བདག་གི་སྙུག་མིང་ནི་སོག་མདའ། ཆུང་དུས་རྩེ་ཆུའི་ཁ་ནས་བེའུ་རྫིའི་ཞོར་དུ་བྱིས་པ་སྣབས་ལུག་ཚོ་དང་ལྷན་དུ་ཀ་ཁ་ག་ངའི་དབྱངས་གསལ་བློ་ལ་སྐྱོར་ཞིང་སློབ་ཆུང་ནས་སློབ་འབྲིང་གི་སྒོ་ཐེམ་འགྲིམས། གསར་བུའི་རྟིང་ཐག་ཆོད་པའི་སྐབས་སུ་སྙིང་གི་འདང་ཆེན་ཚོ་བཞག་ནས་མི་ཡུལ་གྱི་འཚོ་བ་རོལ་ཞིང་ཤ་མདོག་དང་སྐད་རིགས་མི་གཅིག་པའི་ཆུང་མ་ཞིག་གི་རུམ་ཁ་དྲོན་མོ་ན་སྐྱིད་ཉལ་བྱས་བསྡད་ཡོད།

 

ཁ་བྱང་མ་རྙེད་པའི་བཅད་རྩོམ།

ཟག་བཅས་ཕུང་བོ་གཤེད་རེད་མ་གསུངས་རང་ལ་ཡོད་པའི་ལུས་རྟེན་རེད།།
རླུང་མཁྲིས་བད་ཀན་ནད་རེ་མ་གསུངས་མི་གཞི་འདི་ཡི་རང་བཞིན་རེད།།
སྐྱུགས་པའི་ཟ་མ་དུག་རེ་མ་གསུངས་སྔོན་ལ་ཟས་པའི་ཟས་མཆོག་རེད།།
ཁ་ཡི་སོ་དཀར་མང་གི་མ་གསུངས་སྣ་བུག་གཉིས་ཀྱི་འོག་རོལ་རེད།།

ཏིག་ཏའི་སྨན་ཐུན་ཁ་གི་མ་གསུངས་མཁྲིས་ནད་འཇོམས་པའི་སྨན་མཆོག་རེད།།
སྒོ་ཁྱིའི་ཟུག་སྐད་ཆེ་གི་མ་གསུངས་རྐུན་མ་འགོགས་པའི་སྒོ་སྲུང་རེད།།
དབུལ་བོ་ནོར་གྱི་ཕོངས་འདུག་མ་གསུངས་རྒྱུ་ནོར་སྔ་ལོ་ཕྱི་ལོ་རེད།
དཔོན་པོ་རྐུབ་སྟེགས་མཐོ་གི་མ་གསུངས་འབངས་ཀྱི་སྤྲད་པའི་འོས་འགན་རེད།།

དགེ་རྒན་གོ་གནས་དམན་གི་མ་གསུངས་སློབ་བུ་སྐྱོང་བའི་ལྡེ་མིག་རེད།
འབྲོག་པ་གླེན་རྟགས་ཆེ་གི་མ་གསུངས་མྱི་རུ་བྲོ་བའི་རུས་རྒྱུད་རེད།།
བཟའ་ཟླ་རང་གི་དམན་རེད་མ་གསུངས་མི་ཚེ་འདི་ཡི་གཏན་གྲོགས་རེད།།
གཉེར་མའི་ལུས་པོ་རྒས་ཐ་མ་གསུངས་ལོ་ཟླའི་སྤྲད་པའི་བབས་འོས་རེད།།

ཨ་ཇོ་རྒྱང་ལ་བཞུད་ཐ་མ་གསུངས་མི་རབས་ཞིག་གི་ལས་དོན་རེད།།
བུ་མོ་ནུ་འབུར་ཆེ་གི་མ་གསུངས་ལང་ཚོ་རྒྱས་པའི་རྟགས་མཚན་རེད།།
བུ་ཕྲུག་སློབ་གྲྭ་མི་འགྲོ་མ་གསུངས་མ་འོངས་རྐང་འཛིན་ཁྱེད་ཚོ་རེད།།
སྐྱ་གའི་སྐད་ཅོར་རྒྱག་གི་མ་གསུངས་མགྲོན་པོ་ཡོང་བའི་སྔ་བལྟས་རེད།།

སྲོལ་རྒྱུན་ཆོས་ལུགས་དུག་རེ་མ་གསུངས་འཛིན་མའི་ཁྱོན་གྱི་སྙིང་ནོར་རེད།།
ཕ་མ་སྐད་ཆ་མང་གི་མ་གསུངས་སེམས་ནས་ལྷུང་བའི་བསླབ་བྱ་རེད།།
དགེ་བསྐོས་ཁྲིམས་ཁ་བཙན་གི་མ་ཟེར་དགོན་པའི་བཞག་པའི་ཁྲིམས་འཛིན་རེད།།
ཚན་རིག་དགོས་པ་མེད་ཁུ་མ་གསུངས་དེང་རབས་གསར་བའི་འགྲོ་ཕྱོགས་རེད།
༢༠༡༣་༤་༣ཉིན་རང་ཤག་ནས་བྲིས་གང་ཤར་བྲིས།

 

 

 

འཇིག་པ་དང་སྲུང་སྐྱོབ།།

འབྲུག་ཞགས་སྟོང་གི་རང་སྐད་སྒྲོག་ཅིང་གློག་དམར་འཁྱུག་ཞིང་མེ་སྟག་མཆེད།།
མུན་ནག་མཚན་མོ་ས་རྩ་རུབ་ཅིང་དཀར་འོད་མཆེད་པའི་འོད་མདངས་ཉམས།།
ཆུ་ཆེན་འཕྱུར་ཞིང་ས་གཞི་གཡོས་པའི་འཇིག་པའི་སྔ་ལྟས་གླིང་ལ་སླེབས་།།
ཚེ་སྲོག་གྲངས་མེད་འཇིགས་སྐྲག་ངོགས་ན་ཧ་ཅང་གཉོམ་པའི་བྱེའུ་ཆུང་འདྲ།།

རྒྱ་མཚོའི་མཚོ་ཡོམ་ངར་གྱིས་སྐྱོམ་ཞིང་རྦ་རླབས་འཕྱུར་བས་གྲོང་ཁྱེར་སྣུབ།།
ཐོག་བརྩེགས་མཐོ་པོ་དགུང་ལ་སྙེགས་པ་ཤོག་བུས་བཟོས་པའི་ཤོག་གྲུ་བཞིན།།
སྣ་མང་རླངས་འཁོར་ཁྲི་ཕྲག་མང་པོ་རླུང་གིས་དེད་པའི་བ་མོ་བཞིན།།།
འཇིགས་རུང་མཚོ་ཡོམ་ཆེན་པོ་འཕྱུར་ཉིན་མི་ཡི་འཇིག་རྟེན་ཤུལ་མེད་བརླག།

སྐད་ཆེནའཇིག་པའི་ས་གཞི་ཁེངས་ཤིང་ཡོམ་ཡོམ་ལྡེམ་ལྡེམ་ས་གཞི་འགུལ།
ཕ་ཁྱིམ་ཕྱུག་མོ་གཡང་ར་བཅོམ་ཞིང་གཡང་དཀར་སྒོ་བཞིའི་ལྷས་ར་ཞིག
ཕ་མའི་སེམས་ཀྱི་གཅེས་ལོ་འཕྲོག་ཅིང་བུ་ལོའི་སེམས་ཀྱི་ཕ་མ་ཁྱེར།།
ཡོད་ཚད་ས་དང་རྡུལ་པ་་ཐིམས་པའི་མི་ཡུལ་དག་ཞིང་ཁྱུར་མིད་བཏང་།།

སྒྱོགས་ཆེན་མེ་མདའི་ཆར་ཆེན་སྙིལ་བས་དོན་མེད་ཚེ་སྲོག་ཐང་ལ་འཕང་།།
མེ་ཤུགས་འཕུར་མདེའི་དུག་གི་མདའ་མོས་མི་ཡུལ་གཤིན་གྱི་བཤས་རར་བསྒྱུར།།
ཁྱོད་ཤི་ང་གསོན་འཐབ་རྩོད་ཁྲོད་ནས་དམར་བོ་ཁྲག་གིས་ལོ་རྒྱུས་བྲིས།།
ཡོད་ཚད་རང་གིས་རང་ཉིད་བརླག་པའི་མི་ཡུལ་མི་ཡིས་འཀྲུགས་ཤིང་གཏོར།

འདུག་གནས་རྒྱུ་སྐར་གོ་ལ་འདི་ལ་སྲུང་པའི་སྐྱབས་ཞིག་མ་མཆིས་ན།།
བཞེས་པའི་བཅུད་ཟས་སྣུམ་ཤ་ཅན་དང་དྲོན་པོ་གོས་སྔོན་འཇམ་ཤ་ཅན།།
འགྲོ་བ་མི་ཡི་གང་ནས་ཁྱེར་ཡོང་རྣམ་དཔྱོད་རིག་པས་བརྡ་རྟགས་ཐོངས།
ཕྱག་ཟུང་འགྲམ་པ་ལག་པས་སྐྱོར་ནས་ཕ་ས་འདི་ཡི་སྲོག་ཤིང་སྲུང་།།

བྱམས་དང་བརྩེ་བའི་ཐུགས་རྒྱུད་དྭངས་མོ་རེ་བའི་སྐྱབས་ཞིག་མ་བཅོལ་ན།།
བག་ལ་ཕེབས་པའི་ངང་རྒྱུད་གཤིས་དང་ཀུན་ལ་མཁོ་བའི་ཞི་བདེ་དཔལ།།
གཅིག་ཡུལ་གཅིག་གིས་བཙན་གྱིས་འཕྲོག་པའི་མི་ཡུལ་གཤིན་ཐང་སྐྱ་མོ་འདི།།
འགྲིག་མཐུན་དུང་གི་ཟླ་བ་ཚེས་པའི་རེ་བའི་རྨི་ལམ་རྒྱང་ལ་བཀྱེད།།

སྲུང་ན་རང་ཡུལ་གཞི་ཁྱིམ་གོ་ལའི་ཕ་ས་སྣུམ་པའི་ཚེ་སྲོག་བསྲིངས།།
འཆམ་ན་ཚེ་་སྲོག་ཡོད་དོ་ཅོག་ལ་ཞི་བདེའི་བག་ཕེབས་བདེ་ལ་རོལ།།
མ་འོངས་ཕན་པའི་རེ་བཞག་སྟོང་གིས་འགྲོ་བ་མི་ཡི་བསམ་གཞིགས་ཐོངས།།
རང་གཞན་འགྲོ་བ་སྤྱི་ལ་ཕན་པའི་ཚོར་བ་རྣོན་པོའི་སེམས་ཞིག་མཁོ།།

གླིང་བཞིའི་ཞིང་གི་ཁྱོན་ན་བཞུགས་པའི་རྒྱལ་སྤྱིའི་སྤྱི་ཚོགས་སྟོབས་ཆེན་པོ།།
གཅིག་འབྲེལ་གོ་ལའི་ཁྱིམ་ན་བཞུགས་པའི་རིགས་མཐུན་གཅིག་པའི་མི་ཡི་སྡེ།།
སྔོན་སོང་ལོ་རྒྱུས་བདེན་ལ་བཞག་ནས་མ་འོངས་གནས་པའི་བདེ་སྐྱིད་ཆེད།།
ཀུན་གྱི་ཁྱིམ་གཅིག་འདུ་ཤེས་བཞག་ནས་འཆམ་མཐུན་ཞི་བདེའི་ས་བོན་སྐྲུན།།

༢༠༡༣་༡་༧་ཉིན་རང་ཤག་ནས་བྲིས།


 

དཔའ་བོའི་རྟོགས་བརྗོད།

 

རྨུ་ཐག་བཙན་པོའི་གདུང་ནས་འཐེན་པའི་བླ་མཁར་སྨུག་པོའི་བདག་པོ་ཡིན། །

ཁྲི་ཕྲག་དམག་གི་དཔུང་སྣ་འདྲེན་པའི་བཙན་པོས་མངགས་པའི་ཕོ་ཉ་ཡིན།།

ལ་རྒྱའི་གཡུ་རལ་སྙིང་ན་འཕྱོ་བའི་དམར་ཡག་སྟག་གི་འགྲན་ཡ་ཡིན།།

ཆོལ་གསུམ་ཕུ་ནུ་བདེ་སྡུག་བསམ་པའི་མེ་ལྕེ་དམར་པོའི་འོད་གོང་ཡིན།།

 

ཡབ་ཆེན་དམ་པའི་ཐུགས་ཀྱི་དྭངས་མའི་གཅེས་ཕྲུག་བུ་ལོ་ཚགས་སེ་འབར།།

ཡུམ་ཆེན་མ་ལོའི་སེམས་ན་བཞད་པའི་སྙིང་གི་དུམ་བུ་ཤུགས་སེ་འབར།།

མིང་སྲིང་ཀུན་གྱི་དཀྱིལ་ན་མཁོ་བའི་དཔྲལ་བའི་མིག་ཟུང་ཧུར་ཀྱིས་འབར།།

དགོན་གྱི་གྲོང་ན་ཆོས་ཁྲིམས་གཙང་པའི་རྣམ་དག་དགེ་སློང་འོད་དུ་འབར།།

 

ཀླ་ཀློའི་གདུག་རྩུབ་ཐལ་བར་སྲེག་པའི་འཕྲུལ་གྱི་མེ་དཔུང་དམར་བོ་ཡིན།།

དྲང་བདེན་མེད་པའི་གཞུང་ངན་སྲེག་པའི་མེ་ལྕེའི་འཁྱིལ་ཞགས་རིང་མོ་ཡིན།།

རང་ས་གོར་མོ་རང་གིས་སྲུང་བའི་གདུང་མཆོང་མེ་འོད་འབར་བ་ཡིན།།

ཞི་བདེའི་འོད་སྣང་གླིང་འདིར་བསྐྲུན་པའི་བསྐལ་བའི་མེ་དཔུང་གསོན་པོ་ཡིན།

 

སྟོད་ཕྱོགས་ཡུམ་བུ་བླ་མཁར་སྨུག་པོ་དཔའ་བོ་ཁྱེད་ཀྱི་བཙན་མཁར་ཡིན།།

བར་ཀྱི་མདོ་ཁམས་མི་ཡི་ཆོལ་ཁ་དཔའ་བོ་ཁྱེད་ཀྱི་སྲུང་དམག་ཡིན།།

སྨད་ཕྱོགས་མདོ་སྨད་རྟ་ཡི་ཆོལ་ཁ་དཔའ་བོ་ཁྱེད་དཔུང་རོགས་ཡིན།།

བྱེས་གྱར་གངས་རིའི་སྤུན་ཟླ་ཚང་མ་དཔའ་བོ་ཁྱེད་ཀྱི་རྒྱབ་རི་ཡིན།།

 

དཔའ་བོའི་ཞལ་ཆེམས་སྙིང་ལ་ཉར་ནས་མཐུན་སྒྲིལ་གནང་རོགས་གདོང་དམར་བ།།

དཔའ་བོའི་རྟོགས་བརྗོད་སེམས་སུ་བཟུང་ནས་དགྲ་དཔུང་འདུལ་དགོས་གངས་རི་བ།།

དཔའ་བོ་མེ་ལྕེའི་ལ་རྒྱ་འཛིན་དགོས་ཐུ་བྷོད་རུས་མཆེད་གངས་ཕྲུག་ཚོ།།

དཔའ་བོའི་བྱས་རྗེས་རྡོ་རིང་འགོད་དགོས་ཕྱི་རབས་བོད་པའི་ཤུལ་འཛིན་ཚོ།།

 

ལྷ་རྒྱལ་ཀི་སྒྲ་རིང་མོ་འདེབས་བཞིན་དཔའ་བོའི་མཚན་སྙན་གླིང་བཞིར་སྒྲོག།།།

ཡིག་དྲུག་དབྱངས་རྟའི་འགྱུར་ཁུག་བར་ནས་དཔའ་བོ་དམ་པའི་འདུས་མཆོད་སྒྲོག།།།

ལག་ཟུང་མཐོན་པོ་མཁའ་རུ་སྒྲེང་ནས་དཔའ་བོའི་འདོད་དོན་ངར་གྱིས་སྒྲོག།།།

རང་ཡུལ་ཞི་བདེ་མ་ཐོབ་བར་དུ་སྲིད་གསུམ་འཇིགས་པའི་སྐད་ཆེན་སྒྲོག།།།

 

༢༠༡༢་༡༡་༡༥་ཉིན་རང་ཤག་ནས་བྲིས།

 

དཔའ་བོ་ཕྱིར་ལ་སླེབས་འདུག


རྩེ་་གཞུང་རིང་མོའི་རླབས་རྒྱུན་ཁྲོད་ནས་ཁྱེད་ཀྱི་བྱིས་དུས་རྨི་ལམ་བཞད།།
རྒྱུད་མངས་པི་ཝང་རྒྱུད་དྲུག་ཁྲོད་ནས་ཁྱེད་ཀྱི་ལང་ཚོ་རིམ་གྱིས་དར།།
དབྱངས་རྟ་སྟོང་གི་འགྱུར་ཁུགས་རེ་རེས་མི་ཚོགས་སེམས་པ་སྐྱིད་ལ་བསྐུར།།
ཕ་ས་སྣུམ་པོའི་སྤང་གཞོངས་འདི་ན་ཁྱེད་ནི་དབྱར་སྐྱེས་རྔ་སྒྲ་བཞིན།།

འབྲོག་པ་རྣལ་མའི་རང་བཞིན་བཟང་བོ་ཁྱེད་ཀྱི་གཤིས་ན་ལྷུན་གྱིས་འགྲུབ།།
ཕ་སྐད་དག་མའི་ཚིག་འབྲུ་ཟབ་མོ་ཁྱེད་ཀྱི་ངག་ན་ཐོད་ཀྱིས་བརྒལ།།
བོད་ལྭ་གཙང་མའི་གོས་ཕྲུག་དམར་སྨུག་ཁྱེད་ཀྱི་སྐུ་ལ་དེ་འདྲའི་མཛེས།།
འབྲོག་ཕྲུག་དྭངས་མའི་རང་གཤིས་བབ་ཆགས་སེམས་ལ་ལྷུང་བའི་མི་སེམས་སྤྲོ།།

ཕ་ལོ་ཞིག་གི་ལག་རྟེན་ལོས་ཡིན་སེམས་ཀྱི་བུ་ཆུང་ལོ་བརྒྱ་བོ།།
མ་ལོ་ཞིག་གི་སེམས་རྟེན་ལོས་ཡིན་སྙིང་གི་བུ་ལོ་གནམ་སྲུང་བོ།།
ཕུ་ནུ་ཀུན་ཀྱི་རེ་ལྟོས་ལོས་ཡིན་དཔྲལ་བའི་ཁྲ་ཆུང་མིག་གཉིས་པོ།།
བཅོལ་བའི་རེ་བཞག་གླིང་འདིར་བཞད་སོང་ངེས་པ་དོན་གྱི་བུ་རྒོད་པོ།།

དྭངས་གཙང་ལྷད་མེད་སེམས་པ་མང་པོས་ཁྱེད་ཀྱི་མདུན་ན་འཛུམ་གྱིས་བསུ།།
དཀར་གཙང་དྲི་མེད་ཁ་བཏགས་མང་བོས་ཁྱེད་ཀྱི་སྐེ་ན་འཇའ་བཞིན་བསུ།།
བསྟོད་པའི་མཐེ་བོང་རིན་ཐང་ཅན་པོ་ཁྱེད་ཀྱི་སྙིང་སྟོབས་སྤོབས་པས་བསུ།།
ཕ་སའི་སྤང་གཞོངས་སླར་ཡང་ལོག་པའི་འོ་ཇ་དཀར་བོས་དལ་གྱིས་བསུ།།

སྙན་པ་སྟོང་གི་དབྱངས་རྟ་རིང་མོ་འཛིན་མའི་ཁྱོན་ན་བྱ་བཞིན་འཕུར།།
བརྗོད་བྱ་དོན་གྱི་ཟེའུ་འབྲུའི་རེ་ལ་ལ་རྒྱའི་བརྗིད་པའི་རྡོ་རིང་རེ།།
དྲུག་འགྱུར་སྙན་པའི་པི་ཝང་དང་ནི་ཁྱེད་ཀྱི་ངག་རྟ་གསོན་པོ་དེ།།
འཇིག་རྟེན་ཀུན་གྱི་སེམས་ཀྱི་ཟབ་སར་འོད་ཀྱིས་འཚེར་བའི་མུ་ཏིག་ཞིག།

འདོ་ཆུང་རྟ་བོ་བང་ཁའི་བར་ནས་པི་ཝང་ཁྲོད་དང་བུ་རྒོད་པོ།།
ཐུལ་དཀར་འབྲི་མོའི་བཞོ་དབྱངས་བར་ནས་རོགས་ལོ་འགྲོགས་དང་བུ་རྒོད་པོ།།
ཕ་ས་སྐྱིད་ཀྱི་གཡང་ལུང་ཐང་ནས་ལ་གཞས་ཁུག་དང་བུ་རྒོད་པོ།།
ཁྱེད་ནི་བདག་གི་སེམས་ལ་ལྷུང་བའི་འདས་མ་ད་ཡི་སྟག་རྒོད་པོ།།

༢༠༡༢་༡༡་༢༢་ཉིན་རང་ཤག་ནས་བྲིས།།

འདུས་བྱས་མི་རྟག་པ་གླུ

 

སྐྱབས་གནས་ཀུན་འདུས་བླ་མ་དུས་གསུམ་གྱི་མགོན་པོ།།

མཉམ་མེད་སྲས་གཙང་སྲས་མཆོག་འགྲོ་བ་ཡི་མིག་གཅིག།།

གསལ་བྱེད་ཉི་གཞོན་འོད་ཀྱི་འགྲོ་དྲུག་ཀུན་སྐྱོབས་པས།།

སྟོན་མཆོག་ཐུབ་པའི་དབང་པོ་སྒོ་གསུམ་གྱིས་འདུད་དོ།།

 

འདི་སྣང་འཁོར་བ་ཚུད་པའི་ངང་ཚུལ་གྱི་ཤུགས་གླུ།།

མ་བཙུར་སེམས་ཀྱི་ངོགས་སུ་རང་བཞིན་གྱི་འཆར་བས།།

དོན་གྱི་བརྡར་ཤ་གཅོད་པའི་རྣམ་དཔྱོད་ཀྱི་འབེན་ཀྱང་།།

ཡིན་ལུགས་དོན་གྱི་དངོས་པོ་འདི་ལྟར་ལས་མི་འདུག།།

 

འདུས་བྱས་མི་རྟག་འཁོར་བའི་འདུ་ར་འདིས་ནང་ནས།།

འདུར་རྒྱུག་མི་ཁོམ་ཁྲོད་ནས་མི་ཚེ་འདི་ཟད་རུང་།།

ཡ་ཐང་ཆད་མེད་ད་དུང་བྲེལ་བྲེལ་འདྲ་ཆེ་བས།།

འཁོར་བའི་རང་བཞིན་ཞེས་པ་དེ་འདྲ་ལས་མི་འདུག།།།

 

བསགས་པའི་རྒྱུ་ནོར་འཕེལ་བ་ཆགས་སེམས་ཀྱི་ཁ་སྣོན།།

ཁྲ་ཁྲ་སིང་སིང་མཐོང་བ་འཁྲུལ་སྣང་གི་གཡབ་མོ།།

མྱོང་པའི་ཟས་ཀྱང་ནད་ཀྱི་ཡང་དུག་ལ་འཕོ་བས།།

འཁོར་བའི་ཕུན་ཚོགས་ཞེས་པ་དེ་འདྲ་ལས་མི་འདུག།།།

 

ན་ནིང་འཛོམས་པའི་ཕ་མ་སྤུན་ཉེ་སོགས་བྲལ་སོང་།།

ད་ལོ་ཐུག་པའི་ཁ་ཡ་ན་ཟླ་ཚོ་བཞུད་སོང་།།

སང་ཉིན་སུ་དང་བྲལ་བའི་གདུང་སེམས་འདི་ཡོད་ན།།

འདུས་བྱས་མི་རྟག་ཞེས་པ་འདི་འདྲ་ལས་མི་འདུག།།།

 

གཞོན་པའི་ལང་ཚོོ་ཆུ་སྐྱེས་པད་མ་ཡི་བཞིན་དཔལ།།

མཛེས་ཉམས་མདངས་ཀྱི་ཕྱུགས་པའི་དཀར་གསལ་གྱི་ཟླ་བ།།

མི་འདོད་གཉེར་རིས་ཕྲ་མོའི་ངོ་གདོང་དེ་བསུབ་སོང་།

མཛེས་ཉམས་མི་རྟག་རྫ་ཁའི་བསིལ་བ་ལས་མི་འདུག།།།

 

སེམས་ཀྱི་ངོ་བོ་ཤེས་པའི་རང་གསལ་གྱི་མེ་ལོང་།།

དོན་གྱི་གནད་ཁ་སེལ་བའི་སྒོམ་སྒྲུབ་རེ་བསམ་ན།།

མི་འདུག་ལ་མོ་རི་ཁྲོད་འགྲིམས་དགོས་ནི་བསམ་རུང་།།

ལན་ཆགས་འདུ་འཛིའི་གྲོང་ནས་ཐར་ཐབས་ནི་མི་འདུག།

 

ལུས་དབུགས་འདུལ་བའི་འཕྲུལ་འཁོར་གནད་སྣུན་གྱི་ཡོ་ག།།།

གཤིན་སྦྱངས་རྩ་རླུང་ཕྲ་མོ་རམ་འདེགས་ཀྱི་བཅུམ་ནས།།

ལུས་སེམས་བདེ་དགའི་ཡོ་ལངས་འགགས་མེད་དུ་སྩོལ་ཀྱང་།།

འཕྲུལ་སྣང་ཤུགས་ཀྱི་རྒོལ་བས་རྣམ་དག་དེ་མི་འདུག།།

 

གཞན་ཕན་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་དེ་བསམ་ན།།

རང་ལས་གཞན་དོན་སྒྲུབ་པའི་ལས་དོན་ལ་བརྩོན་ཀྱང་།།

ལག་ལེན་གསེར་གྱི་ཐིགས་པས་བཙོ་སྦྱོང་དེས་དབེན་པས།།

ཁ་བཤད་ཝུ་བ་ཙམ་ལས་དོན་ཕན་རེ་མི་འདུག།

 

ཡང་དག་སྟོང་ཉིད་སྒོམ་པའི་ཟབ་གསལ་གྱི་ཉམས་ལེན།།

རང་རིགས་སེམས་ཀྱི་ངོས་ལ་འཆར་འདོད་ཀྱི་འདུན་མ།།

རང་བློ་ལྐོག་ཏུ་མ་གྱུར་རང་ཆས་ན་མཆིས་ཀྱང་།

གནད་ཀྱི་དོན་ལ་ཟུག་པའི་སྒོམ་པ་ཞིག་མི་འདུག།      

 

ཡོད་ན་ཡོད་པའི་ངོམས་སོ་བྱེད་རིན་དེ་མི་འདུག།།།

མེད་ན་མེད་པའི་མུག་གེ་སྒོམ་རིན་དེ་མི་འདུག།།

ཡིན་ལུགས་སེམས་ཀྱི་གནང་ལུགས་མཐར་དེ་མཁྱེན་་ནས།།

ཡང་དག་འཁོར་བའི་མཚོ་ལས་བསྒྲལ་བ་ལ་རེམ་ཞིག།།

 

སྒྲིབ་སྦྱངས་དགེ་ཚོགས་བསགས་པའི་ཕན་བདེའི་ཡི་ནུས་མཐུ།།

མ་གྱུར་འགྲོ་བ་ཀུན་ལ་བསྔོ་བ་ཡི་འབྱུང་གནས།།

རྩ་གསུམ་ལྷ་ཡི་ཞིང་ནས་ཐུགས་རྗེའི་བདག་གཟིགས་ནས།།

མི་རྟག་འཁོར་བའི་མཚོ་ལས་བསྒྲལ་བ་ཡི་སྐྱབས་འཇུག།།།

 

༢༠༡༢་༡༡་༩ཉིན་བྲིས།

ཕྱིར་མིག་ཐེངས་གཅིག། 

ལང་ཚོ་རྒས་གཉེར་རི་ནས་སད་པའི་ཕྱི་མིག་ཅིག་གི་སོ་ཁ་ནས།།
ཚོར་འདུ་ཟབ་མོ་སློག་སློག་འཕྱུར་བའི་སེམས་ཁོང་སྙི་མོས་ཁུགས་སོ་ན།།
རི་ཆུའི་རི་མོ་མིག་ལ་ཤར་དུས་གློ་མཆིན་སྙིང་རྩ་དྲོད་ཀྱི་ཁེངས།།
བསམས་གཞིགས་རྣལ་མའི་མདའ་འཕྲིན་ཕྲ་མོ་ཕ་ཁྱིམ་དྲོན་མོའི་དབྱིངས་སུ་འཐིམས།།

སྨུག་ལོང་རི་རྩེའི་མཁའ་དབྱིངས་སྒྲིབ་ཀྱང་ཕ་ས་གོར་མོ་སྔར་ལས་མཛེས།།
སྔོ་ལྗང་གོས་ཀྱི་འདབ་མའི་གཡོགས་པའི་གཡུ་ལུང་སུམ་མདོའི་འདྲེས་ཁ་ན།།
སོག་གུར་གོར་མོ་མཐའ་ན་འདུ་བའི་གཡང་གི་སྒོ་བཞི་སླས་ན་སྐྱིད།།
འབྲི་མོའི་བཞོ་དབྱངས་དབྱངས་ལ་འགུགས་པའི་ཨ་ཅེ་འབྲོག་མོ་ལས་ལ་བྲེལ།།

ལྷིང་འཇགས་མཚན་མའི་ཟླ་ངོགས་ཉུལ་བའི་ཁེར་འགྲོ་སྟག་ཤར་དར་མ་དེའི།།
འགྱུར་ཁུགས་ལ་གཞས་དབྱངས་ལ་འཐེན་པའི་སྨན་ཤར་བུ་མོ་གཉིད་ལས་དཀྲོགས།།
རེ་སྒུག་ཞག་གི་དྲན་འཛིན་བར་ནས་ཐུག་འདོད་རོགས་ལོ་རུམ་ལ་བསུས་།།
རློན་ཤ་སྙི་་མོ་གཅིག་ལ་སྦྱར་བའི་འདོད་སེམས་འཕྲུལ་གྱི་ཟེའུ་འབྲུར་རོལ།།

མཆོད་རྟེན་དཀར་བོའི་བསྐོར་ལམ་མཐའ་ན་རྒན་རྒོན་ཁ་ཤས་འཁྱར་མ་འཁྱོར།།
བཅོལ་བའི་གསོལ་འདེབས་དབྱངས་རྟ་སྙན་མོ་དྲིལ་བའི་སྒྲ་དང་མཉམ་ཏུ་འཕུར།།
ཚོགས་ཆེན་འདུ་ཁང་གྲུ་བཞིའི་ཕུགས་ན་ཆོས་ཀྱི་དབྱངས་ཡང་ལྷང་སེ་ལྷང།།
དྲི་ཞིམ་བདུག་སྤོས་སྣ་ལ་ཞིམ་ཞིང་དད་སེམས་སྙིང་གི་དཀྱིལ་ན་འཁྱིལ།།

འཚམས་སྤྲིན་བུ་མོ་མཚར་སྡུག་ངོམ་བཞིན་རི་བོའི་ཕག་སུ་དལ་གྱིས་ཡིབ།།
རྐང་རིགས་ཁྱུ་ཚོགས་སླས་རྭར་ལོག་ནས་རྡང་ན་གཉིད་ཀྱི་ཞིང་ལ་འགྲིམས།།
ལྷབ་ལྷབ་མེ་ལྕེའི་འཁྱིལ་ཞགས་འཇམ་པོ་ཁྱིམ་ར་གོར་མོ་དཀྱིལ་ན་འཕྱོ།།
ཨ་མྱེས་རྒན་པོའི་གནའ་གཏམ་རིང་མོ་ཆད་མེད་རྩེ་ཆུའི་བཞུར་རྒྱུན་འཁྲུངས།།

དྲན་འཛིན་མཚོ་མོའི་ཀློང་ན་རྒྱུ་ཞིང་ཁྲག་རྩ་རྒྱུ་བའི་རྩ་ལམ་ནས།།
ལྟེ་ཁྲག་དྲོན་མོ་ས་ལ་བཏིང་པའི་ཕ་ས་དྲོན་མོའི་ངོ་མཚར་གཏམ།།
བྲང་གཞུང་སྙིང་གི་ཁུག་སོ་དེ་ན་ལྷོག་ལྷོག་ལྡིང་བའི་དམར་ཆུང་བཞིན་།།
བྲལ་མེད་གསལ་འདེབས་རང་ལ་བྱས་པའི་རིན་ཐང་ཞིག་གི་རྟགས་མ་ཡིན།།

༢༠༡༢་༡༠་༢༦དགོང་མོ་ཆུ་ཚོད་བཅུ་གཉིས་ཐོག་སི་ལོ་བུ་ནའི་རྒྱལ་སའ་འགྲམ་ནས།

ཁ་བརྡས་སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ ལ་ སྙན་ངག་གི་གྲས་སུ་བཀོད།གཡུ་ཞུན་དྲ་བར་བཀོད།བོད་ནང་ཚངས་དབྱངས་དྲ་བ།ལྷ་སའི་ཆོས་གྲོགས་དྲ་བ།མཚོ་སྔོན་བོད་རིགས་དྲ་བ།དགེ་སློབ་གླེང་སྟེགས།འོད་དཀར་དྲ་བ་སོགས་སུ་བཀོད།

 

སེམས་ཀྱི་མ་བུ། 

གནག་སྣུམ་སྐྲ་ཡི་ལན་བུར་སེར་ཐིག་ལྷུང་ཐལ།།
ཡ་ཐོད་སྤྱན་གྱི་མཐའ་ལ་གཉེར་མས་ཁེངས་ཐལ།།
མ་ཐུག་ལོ་ཟླའི་ཕྲེང་གོག་རིང་མོའི་ཁྲོད་ནས།།
སྙིང་གི་མ་བུ་ཁྱེད་གཉིས་བདེ་མོ་ཡིན་ནམ།།

སྟོད་ཕྱོགས་འབྲོག་གི་སྡེ་ཆེན་དཀྱིལ་གྱི་དྲུང་ནས།།
ཆ་མཉམ་ཁ་ཡ་ན་ཟླའི་རྩེད་རའི་ཁྲོད་ནས།།
བརྩེ་དུང་དར་གྱི་མདུད་པ་གཅིག་ལ་བརྒྱུས་དུས།།
སེམས་པ་དམར་ཆུང་གཉིས་ཀ་ཇི་འདྲའི་སྐྱིད་ཨང་།།

དགུན་གསུམ་ཁ་བའི་གཡོགས་པའི་དུས་ཚིགས་སྐབས་སུ།།
སྐར་མ་གྲང་འདར་བྱེད་པའི་མཚན་མོ་ཞིག་ལ།།
ནོར་སླས་གོར་མོ་དཀྱིལ་ནས་མཆིན་པ་གླན་དུས།།
དྲོད་ཀྱི་རླངས་པ་འཐུལ་བའི་ངང་ཚུལ་དྲན་གི 

སྟོན་གསུམ་ནོར་བར་སོང་བའི་སྦྲ་གུར་ནང་ནས།།
ལྷབ་ལྷུབ་མེ་ལྕེ་འབར་བའི་ཐབ་ཀའི་རྩ་ནས།།
སྙན་མོ་ལ་གཞས་འཐེན་པའི་ངང་ཚུལ་བསམ་ན།།
རྒྱང་རིང་ས་མཐའ་འདི་ནས་འདུག་སྣང་མི་འཆར།།

འབྱུང་བཞི་ལུས་པོ་ད་ལྟ་བདེ་ཙམ་མཆིས་ཀྱང་།།
སེམས་པ་གཤོག་ཐོགས་ཁྱེད་གཉིས་ཕྱོགས་སུ་འཕུར་བས།
བྲལ་གདུང་ཤུགས་ཀྱི་ཚོར་བར་རྣོ་ངར་ཆེ་བས།།
རྨི་ལམ་སྒྱུ་མའི་གྲོང་ནས་ཁྱེད་གཉིས་རྨིས་ཐལ།།

ངེད་གཉིས་རང་དབང་བྲལ་བའི་ཉིན་མོ་དེ་ལ།།
སྙིང་གི་གཅེས་ཕྲུག་ཨ་མའི་ལྟོ་བར་གནས་པས།།
མ་ཤི་གསོན་བྲལ་བྱས་པའི་ཉིན་མོ་བསམ་ན།།
འཇིག་རྟེན་འདི་རུ་བསྡད་པ་དོན་གོ་ཆུང་སོང་།།

གནས་ལུགས་རྒྱུ་མཚན་མེད་པའི་ཁོར་ཡུག་ཆུང་ཆུང་།།
བསམ་གཞིགས་བློ་དོག་ཆུང་བའི་ཕ་རྒན་རྒད་པོས།།
བུ་མོ་གཞན་ལ་བཙོང་བའི་རིན་འབབ་ཆེད་དུ།།
མ་བུ་ངེད་གསུམ་འདི་ལྟར་སྡུག་ལ་བསྐྱལ་ཡོད།།

ཆུང་མ་གཞན་ལ་ཤོར་བའི་སྡར་མ་ང་ཡིན།།
བུ་ཆུང་མཉམ་ཏུ་ཤོར་བའི་ཐབས་ངན་ང་ཡིན།།
ཡོད་ཚད་གཞན་ལ་ཤོར་ནས་རང་སྡུག་ཆེ་ཡང་།།
དྲན་པའི་གཞུ་རྒྱུད་མདའ་མོ་འཁྱོགས་ཀྱི་མི་འདུག 

དྲང་བདེན་གནས་ལུགས་བཤད་སའི་རྒྱ་མ་མེད་ཐལ།།
ཡིན་ལུགས་གཏམ་གྱི་སྙིང་བོར་གོ་བ་མེད་ཐལ།།
ཅི་འདོད་ཕ་ལ་དབང་བའི་མི་རབས་དེ་ལ།།
སྨན་ཆུང་བུ་མོ་རྣམས་ལ་འདེམས་དབང་མེད་ཐ།།

གཞན་གྱི་མི་ཡུལ་འགྲིམས་ནས་ལུས་པོ་རྒས་ཐལ།།
འདང་ཆེན་རོགས་ལོ་དྲན་ནས་སེམས་པ་རྒས་ཐལ།།
སྙིང་གི་གཅེས་ཕྲུག་དྲན་ནས་མིག་ཆུ་ཤོར་ཐལ།།
སྐྱོ་སྡུག་ལོ་ཟླའི་ཕྲེང་གོག་འདི་ལྟར་རྫོགས་ཐལ།།

སྐྱིད་ཀྱི་ཉིན་མོ་འཆར་བའི་ཉིན་ཞིག་ཡོད་ན།།
མ་ཤི་གསོན་བྲལ་བྱས་པའི་ནང་མི་བཟའ་ཚང་།།
ལྷན་ཅིག་འཛོམས་པའི་དུས་བཟང་ཤར་བ་ཞིག་ལ།།
མ་བཅོས་སེམས་ཀྱི་གཏིང་ནས་སྨོན་ལམ་བཏབ་ཡོད།
༢༠༡༢་༩་༢༡་ཉིན་རང་ཤག་ནས།

ཁ་བརྡས་སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༡ ལ་ འཕྲིན་ཡིག་གི་གྲས་སུ་བཀོད་དང་བོད་ནང་གིས་ཚངས་དབྱངས་དྲ་ཚིགས་སུ་བཀོད།པེན་གྱི་དྲ་བ།མཚོ་སྔོན་བོད་ཡིག་དྲ་བ།ལྷ་སའི་ཆོས་གྲོགས་དྲ་བ།རེབ་སྐོང་ཁ་བའི་མེ་ཏོག་དྲ་བ་སོགས་སུ་བཀོད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php