རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་འཛུགས་མཁན་གྱི་སྨན་པ།

"མི་རབས་གསར་བ་ལ་སློབ་གསོ་ཚད་ལྡན་དང་ཆོས་སྲིད་ཀྱི་གོ་རྟོགས་བཟང་པོ་ངེས་པར་དུ་དགོས"

 

རྒྱང་འདྲི་བ། ཐོར་རྒོད་པ་སྤྱན་ཆབ། ཐོག་མར་ཁྱོད་ཀྱི་སློབ་སྦྱོང་གི་རྒྱུད་རིམ་དང་འབྲེལ་ནས་ངོ་སྤྲོད་ཅིག་བྱེད་རོགས།

ཉི་ ཟླ་ལྕེ་ནག་ཚང། ངའི་མིང་ལ་སྨན་པ་ཉི་ཟླ་ལྕེ་ནག་ཚང་ཟེར་། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་འཛུགས་མཁན་དང་བོད་སྨན་གསོ་རིག་རྒྱུད་བཞི་ དང་གཡུ་ ཐོག་སྙིང་ཐིག་གི་སློབ་ཁྲིད་དགེ་རྒན་ཡིན། སྔགས་མང་ཞིབ་འཇུག་ཁང་འཛུགས་མཁན་དང་སློབ་སྟོན་པ་ཡིན། ཆུང་དུས་ལོ་དྲུག་ཙམ་ནས་རྨ་ལྷོ་དམག་ཁྲང་འབྲོག་པའི་སྦྲ་གུར་སློབ་གྲྭར་བསྐྱོད། དེ་རྗེས་སུ་རྨ་ལྷོ་མི་རིགས་སློབ་འབྲིང་དུ་ཞུགས། ༡༩༨༥ལོར་ནས་༡༩༨༩ལོར་བར་རེབ་གོང་དགེ་འོས་སློབ་གྲྭ་འགྲིམས་ལ་རྗེས་སུ་རྨ་ལྷོ་ སོག་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ལོ་གཅིག་ལྷག་བྱས། ༡༩༩༠ལོར་ནས་རྨ་ལྷོ་རྫོང་སོག་བོད་སྨན་ཁང་དུ་བོད་སྨན་གཞུང་ལུགས་དང་ལག་ལེན་ གཉིས་ཆར་སློབ་སྦྱོང་བྱས། ༡༩༩༡ལོར་ནས་༡༩༩༦ལོ་བར་དུ་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་རུ་དེང་རབས་ གསོ་རིག་གི་རྨང་གཞི་དང་། བོད་ཀྱི་གསོ་བ་རིག་པ་ལ་སློབ་གཉེར་བྱས། ༡༩༩༦ལོར་བོད་ཀྱི་གསོ་རིག་གི་ལག་ལེན་ནི་ལྷ་ས་སྨན་རྩིས་ཁང་དང་ལྷོ་ཁ་སྨན་རྩིས་ ཁང་དུ་སྦྱངས། ཁྱད་པར་དུ་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་དང་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་ཟུང་ལས་ བོད་ཀྱི་གསོ་བ་རིག་པ་དང་གཡུ་ཐོག་སྙིང་ཐིག གསང་སྔགས་སྐོར་ལ་སོགས་པ་སྦྱངས། དེ་དང་མཉམ་དུ་རྣལ་འབྱོར་མ་ངག་དབང་རྒྱལ་མཚན་དང་ཆོས་ཉིད་རིན་པོ་ཆེ་ལ་སོགས་པ་ ནས་རྙིང་མའི་ཆོས་སྐོར་བཀའ་གཏེར་གྱི་དབང་ལུང་ཁྲིད་གསུམ་མང་དུ་ཞུས། ༡༩༩༧ལོར་ལྷ་ས་མྱུར་སྐྱོབ་སྨན་ཁང་དུ་དེང་རབས་སྨན་གྱི་སློབ་སྦྱོང་དང་དེའི་ སྐོར་ལ་སྐད་བསྒྱུར་བྱས།(འདི་གསོ་རིག་དྲྭ་བ་ལས་བཤུས། www.sorig.net)

ཐོར་ རྒོད་པ་སྤྱན་ཆབ། ཉིད་ཀྱིས་རྒྱུད་རིམ་འདྲ་མིན་དང་སྤྱི་ཚོགས་སྣ་མིན་གྱི་ཁྲོད་ནས་རྙེད་པ་ཡོད་ ཚད་ལས་སྤྱི་ཚོགས་སུ་བཞག་པའི་དཔེ་དེབ་དག་ངོ་སྤྲོད་མདོར་བསྡུས་ཤིག་གནང་ན་ག་ འདྲ་འདུག

ཉི་ ཟླ་ལྕེ་ནག་ཚང། ཆུང་དུས་ནས་སྙན་ངག་འབྲི་རྒྱུ་དགའ་པོ་བྱུང་། གཅེན་པོ་ལྗང་བུའི་ཤུགས་རྐྱེན་དང་། སྤྱིར་བོད་ལ་སྙན་ངག་འབྲི་མཁན་མང་པ་ཚོའི་ཤན་ཤུགས་ཀྱིས་༡༩༩༦ལོ་ལ་སྙན་ངག་དེབ<<ངས་ཁྱེད་རང་ཁུ་སུམ་མེར་བཞག་>>ཅེས་ པ་དང་རྗེས་སུ་༢༠༠༡ལོར་ཟླ་བ་སེར་པོ་ཟེར་བ་བོད་ཡིག་དང་ཨི་ཏ་ལི་སྐད་འདྲེས་མ་ ཞིག་བཏོན། ང་ནི་བརྩེ་དུང་པ་ཞིག་ལས་སྙན་ངག་པ་ཞིག་མིན། ༡༩༩༧ལོར་དེང་རབ་གསོ་རིག་ལས་མྱུར་སྐྱོར་ལག་དེབ་ཞེས་པ་ཞིག་རྒྱ་སྐད་དང་དབྱིན་ སྐད་ལས་བསྒྱུར་ནས་ལྷ་སར་དཔར། དེ་ཡིག་བསྒྱུར་གཞན་མཉམ་འབྲེལ་བྱས་པ་ཞིག་ཡིན། ཆེད་ལས་སྐད་བསྒྱུར་བ་མིན་ཡང་སྐད་རིགས་སློབ་སྦྱོང་ལ་ཤིན་ཏུ་དགའ། བོད་ཀྱི་གསོ་རིག་སྐོར་ལ་བོད་སྐད་དུ། བོད་ཀྱི་བསྐུ་མཉེའི་ལག་དེབ། གསོ་རིག་དཔྱད་རྩོམ་གཅེས་བཏུས་བཅས་དཔར་སྐྲུན་བྱས། སྔགས་བཅོས་སྐོར་དང་། གཡུ་ཐོག་ཕྱག་ཆེན་ཟེར་བ་ཞིག་པ་དཔར་རྩིས་ཡོད། ༢༠༠༥ལ་ཨུ་རུ་སུའི་སྐད་དུ་བོད་སྨན་ངོས་བཟུང་བརྟག་དང་། གསོ་རིག་རྨི་ལམ་དང་སྔགས་བཅོས་རིག་པ་དཔར་སྐྲུན་བྱས། ༢༠༠༩ལོ་ལ་བོད་ཀྱི་གསོ་རིག་སྙིང་བཅུད་ཟེར་བ་ཞིག་ཕའོ་རོ་རྒལ་སྐད་དུ་དཔར་ སྐྲུན་བྱས། གསོ་རིག་རྨི་ལམ་རིག་པ་ཟེར་བ་ཞིག་༢༠༡༡་ལོར་སི་པན་སྐད་དུ་དཔར་སྐྲུན་བྱས། དབྱིན་སྐད་དུ་བྲིས་པའི་གཡུ་ཐོག་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ལས་བཟང་པོའི་ སྒྱུ་རྩལ་ཟེར་བ་སྐད་ཡིག་བརྒྱད་དུ་བསྒྱུར་ནས་དཔར་སྐྲུན་བྱས། ༢༠༡༢ལོར་བོད་ཀྱི་ས་དཔྱད་རིག་པ་ཞེས་པ་སི་པན་ཡ་སྐད་དུ་དཔར་སྐྲུན་བྱས། དེ་བཞིན་ཨུ་རུ་སུའི་སྐད་དུ་གསོ་རིག་དང་ཆོས་རིག་པའི་འབྲེལ་བ་ཟེར་བ་ཞིག་ཨུ་ རུ་སྐད་དུ་ཐོན། སྨན་པ་ཞིག་ཡིན་པའི་ཆ་ནས་གཙོ་བོ་བོད་ཀྱི་གསོ་རིག་སྐོར་ལ་རྩོམ་རྒྱུར་དགའ་ སྤྲོ་ ཤིན་ཏུ་ཆེ། གཞན་དེང་དུས་སྐད་རིགས་འདྲ་མིན་ལ་དེབ་རིགས་མང་དུ་ཐོན་རྩིས་ཡོད་ལ། ཁྱད་པར་དུ་བོད་ཀྱི་གསོ་རིག་སློབ་དེབ་ལ་དེབ་ཕྲེང་གྲངས་བཅོ་ལྔ་ཙམ་རྩོམ་བཞིན་ ཡོད། གཞན་ད་ལྟ་མ་དྲན་པ་ཡོད་སྲིད།

ཐོར་རྒོད་པ་སྤྱན་ཆབ། ཁྱོད་ཀྱིས་བསམ་ན་བརྩེ་དུང་བའི་སེམས་ཁམས་དང་སྨན་པའི་སེམས་ཁམས་བར་ན་འབྲེལ་བ་ཡོད་དམ། ཡོད་ན་དེ་གང་འདྲ་ཞིག་རེད།

ཉི་ཟླ་ལྕེ་ནག་ཚང། སྤྱིར་མི་ཚང་མ་སྤྱིར་བཏང་གི་བརྩེ་དུང་པ་ཡིན་པ་ཤེས་སླ། བརྩེ་བ་དང་དུང་ཞེན་ནི་མི་ཚང་མར་ཡོད་ཀྱང་། དེའི་ཚད་གཞི་ནི་འདྲ་མིན་ རེད། སྨན་པ་ཞིག་གིས་ཤེས་དགོས་པའི་སེམས་ཁམས་རིག་པ་ལ་བརྩེ་དུང་གི་སེམས་ཁམས་ཤེས་ རྒྱུ་ཤིན་ཏུ་གལ་ཆེ། སེམས་ནད་མང་པོ་ཞིག་གི་རྒྱུ་རྐྱེན་བརྩེ་དུང་གི་རྙོག་འཛིང་དང་དཀའ་ངལ་ལ་རག་ལས་ ཡོད་སྟབས། བོད་སྨན་པ་ཞིག་གི་ཆ་ནས་སྨན་སྤྲོད་རྒྱུ་ཁོ་ན་མིན་པར་སེམས་ཁམས་ཀྱི་དཀའ་ངལ་ སེལ་ཤེས་དགོས། དེང་དུས་ནུབ་ཕྱོགས་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོར་སེམས་ནད་ཀྱི་ ནད་པ་ནི་དུས་རིམས་བཞིན་མཆེད་པ་མགྱོགས་པའོ།།

ཐོར་ རྒོད་པ་སྤྱན་ཆབ། གོང་ཞུས་བཞིན་ཁྱོད་ཉིད་སྙན་ངག་འབྲི་རྒྱུར་དགའ་བ་དང་སྐད་རིགས་སློབ་སྦྱོང་ལ་ ཤིན་ཏུ་དགའ་བ།བོད་ཀྱི་གསོ་རིག་སྐོར་ལ་རྩོམ་རྒྱུར་དགའ་སྤྲོ་ཤིན་ཏུ་ཆེ་བ་ལགས་ ནའང་། ཉིད་ཀྱིས་དེང་སང་ཕྱག་ལས་ཐད་ཀར་སྨན་པ་ཁོ་ན་བྱེད་དོན་ཅི་ཡིན། ཡང་ན་དེང་སང་ད་དུང་ཉིད་ཀྱིས་སྙན་ངག་འབྲི་བཞིན་ཡོད་དམ་དེའི་རྒྱུ་མཚན་ཅི་ཡིན།

ཉི་ ཟླ་ལྕེ་ནག་ཚང། སྨན་པའི་ལས་དོན་ནི་ཤིན་ཏུ་རྒྱ་ཆེ་བ་ཞིག་ཡིན་པས་དོན་དག་གཞན་སྒྲུབ་རྒྱུ་ལ་ དུས་ ཚོད་མང་པོ་མེད། སྨན་པ་བྱེད་པ་དང་། སྨན་གྱི་སློབ་ཁྲིད་དང་། སློབ་ཁྲིད་ཕྱོགས་དང་གསོ་རིག་ཞིབ་འཇུག་སོགས་ལ་དུས་ཚོད་ཧ་ཅང་མང་པོ་དགོས་སྟབས། ཕལ་ཆེར་ལོ་རེ་ལ་བདུན་ཕྲག་གསུམ་ཙམ་གྱི་གུང་གསེང་ལེན་རྒྱུ་ཡང་ཁག་པོ་རེད། འོན་ཀྱང་། ཞོར་དུ་ཨུ་རུ་སུའི་སྐད་དང་སི་པན་ཡ་སྐད་སོགས་སྦྱང་བཞིན་ལ། སྙན་ངག་ཙམ་རེ་སྐབས་སུ་འབྲི་བཞིན་ཡོད། དེ་ནི་ཞོར་གྱི་སྤྲོ་བ་ཡོང་ཆེད་དང་བརྩེ་སེམས་ཙམ་རེ་མཚོན་དོན་ཡིན།

ཐོར་ རྒོད་པ་སྤྱན་ཆབ། ལགས་རེད། འོ་ན་ངས་ཉིད་ལ་བཅར་འདྲི་བྱེད་བཞིན་པའི་སྐབས་འདིའི་ཁྱེད་ཉིད་ཀྱི་བྱ་བཞག་གལ་ ཆེའི་རིགས་དང་ཡང་ན། ཉིད་ཀྱི་ཉིན་གཅིག་གི་ཕྱག་ལས་གནངས་སྟངས་དེ་གང་འདྲ་ཞིག་ཡིན་ནམ་ངོ་སྤྲོད་ཞིག་ གནང་རོགས་ཞུ།

ཉི་ ཟླ་ལྕེ་ནག་ཚང།ཨ་རི་ལ་འབྱོར་ནས་ཉིན་ཤས་འགོར་སོང་། ཐོག་མར་ཁྱེད་ཚོར་འཚམས་འདྲི་ཡོད། ངའི་ལས་ཀ་མང་ཆེ་བ་སློབ་ཁྲིད་ཡིན། ཉིན་རེ་ལ་སྔ་དྲོ་ཆུ་ཚོད་གསུམ་གྱི་སློབ་ཁྲིད་དང་ཕྱི་དྲོ་ཡང་ཆུ་ཚོད་གསུམ་བཅས་ ཉིན་རེ་ལ་ཆུ་ཚོད་དྲུག་གི་སློབ་ཁྲིད་ནི་ཕལ་ཆེར་ཆད་མེད་ཡིན། དེ་རྗེས་ནད་པར་བལྟ་བ་དང་། དེ་ནས་སློབ་ཁྲིད་གྲྭ་སྒྲིག་དང་དཔེ་ཆ་སྒྲིག་པ་བཅས་ཕལ་ཆེར་ཆུ་ཚོད་བཅུ་ནས་བཅུ་ གཉིས་ཙམ་ལ་ལས་དོན་འདུག གཙོ་བོ་ནི་རིག་གནས་འདི་ལ་སྲུང་སྐྱོབ་དང་རྒྱུད་འཛིན་དང་དར་སྤེལ་བྱ་ཐུབ་ན་ བསམ་པ་ཡིན། ལོ་རེ་ལ་རྒྱལ་ཁབ་བཅོ་ལྔ་ནས་ཉི་ཤུ་བར་འགྲུལ་བསྐྱོད་དང་སློབ་ཁྲིད་བྱ་དགོས་ སྟབས་དུས་ཚོད་ནི་ཧ་ཅང་དཀོན་པོ་ཞིག་རང་བཞིན་གྱིས་ཆགས། སྐབས་རེར་གནམ་གྲུ་ཐང་དང་མེ་འཁོར་འབབ་ཚུགས་སུ་རང་ཉིད་གཅིག་པུ་ཡིན་དུས་འབྲི་ བཞིན་པའི་དཔེ་ཆ་རིགས་ཀྱང་འབྲི་ཁོམ་ཡོད་པ་དང་ཐ་ན་སྐད་རིགས་གཞན་རྣམས་ཀྱང་ཅུང་ སྦྱང་ཁོམ་རེ་ཡོང་བས་སེམས་པ་སྐྱིད་ཙམ་འདུག དཔེ་ཆ་བལྟ་ཀློག་སྐོར་ཕལ་ཆེ་བ་འགྲུལ་བསྐྱོད་བར་མཚམས་ཁོ་ན་ཡིན།

ཐོར་ རྒོད་པ་སྤྱན་ཆབ། བོད་ཀྱི་གསོ་རིགས་ཀྱི་ཕྱོགས་ལ་ཕྱི་རྒྱལ་ཁག་ཏུ་ཤེས་ཚད་དང་གདེང་འཇོག་ཅི་འདྲ་ ཡོད་པ་དང་ད་སྔར་སྐུ་ཉིད་ཀྱིས་དེའི་ཐད་ལ་ནུས་པ་ཅི་ཙམ་ཐོན་པར་ངོས་འཛིན་བྱེད་ ཀྱིན་ཡོད།

ཉི་ཟླ་ལྕེ་ནག་ཚང། དེང་དུས་ཕྱི་རྒྱལ་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོར་བོད་སྨན་ལ་དོ་སྣང་བྱ་མཁན་ཧ་ཅང་མང་། ཉིན་རེ་ནས་ཉིན་རེར་མང་དུ་འགྲོ་ བཞིན་ཡོད་ཅེས་བཤད་ཆོག དེའི་ནང་དུ་ཆེད་ལས་མཁས་པ་དང་། ཞིབ་འཇུག་པ་དང་། སྨན་པ་དང་སློབ་མ་དང་དགའ་ཞེན་པ་སོགས་སྣ་ཚོགས་ཡོད། བོད་སྨན་གྱི་གདེང་འཇོག་ཚད་གཞི་མཐོ་ནས་མཐོ་རུ་འགྲོ་བཞིན་ཡོད་ལ། ཁྱད་པར་སྨན་རྫས་ཞིབ་འཇུག་དང་དཔྱད་བཅོས་སྐོར་སོགས་ནི་དར་སྤེལ་ཆེ། རྒྱལ་སྤྱའི་བོད་ཀྱི་གསོ་རིག་གླིང་དང་ཡན་ལག་གསོ་རིག་ཁང་ནི་བོད་གསོ་རིག་གི་ སློབ་ གསོ་དང་ཁྱབ་སྒྲག་ལ་ནུས་པ་མགྱོགས་ཤོས་དང་ཆེ་ཤོས་ཚོང་ལས་མིན་པའི་གསོ་རིག་ ཚོགས་པ་ཞིག་ཡིན་ལ། བདག་གི་ནུས་ཤུགས་གཙོ་བོ་གསོ་རིག་ཁང་གི་ཕྱོགས་ལ་གཏོང་གིན་ཡོད།

ཐོར་ རྒོད་པ་སྤྱན་ཆབ། ཉིད་ཀྱི་ནུས་ཤུགས་གཙོ་བོ་འདོན་སའི་གསོ་རིག་ཁང་དང་རྒྱལ་སྤྱིའི་བོད་ཀྱི་གསོ་ རིག་གླིང་། ཡན་ལག་གསོ་རིག་ཁང་སོགས་ས་གནས་གང་དུ་ཡོད་པ་དང་དབུ་འཛུགས་ནམ་གནང་བ་ཡིན་ནམ།

ཉི་ ཟླ་ལྕེ་ནག་ཚང། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གི་གནས་ཚུལ་གསལ་པོ་དྲྭ་རྒྱ་ཁག་ལས་ཤེས་ ཐུབ། འདིའི་གསོ་རིག་དྲྭ་བ་ནི་སྐད་རིགས་མང་ཤོས་དང་རྒྱུག་ཆེ་ཤོས་ཀྱི་གསོ་རིག་དྲྭ་ བ་ཡིན་པས་ངོ་སྤྲོད་ཅུང་ཞུས་ན། 1.རྨང་གཞིའི་དྲྭ་བ་ནི་ www.iattm.net ཡིན་ པ་དང་དེ་ནི་གཙོ་བོ་དབྱིན་སྐད་དང་། གཞན་ཕ་རན་སི་སྐད་དང་། ཨི་ཊ་ལི་སྐད། ཕེན་ལན། ཨུ་རུ་སུའི་སྐད། འཇར་པན་སྐད་བཅས་སུ་ཡོད་པ་དང། དེ་རུ་གསོ་རིག་འབྲེལ་གཏུག་ཁ་བྱང་རྒྱལ་ཁབ་ཉི་ཤུ་ལྷག་ཡོད། 2.ལྟ་ན་སྡུག་གསོ་རིག་སློབ་གྲྭ་ཆེན་མོ་ཟེར་བ་ནི་དྲྭ་ཐོག་བརྒྱུད་ནས་སློབ་ཁྲིད་བྱ་བཞིན་པའི་བོད་སྨན་གྱི་དྲྭ་ཕྱེས་སློབ་གྲྭ་ཆེན་མོ་ (Open University) ཆེས་ཐོག་མ་ཡིན་ལ། དེའི་དྲྭ་བའི་ཁ་བྱང་་ནི།www.tanadukuni.com 3.ཨ་རིའི་བོད་ཀྱི་གསོ་རིག་དྲྭ་བ་ནིwww.thesoriginstitute.com 4.ཨི་ཊ་ལིའི་བོད་ཀྱི་གསོ་རིག་དྲྭ་བ་ནི།www.medicinatibetana.com 5.ཕོར་ཏོ་རྒལ་སྐད་ཀྱི་བོད་ཀྱི་གསོ་རིག་དྲྭ་བ་ནིwww.medicinatibetana.pt 6.ཉི་ཧོང་ངམ་འཇར་པན་གྱི་བོད་ཀྱི་གསོ་རིག་དྲྭ་བ་ནི www.tibetan-igaku.com 7.འཇར་མན་སྐད་ཀྱི་གསོ་རིག་དྲྭ་བ་ནི www.attm.de 8.སུད་སིའི་གསོ་རིག་དྲྭ་གནས་ནི།9.ཨེ་ས་ཏོ་ཡི་ཡའི་སྐད་ལ། www.tibetamedicine.et 10.ཡུ་གི་རེན་སྐད་ཀྱི་གསོ་རིག་དྲྭ་བ་ནི།www.iattm.com.uc 11.ཞི་ཕན་ཡ་སྐད་ཀྱི་བོད་ཀྱི་གསོ་རིག་དྲྭ་བ་ནིwww.medicinatibetana.eu12. ཨུ་རུ་སུའི་བྷོ་རི་ཡ་ཐུའི་སྐད་ཀྱི་གསོ་རིག་དྲྭ་བ་ནི། www.yuthokling.ru13.རོ་མ་ཉི་ཡའི་སྐད་ཀྱི་གསོ་རིག་དྲྭ་བ་ནི། www.iamtt.ro 14.ལིའི་ཐོ་ཉི་ཡའི་སྐད་ཀྱི་གསོ་རིག་དྲྭ་བ་ནི།།www.tibetanmedicine.lt 15. སྨན་ རྩིས་ ཀྱི་དྲྭ་བ་ནི་གསོ་རིག་སློབ་མ་དང་ཆེད་ལས་པ་རྣམས་ལ་དམིགས་པའི་རྩིས་ལུགས་ལས་ སྨན་བཅོས་ལ་ཆེད་དུ་མཁོ་བ་རྣམས་ཉིན་ལྟར་དྲྭ་ཐོག་ཏུ་ཡོད་ལ་ད་ལྟ་དབྱིན་སྐད་ དང་ཕ་རན་སིའི་སྐད་གཉིས་སུ་ཡོད།་www.sorigastro.com 16.བོད་ཀྱི་གསོ་རིག་ལས་གཡུ་ཐོག་སྙིང་ཐིག་དྲྭ་བ་ནི། www.yuthokling.com17.བོད་སྐད་ཀྱི་གསོ་རིག་དྲྭ་བ་ནི། www.sorig.net 18.གསོ་རིག་དཔེ་སྐྲུན་གྱི་དྲྭ་གནས་ནི།www.sorigpublications.com 19. གཞན་ཐོན་བཞིན་པ་ནི་ www.sorig.cn 20.གསོ་རིག་འགྲུལ་བསྐྱོད་www.sorigtravel.com

ཐོར་ རྒོད་པ་སྤྱན་ཆབ། ལགས་ཡིན་ན་ཉིད་ཀྱིས་ད་ལན་གྱི་གོ་སྐབས་འདི་བཟུང་ནས་དབྱངས་གསལ་སོ་བཞིའི་བདག་ པོའི་སྤྱི་ཚོགས་འདིར་སེམས་ཀྱི་སྐད་ཆ་ཅི་ཞིག་འཆད་འདོད་ཡོད་དམ།

ཉི་ ཟླ་ལྕེ་ནག་ཚང། བོད་མི་སུ་ལ་མཚོན་ན་ཡང་རང་ཉིད་ཀྱི་སྐད་ཡིག་སློབ་གཉེར་ཡང་དག་ཅིག་བྱས་ནས་བོད་ རང་ཉིད་ཀྱི་རིག་གནས་ལ་རྒྱུན་འཛིན་དར་སྤེལ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། བོད་ཀྱི་རིག་གནས་ཆེ་ཆུང་བཅུ་གང་འདྲ་ཞིག་ཡིན་ན་ཡང་། སྤྱི་ཚོགས་གསར་བ་དང་མི་རབས་གསར་བའི་སེམས་ཁམས་དང་མཐུན་པར་དར་སྤེལ་དང་རྒྱུད་ འཛིན་བྱ་རྒྱུ་དང་། གཞན་སྐད་ཡིག་གཞན་གང་མཁོ་སློབ་སྦྱོང་དང་། ཁྱད་པར་དུ་རིག་གནས་གསར་བ་དང་ཚན་རིག་དང་ལག་རྩལ་གསར་བ་སོགས་ལ་སློབ་སྦྱོང་ ལེགས་པོ་བྱས་ཏེ་ལས་དོན་སྐྱོང་དགོས། མདོར་ན་མི་རབས་གསར་བ་ལ་སློབ་གསོ་ཚད་ལྡན་དང་ཆོས་སྲིད་ཀྱི་གོ་རྟོགས་བཟང་པོ་ ངེས་པར་དུ་དགོས་པར་སྙམ་མོ།

 

འཁོར་བའི་འཇིག་རྟེན།

གང་ཡང་གཏད་སོ་མེད་པའི་འཁོར་བ་འདི།། སྐྱིད་དུས་མི་ཤེས་སྡུག་དུས་མྱང་རྒྱུ་མང་།།
བཤད་ན་ཤེས་རྒྱུ་མེད་པའི་མི་ཚེ་འདི།། རྨི་ལམ་བཞིན་དུ་ཡང་ནས་བསྐྱར་དུ་རྨིས།།

འཛོམས་ཀྱང་ཁ་བྲལ་དགོས་པའི་ཁྱིམ་ཚང་འདི།། ཅི་ཡིན་མེད་པར་ཉིན་ཞིག་འཐོར་ནས་འགྲོ།།
དགའ་བའི་གྲོགས་དང་སྡང་བའི་དགྲ་རྣམས་ཀྱང་།། བདེན་རྫུན་བར་ནས་གང་མེད་འདི་མེད་ཆགས།།

གཡར་ཁྲལ་ལྟ་བུའི་བྱ་བ་ལས་ཀ་འདི།། ནམ་རྫོགས་མེད་པའི་སེམས་ཁྲལ་སྣོན་མར་གྱུར།།
བཟང་ངན་འདྲེས་པར་བསག་པའི་རྒྱུ་ནོར་ཡང་།། དགོས་ཚེ་མེད་ལ་མི་དགོས་ཡོད་པ་འདྲ།།

བཀག་ན་འགོག་རྒྱུ་མེད་པའི་སེམས་པ་འདིས།། བཀང་ན་ཁེངས་རྒྱུ་མེད་པའི་འདོད་པ་བྱིན།།
ལུས་སེམས་བདེ་སྐྱིད་ཇི་ལྟར་བཙལ་ན་ཡང་།། དེ་ལྟར་རྒྱང་ཐག་རིང་འདྲའི་སྣང་བ་སྟེར།།

རྒས་པའི་གཉེན་ཉེ་ཕྱི་མའི་ཡུལ་དུ་ཕྱིན།། དཔྱིད་ཀའི་མེ་ཏོག་དགུན་ཁར་དྲན་པ་འདྲ།།
ཆུང་གྲོགས་རྣམས་ནི་སོ་སོའི་ལམ་དུ་ཕྱིན།། གནའ་སྒྲུང་ལྟ་བུར་དུས་ཀྱི་ཀློང་དུ་ཐིམ།།

གཞོན་དུས་རྒས་པ་ལྟ་བུའི་སྣང་བ་འཆར།། དར་དུས་རྒས་པ་མི་ཚོར་གཞོན་པར་འདོད།།
དེ་རིང་ལས་ཀ་མ་བྱས་ནངས་ཁར་སྐྱུར།། སང་ཉིན་ཁ་སང་མ་བྱས་འགྱོད་པ་སྐྱེས།།

ཆང་གིས་བཟི་དུས་འཇིག་རྟེན་བདག་པོ་སྙམ།། མགོ་ན་སྐྱུག་དུས་བདག་མེད་ནད་པ་འདྲ།།
བརྩེ་དུང་ཡོད་དུས་སྐྱིད་པའི་སྨོན་ལམ་འདེབས།། སྙིང་ནས་འཁོན་དུས་སྡུག་པའི་དམོད་མོ་བྱེད།།

དགའ་དུས་གྲོགས་ལ་སྡང་དུས་དགྲ་ཡིན་ཏེ།། མི་གཅིག་སྟེང་དུ་དཀར་ནག་གཉིས་ཀ་འདྲེས།།
བཟང་དུས་ལྷ་ལ་ངན་དུས་འདྲེ་ཡིན་པ།། ལྷ་འདྲེའི་སོ་མཚམས་འབྱེད་ལ་དཀའ་བ་ཆེ།།

སྟེང་ནས་ཆབ་སྲིད་འཁྲུག་ནས་ཐན་པ་འོང་།། འོག་ནས་ཆོས་ལུགས་འཁྲུག་ནས་ས་ཡོམ་རྒྱག།
བར་ནས་དམག་རྣམས་འཁྲུག་ནས་དམག་ཆེན་རྒྱག། དེང་དུས་ནམ་གཤིས་འཁྲུག་ནས་ཚ་གྲང་འཐབ།།

གཞན་ལ་ཚིག་ངན་སྟོང་གིས་བར་མེད་གཤེ།། རང་ལ་ཚིག་ངན་་གཅིག་ཐོས་བཟོད་གླག་བྲལ།།
ནག་པོ་མིག་གིས་མི་མཐོང་དགུ་མཐོང་ཡང་།། རང་ཉིད་མི་མཐོང་འཇིག་རྟེན་ཆོས་ཉིད་ཡིན།།

ཆུང་འདྲིས་བྱམས་པ་སེམས་ཀྱི་གཏིང་ནས་བརྗེད།། ད་ལྟའི་བྱམས་པ་མང་ནས་འདེམས་ཁ་དཀའ།།
མ་འོང་བྱམས་པ་མེད་པར་གྱུར་བའི་དུས།། བྱམས་པའི་ལས་འདི་སྡུག་གི་ངང་དུ་མཐོང་།།

སྙན་པའི་ཚིག་དང་མིང་ཚིག་སྒྲིག་སྒྲིག་ནས།། བཤད་པའི་དོན་དེ་ཐད་ཀར་སྟོན་མ་ཐུབ།།
དྲང་པོའི་ཚིག་གིས་ཕན་ཐོག་བསྟན་ན་ཡང་།། མི་སྙན་ཚིག་གིས་མ་བསམ་གྱོད་གཞི་བསླངས།།

མེད་པོ་རྣམས་ལ་མེད་པའི་སྡུག་བསྔལ་དང་།། ཡོད་པོ་ཚོ་ལ་ཡོད་པའི་སྡུག་བསྔལ་ཆེ།།
མི་རྐྱང་ཚོ་ལ་གྲོགས་མེད་རྙོག་དྲྭ་དང་།། བཟང་ཚང་ཅན་ལ་བཟའ་ཟའི་རྙོག་འཛིང་མང་།།

ནག་པོ་དཀར་པོའི་དགྲ་བོ་ཡིན་པས་ན།། དཀར་ཐིག་ནག་པོའི་དགྲ་རུ་འགྱུར་བ་ཡིན།།
འོད་ཀྱིས་མུན་པ་འཇོམས་པར་བྱེད་པས་ན།། མུན་པས་འོད་ཀྱང་མེད་པར་བྱེད་པ་ལགས།།

ཅི་དྲན་འདི་དྲན་མེད་པའི་སེམས་པ་འདི།། ནམ་ཞིག་སྟོང་བའི་དབྱིངས་སུ་ཐིམ་ནས་འགྲོ།།
ན་ཆོག་བདེ་ཆོག་ཡིན་པའི་ལུས་པོ་འདི།། ཉིན་ཞིག་མེ་ཏོག་བཞིན་དུ་རྙིད་ནས་འགྲོ།།

སྔ་དྲོ་ཚོང་གི་ཆེད་དུ་རྒྱུག་པའི་མི།། ཕྱི་དྲོ་སྨན་ཁང་ནང་གི་རོ་རུ་གྱུར།།
འཆི་མེད་ཚེ་དབང་སྐུར་བའི་བླ་མ་ཡང་།། འཆི་བའི་དུས་སུ་སྡུག་པའི་ཆོ་ངེ་འདོན།།

དག་པའི་ཞིང་དེ་ཇི་ལྟར་སྐྱིད་ན་ཡང་།། དང་ལེན་འགྲོ་མཁན་ཤིན་ཏུ་ཉུང་བ་ཡིན།།
མི་འདོད་ནད་ཀྱིས་བཙན་གྱི་འདེད་པའི་དུས།། འཇིགས་སྐྲག་དབང་གིས་སྐྱིད་པའི་ཞིང་དེ་བརྗེད།།

མ་བསམ་ས་ན་མི་དགོས་དོན་དག་མང་།། བསམ་པའི་རེ་བ་སྒྲུབ་རྒྱུ་ཤིན་ཏུ་དཀའ།
འདི་ཡིན་འདི་མིན་མེད་པའི་འཁོར་བ་ཡི།། སྙིང་པོ་དེ་ཙམ་ལགས་སོ་གྲོགས་པོ་ཚོ།།

ཨུ་རུ་སུའི་འཇིག་རྟེན་འཁོར་བའི་གྲོང་ཁྱེར་ཆེན་མོ་མོ་སི་ཀོ་ནས་མགྱོགས་བྲིས་བྱས།

 

 

དུས་ཚིགས།

རང་བྱུང་མེ་ཏོག་གི་དྲི་མ་མེད་པའི་དཔྱིད་དཔལ།
ཕྱི་ནང་གཉིས་ཀར་ཤར་བའི་མེ་ཏོག་རྫུན་མ་ཚོའི་གསེབ་ཏུ་ཡིབ།

དྭངས་ཤིང་བཞུར་བའི་ཆུ་བོ་མེད་པའི་དབྱར་ག
འབུམ་ཕྲག་གི་ཆུ་སྦུག་ཆེ་འབྲིང་ཆུང་གསུམ་གྱིས་མནན།

སྨིན་པའི་འབྲས་བུ་མཐོང་མི་ཐུབ་པའི་སྟོན་ཀ
དུས་ཚིགས་དག་གིས་མཐར་སྐྲོད་བྱས་པ་འདྲ།

ཁ་བ་དཀར་པོ་མེད་པའི་དགུན་ཁ།
རླུང་ནག་འཚུབ་མས་ཐག་རིང་གང་དུ་ཁུར་སོང་།

ཁང་བརྩེགས་དང་སྡོང་སྐམ། འཕྲུལ་ཆས་དང་གློག་ཞགས།
ས་འོག་དང་ས་སྟེང་གི་ལམ་ཁ། མཚོ་ལམ་དང་གནམ་ལམ།
མུན་པ་མཐའ་མེད་པ་ཞིག་ཏུ་འཐེན་པ་འདྲ།

ས་རྡུལ་གྱི་ཁྲོད་ན་གྲོག་མ་ལྟར་རྒྱུག་ཅིང་ཁྱབ་པའི་མི་ཚོགས།
ཁོང་ཚོ་གང་དུ་འགྲོ་བཞིན་ནམ།
ཁོང་ཚོས་ཅི་ཞིག་བྱེད་བཞིན་ནམ།

༢༥་༠༢་༢༠༡༡་རྒྱ་ནག་རྒྱལ་ས་པེ་ཅིང་དུ།

ཞིང་ཁམས།

རླུང་དམར་གྱིས་འདེད་བཞིན་པའི་དུད་སྤྲིན་མཐུག་པོ།
རྫས་འགྱུར་དང་ས་རྡུལ་འདྲེས་མ་དེ
རྣ་བུག་ནས་འཛུལ་ཞིང་། གློ་ཡུ་རྒྱུད།
ཁྲག་རྩ་རེ་རེ་ནས་ཕྲ་ཕུང་རེ་རེར་ཐིམ།

དོན་ལྔ་སྣོད་དྲུག་ཏུ་རྒྱུ་བའི་དུད་སྤྲིན་མཐུག་པོ་དེ།
ཐར་ཐབས་མེད་པའི་འབྲས་སྐྲན་གྱི་ནད་གཞི་དང་འདྲ་བར།
མི་རེ་རེའི་སེམས་སུ་གཏིང་ནས་གཏིང་དུ་བྱེར།
ཐ་ན་རྨི་ལམ་དེ་ཡང་རབ་རིབ་ཞིག་ཏུ་བསྒྱུར་སོང་།

ཉི་མ་དམར་པོའམ། མཐོང་རྒྱུ་མེད་པའི་འོད་ཟེར་དེ།
ཟླ་བ་སེར་པོའམ། ཉིན་མཚན་མི་ཤེས་པའི་བར་སྣང་འདི།
མེ་ཏོག་དང་གློག་འོད་རྫུན་མས་ཁེངས་པའི་འཕྲུལ་སྣང་གི་ཞིང་ཁམས་ཤིག་ཁོ་ན་ཡིན།

ཟླ་༣་ཚེས་༡་ལོ་༢༠༡༢། པེ་ཅིང་དུ་བྲིས།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php