མོ་འདི”ཉིད་འཕེན་མཁན་དེ།
ཚ་ཞང་འདན་མ་མིན་ནམ་ཅི།
མདའ་ཚན་དུད་ཁ་ལྔ་བརྒྱའི་ནང།
དཔའ་བོ་མདུང་འཛིན་མང་ན་ཡང།
སྙུག་མདའ་བཟུང་བའི་འདན་སྲས་ནི།
འགའ་ལས་མེད་པས་ཅི་ཡང་ཕངས།
༤༽ ཨ་ནུ་ཐང་བསོད་ནམས་ནས།
མདའ་ཚན་པ་ནི་ཕྲན་གྱི་ཆེས་ཡིད་སྨོན་བྱེད་ཡུལ་གྱི་དཔྱད་བརྗོད་རྩོམ་པ་པོ་ཞིག་ཡིན་ཞིང་འདི་ལྟར་གཤེགས་པར་སེམས་གཏིང་ནས་མྱ་ངན་གྲགས་མེད་ཞུ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༧ སྐར་མ་ ༢༨
གོང་གི་རྗེས་དྲན་ཞུ་ཡིག་དེའི་རྩོམ་པ་པོ་སུ་ཡིན།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༨ སྐར་མ་ ༢༣
རྡོ་རྗེ་དབང་ཕྱུག་ལགས་མ་རེད་དམ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༡༩ སྐར་མ་ ༥༡
བདག་ལ་བརྩེ་བའི་དགེ་རྒན་དག་ལས་ཞི་འཇམ་གཤིས་ཀ་ལྡན་པ་སྟེ། །
ཆབ་བྲག་ཕོ་ཉའི་སྙན་ངག་འདི་ཡང་དེ་རིང་རྣ་བར་གཟན་པ་བྱུང་། །
ཁྱེད་རྡོ་རྗེ་དབང་ཕྱུག་ལགས་ཀྱི་དགེ་རྒན་ཡིན་ནམ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༢༠ སྐར་མ་ ༢༧
༈ མདའ་ཚན་མགོན་པོ་དཔའ་བོ་དེ་བར་བཞུད་ཅིག །ཀྱེ་ཀྱེ་མདའ་ཚན་ཡུལ་གྱི་རིག་པའི་དཔའ་བོ་ཕྱག་གཉིས་པ། །དཔེ་ཀློག་ཤེས་ཙམ་མིན་པར་གཙུག་ལག་ལུས་ཟུངས་ཁྱོད་ལ་མངའ། །སློབ་གྲྭ་འགྲིམ་ཙམ་མ་ཡིན་སློབ་མའི་ཁྱུ་ཚོགས་ཁྱོད་ཀྱིས་བསྐྱངས། །གྲོགས་མོ་མང་ཙམ་མ་ཡིན་མཛའ་བརྩེ་ལ་རྒྱའི་གཞུང་རིང་པོ། །རྒྱང་རིག་རྒྱ་མཐའ་ཞིག་ནས་ཁྱོད་ཉིད་དྲན་པའི་ཚོར་བས་གདུང་། །སྲོང་བཙན་སྒམ་པོའི་སྲིད་ལུགས་ནམ་ཡང་ཁྱོད་ཀྱིས་ཡིད་སྨོན་བྱེད། །སྟག་སྒྲ་ཀླུ་གོང་དམག་འཇུས་ནམ་ཡང་ཁྱོད་ཀྱིས་བསྟོད་བསྔགས་བྱེད། །མི་ལ་རུས་པའི་དཀའ་སྤྱད་ནམ་ཡང་ཁྱོད་ཀྱི་མིག་ལྟོས་བྱེད། །དེ་དག་ལྟ་སྤྱོད་དྲི་བཟང་ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །མཐོན་པོའི་གདོང་ལ་མི་སྐུར་དབུ་མ་རང་བཙན་ནན་གྱིས་རྩོད། །མཁས་པའི་ལུང་ལ་མི་གསན་ཉམས་མྱོང་སྒོ་ནས་སྙན་ངག་འབྲི། །གྲོགས་ཀྱིས་གཏམ་ལ་མི་ཉན་གཞུང་ལུགས་བསྡུར་ནས་བདེན་པ་སྟོན། །སྐྱོན་དང་ནོར་འཁྲུལ་བྱུང་འཕྲལ་གདོང་ལེན་ནུས་པའི་སྤོབས་པ་ལྡན། །ཁྱོད་ཀྱི་རེ་བ་ཁྱོད་ཀྱིས་བུ་དང་གྲོགས་ཀྱིས་སྐོང་། །ཁྱོད་ཀྱིལམ་སྣ་སྤྱན་རས་གཟིགས་དང་མི་ལས་འདྲེན། །ཚེ་འདིར་གཞུང་དྲང་ལྷག་བསམ་སྟོབས་ཀྱིས་བར་དོར་འཇིགས་པ་མེད་པར་སྨོན། །ནམ་ཞིག་བདེ་ཆེན་ཞིང་ནས་སླར་ཡང་བོད་དོན་སྒྲུབ་ཕྱིར་བྱོན། །ཨོཾ་མ་ཎི་པདྨེ་ཧཱུྃ། ཡུན་རིང་བྲལ་བའི་མཇའ་དར་འདི་སོག་ཕྲུག་དྲི་མེད་པས་སེམས་ཀྱི་ཚོར་བ་བཅོས་མེད་དུ་འཕྲལ་དུ་བྲིས་ཏེ་ཕུལ། །
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༢༢ སྐར་མ་ ༠༥
བཅོས། །ཁྱོད་ཀྱི་རེ་བ་ཁྱོད་ཀྱིས་བུ་དང་གྲོགས་ཀྱིས་སྐོང་བས་བློ་བདེར་བཞུད། །ཁྱོད་ཀྱིལམ་སྣ་སྤྱན་རས་གཟིགས་དང་མི་ལས་འདྲེན་པས་དད་པ་གྱིས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ གི་ཆུ་ཚོད་ ༢༣ སྐར་མ་ ༤༡
ཨོ། ཁོང་གི་ངོ་པར་དེ་སྔར་ནས་མཐོང་ཟིན་པའི་སྣང་བ་ཞིག་ཤར་རོ།།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ གི་ཆུ་ཚོད་ ༠ སྐར་མ་ ༠༡
སྐུ་གཤེགས་ཁོང་ལ་སེམས་མྱ་ངན་ཞུ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ གི་ཆུ་ཚོད་ ༠ སྐར་མ་ ༠༡
སེམས་ནས་ཞེས་བཅོས་རོགས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ གི་ཆུ་ཚོད་ ༠ སྐར་མ་ ༡༧
ཁོང་གི་མཚན་ལ་མགོན་པོ་ཕྱག་གཉིས་པ་་་་་ཞེས་བཏགས་པའི་རྒྱུ་མཚན་ཤོད་རྒྱུ་ཡོད་དམ། མི་བུ་གཞན་དུ་གཤེགས་ཟིན་དུས་སྨྱུག་མིང་ཡིན་ནའང་དེ་ལ་འགྲེལ་བཤད་ཅིག་ཡོད་ན་གོ་འདོད་ཆེ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ གི་ཆུ་ཚོད་ ༠ སྐར་མ་ ༢༩
རྣམ་པ་ཚོས་ཐུགས་སྣང་མཛད་པ་ལགས། འོན་ཀྱང་རྡོ་རྗེ་དབང་ཕྱུག་གིས་གོང་དུ་གསལ་བཤད་བརྒྱབས་པ་དེ་ལས་ལྷག་ཅིག་ངེད་ཅག་བོད་ཡིག་འབྲི་མཁན་ཞིག་ཡིན་པས་དགོས་སམ།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ གི་ཆུ་ཚོད་ ༣ སྐར་མ་ ༥༤
ཕྱག་བཞི་ཕྱག་དྲུག་མགོན་པོ་ལྷ་ཡིན། ཕྱག་གཉིས་མགོན་པོ་འདི་ནི་མྱི་ཡིན།
གཞན་དོན་ལག་པ་ཚང་མ་ཕྱག་ཡིན། ཕྱག་གཉིས་པ་ཡང་ཕྱག་གི་ཡུལ་ཡིན།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ གི་ཆུ་ཚོད་ ༥ སྐར་མ་ ༠༥
ལོ་ངོ་དུ་མ་ཕྱིན་པའི།།དེ་རིང་དྲ་ཚིག་ངོས་ནས།།ཁོང་ཉིད་གཤེགས་པ་ཐོས་སྐབས།།སེམས་པ་ཧ་ཅང་སྐྱོང་བྱུང་།།
རྦིར་སློབ་སྡོད་པའི་སྐབས་ལ།།སློབ་ཁྲིད་བྱེད་མྱོང་ཡོད་ཅིང་།།དཀའ་སྡུག་ག་རེ་བྱུང་ཡང་།།བསུན་སྣང་སྤུ་ཙམ་མེད་པའི།།
སེམས་ཤུགས་ཡོད་ཚད་གནང་ནས།།སློབ་ཁྲིད་གནང་བ་དྲན་སོང་།།བཀའ་དྲིན་ཅན་གྱི་དགེ་རྒན་ལགས།།
དེ་རིང་གཤེགས་པ་ཐོས་དུས།།སེམས་པ་སྟོང་པ་གྱུར་ཐེས།།བླ་མ་དཀོན་མཆོག་གསུམ་གྱིས།།ཐུགས་རྗེ་སྤྱན་གྱིས་གཟིགས་ནས།།
མི་ལུས་བཟང་པའི་ཐོབ་པའི།།གསོལ་བ་སྨོན་ལམ་འདེབས་སོ།།རྗེས་དྲན་འབུལ་བ་ཙམ་ལས།།བྱ་རྒྱུ་གང་ཡང་མི་འདུག།
བཀའ་དྲིན་ཅན་གྱི་རྒན་ལགས།།སླར་ཡང་མི་ལུས་བཟང་པོ།།སྤྱན་རས་གཟིགས་ཀྱིས་སྐྱབས་འོག།ལེན་པའི་གསོལ་བ་སྨོན་ལམ།།
ཁོག་པའི་སྙིང་ནས་འདེབས་སོ།།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ གི་ཆུ་ཚོད་ ༧ སྐར་མ་ ༡༠
མདའ་ཚན་མགོན་པོ་ཚེ་རིང་ལགས་ནི།
རང་གི་ཤེས་ཡོན་ལ་རང་ཉིད་ཀྱི་ཚོས་གཞི་ཡོད་མཁན་ཞིག་ཡིན།
རང་གི་མི་གཤིས་ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན་མཁན་ཞིག་ཡིན།
རང་གི་ལྟ་བ་ལངས་ཕྱོགས་ལ་ཚོས་གཞི་མང་པོ་མེད་མཁན་ཞིག་ཡིན།
རང་གི་ཉེ་རྒྱང་གང་ཐད་ལ་ལྟ་སྟངས་གཅིག་པ་འཛིན་མཁན་ཞིག་ཡིན།
མཐོ་དམན་གང་ལའང་དབུ་སྐོར་མགོ་སྐོར་ཞུས་མ་མྱོང་མཁན་ཞིག་ཡིན།
བཙན་བྱོལ་ནང་འདིར་ཤེས་ཡོན་པ་ཟེར་བ་ཚོའི་ཚབ་མཚོན་ལྟ་བུ་ཞིག་ཡིན།
ཁོང་བཞུད་པ་སྔ་སོང་། ཁོང་ལྟ་བུ་ཚོ་བཞུད་མི་རུང་།
ང་ལྟ་བུ་བརྒྱ་སོང་ཡང་། ཤུལ་མེད་ཡིན།
ཁོང་གི་མཁྱེན་ཡོན་དེར་གུས་འདུད་ཆེན་པོ་ཞུ།
ཁོང་གི་མི་གཤིས་དེར་གུས་འདུད་དང་མྱ་ངན་ཞུ།
ཤུལ་ལུས་ཚང་མར་གདུང་སེམས་མཉམ་སྐྱེད་ཞུ།