ཨ་ཇོ་དྲན་པ།
ཕུ་བོ་མགོན་པོ་ཚེ་རིང་སྐུ་གྲོངས་པ་ཐོས་རྗེས་སུ།
གཞུང་དོན་ནི་ཁོང་གི་ཕ་དང་འདྲ།།
ང་ཚོ་ནི་ཁོང་གི་བུ་དང་མཚུངས།།
སྒྱུ་རྩལ་ནི་ཁོང་གི་གཉེན་དང་གཅིག།
ཨ་ཇོ་དེ་ཡ་མཚན་ཆེ་ཞིག་ཡོད།།
སྙན་ངག་ལ་དགའ་བ་ཀུན་ལས་དགའ།།
ཡོན་ཏན་ལ་དུང་བ་ཀུན་ལས་དུང་།།
མཐོ་སྙེག་དང་སྙན་གྲགས་གཉེར་མེད་དུ།།
ཨ་ཇོ་དེ་སྒམ་ཞིང་སྒམ་ཞིག་ཡོད།།
ཕྲག་དོག་དེ་མེད་མེད་འདྲ་ཞིག་ཡོད།།
བརྩེ་བ་དེ་འཐུག་འཐུག་ཙམ་ཞིག་ཡོད།།
དགའ་མདོག་དང་སྐྱོ་མདངས་མི་གསལ་བའི།།
ཨ་ཇོ་དེ་རྡོ་ཡིས་གྲུབ་འདྲར་ཡོད།།
ལོ་ཟླ་ཡི་འཁོར་ལོ་རིང་མོ་རུ།།
ཟླ་ཕོག་ཅེས་ཧིན་སྒོར་རྡོག་མ་འགས།།
དྲོད་འཇམ་གྱི་འཛུམ་གྱིས་གསོས་གྱུར་པའི།།
གྲྭ་རྐྱང་དང་མི་རྐྱང་ཉུང་ཉུང་མིན།།
ནང་ཆོས་ཞེས་ལྡབ་དང་མི་སྐྱོར་ཀྱང་།།
སྒོ་གསུམ་དེ་ཆོས་དང་མཐུན་ཞིག་ཡོད།།
ཟླ་ཕོག་ཅེས་རྩ་ཆེན་རྩིས་ཆེན་དེའང་།།
གསར་འབྱོར་ཚོའི་སྤྱི་རྫས་དངོས་ཞིག་ཡིན།།
ལྷག་བསམ་གྱིས་ཤ་ཟིན་རུས་ཟིན་ཡོད།།
ལར་ཞེན་གྱིས་རྩ་བཟུང་ཁྲག་བཟུང་ཡོད།།
བདེན་པ་ལ་བློ་གཏད་སེམས་གཏད་ཡོད།།
ཨ་ཇོ་དེ་ང་ཡི་མིག་ལྟོས་ཡིན།།
ངོ་དེབ་ལས་བཤུས།