གཡུ་སྒང་བ་དོན་གྲུབ་སྐྱབས་ནི་ཁོལ་ཡངས་པའི་སྤང་ལྗོངས་ལས་འཚར་ཞིང་ནོར་ལུག་གི་སྒོ་ཕྱུག་དང་དེའི་རྫི་བོ་ཚོར་སེམས་ཀྱི་དུངས་ཀ་འཕེར་བའི་འབྲོག་ཕྲུག་རྣལ་མ་ཞིག་ཡིན་ལ། ཁོ་བོའི་རང་ཉིད་ཀྱི་དཀའ་སྡུག་དང་རྔུལ་ནག་ཡོད་ཚད་སེམས་ཀྱི་ཟབ་ས་རུ་ཉར་ནས། མི་ཡུལ་ནས་མི་ཡུལ་འགྲིམས་ཤིང་ལན་རེར་སེམས་ཚོར་རྣོན་པོ་དག་རང་ཉིད་ཀྱི་ཟིན་བྲིས་སུ་བོད་ཡིག་འདེབས་མཁན་བོད་ཀྱི་ཡི་གེ་བ་ཆུང་ཆུང་ཞིག་ཡིན།

 

ཁོང་ཉིད་ངོ་སྤྲོད་ཙམ་དུ། སྐྲན་གྱིས།

 

ལྡོག་མེད་ཀྱི་ལོ་ཟླ།

 

གསེར་མདོག་ཉི་མ་གངས་རིའི་དབུ་རྩེར་འཕྲོས།།

སེམས་ཀྱི་འདུན་མ་རྒྱང་ནས་རྒྱང་དུ་བཞུད།།

ཟག་བཅས་ཕུང་པོས་ཕྱི་ནས་ཕྱི་རུ་འཐེན།།

འཇིག་རྟེན་འདི་རུ་སྡར་མ་འགྲོ་ས་མེད།།

 

ཅི་ཞིག་བསམ་བཞིན་རྒྱས་མེད་ས་མཐར་འཁྱམས།།

ཅི་ཡང་མ་རྙེད་ཡུལ་མཐར་ཁེར་རྐྱང་ལུས།།

ཅི་བསམ་འདི་བསམ་མེད་པའི་མི་ཡུལ་ནས།།

ཅི་འདོད་གང་འདོད་བྱས་ནས་མི་ཚེ་འཛད།།

 

སེམས་ཀྱི་འདུན་པ་ཡངས་པོ་རླུང་གིས་ཁུར།།

མི་ལོ་ཉི་ཤུའི་ལོ་ཟླ་རླུང་ལ་བསྐུར།།

རྒྱས་མེད་ས་མཐར་འཁྱམས་པའི་མི་ཡུལ་ནས།།

ཐོབ་མེད་འཁོར་འགྲོས་ལོ་ཟླ་ལྷག་པས་བཅོམ།།

 

ཕ་མས་རྒྱང་རིང་ཡུལ་ནས་རེ་བཅོལ་བྱས།།

བུ་ཆུང་ས་མཐར་འོངས་ནས་རེ་སྙེག་བོར།།

ངོ་ནག་གོས་དཀར་གྱོན་པའི་མིའི་ཡུལ་ནས།།

ཨ་ཐང་ཆད་པའི་བུ་ལ་དཔུང་གཉེན་མེད།།

 

དཔུང་གཉེན་མེད་པའི་ས་མཐའི་གྲུ་ཟུར་ནས།།

སྟོན་མཇུག་སྡོང་ལོ་སེར་པོ་རླུང་གིས་ཁུར།།

དྲོད་སྐྱིད་ལྡན་པའི་དབྱར་གཞུང་རྒྱང་དུ་བཞུད།།

ཨ་ཐང་ཆད་པའི་བུ་ལོ་འཁྱག་ལ་འབྱར།།

 

སྤྱི་ལོ་༢༠༡༡ལོའི་ལོ་དེབ་༼ཁ་བའི་མེ་ཏོག༽ཏུ་བཀོད།

 

ཚེ་སྲོག་གི་མེ་ལྕེ། 

 

འཛམ་གླིང་གོ་ལ་ཟླུམ་པོའི་ཡང་སྟེང་དུ།།

ཁ་བ་གངས་ཀྱིས་བསྐོར་བའི་ཡུལ་ལྗོངས་སུ།།

གདོང་དམར་བོད་པ་ཞེས་པའི་མཚན་གསོལ་བ།།

སྙན་པའི་གྲགས་པ་གོ་ལའི་ཡང་རྩེར་ཁྱབ།།

 

ཕ་མེས་ཡང་མེས་སྐུ་རྒྱལ་རང་ལུགས་ལ།།

གདོང་དམར་བོད་པའི་ཤ་གཟན་དམག་དཔུང་ཞེས།།

དཔའ་མཛངས་རྟུལ་ཕོད་ཅན་གྱི་མི་རིགས་དེས།།

དཀར་པོ་ཆོས་ཀྱི་ངོ་སོ་ཡར་ལ་བསྟད།།

 

ང་ཡི་ཕ་ཡུལ་གངས་ལྗོངས་ཕྱུག་མོ་རུ།།

ལྷ་ཆོས་དགེ་བ་བཅུ་ཡི་འོད་སྣང་འབར།།

རྒན་པ་ཚེ་ཐག་རིང་ཤིང་སྐུ་བསོད་དར།།

གཞོན་པ་འདབ་ལག་རྒྱས་ཤིང་དཔའ་རྩལ་ལྡན།།

 

གངས་རིའི་ལྗོངས་སུ་གསེར་གྱི་ཉི་མ་ཤར།།

སྟོབས་འབྱོར་མངའ་ཐང་ཀླུ་རྒྱལ་དབང་བོར་འགྲན།།

འགྲོ་རྣམས་གདུང་བ་སེལ་ཞིང་དགའ་བདེར་རོལ།།

བོད་འབངས་གསེར་མདོག་ཉི་མའི་འོད་ཀྱིས་བསྐྱངས།།

 

ནམ་ཞིག་དུས་ཀྱི་འཁོར་འགྲོས་སྟབས་བསྟུན་ནས།།

གསེར་མདོག་ཉི་མའི་འོད་ཟེར་མུན་པས་བསྒྲིབས།།

མཛེས་བའི་སྤངས་ལྗོངས་སད་དང་སེར་བས་བཅོམ།།

གངས་ལྗོངས་ཕྱུག་མོ་མུན་པའི་ཀློང་དུ་བསྒྲིབས།།

 

དུས་ཀྱི་རླུང་ནག་རྩུབ་པོའི་ལོ་ངན་དེར།།

མ་ཧཱ་ཙི་ནའི་འདྲེ་ལག་བོད་དུ་བསྲིངས།།

ཕ་མེས་ཡང་མེས་ཁྲིམས་ར་དམར་པོར་ཁྲིད།།

ང་ཡི་ཕ་ས་མྱ་ངན་ཐང་དུ་བསྒྱུར།།

 

ཐན་བྱ་དགོང་དུ་འཕུར་བའི་དུས་ངན་དེར།།

ཨ་ཕ་རྒན་པོ་ཞིག་གི་ལག་རྟེན་བཅག།

ཨ་མ་རྒན་མོ་ཞིག་གི་མིག་ཆུ་གཏོར།།

རྩ་བའི་བླ་མ་གཞན་ཡུལ་ལུང་པར་བརྫངས།།

 

སླར་ཡང་ཉིས་སྟོང་བརྒྱད་ཀྱི་དུས་དཀྱིལ་ནས།།

ཆོལ་གསུམ་སྤུན་ཟླའི་ཁ་ཕྱོགས་གཅིག་ཏུ་མཐུན།།

གངས་སེང་རྟགས་ཅན་དར་ཆ་མཁའ་ལ་བསྒྲེངས།།

འཚེ་མེད་ཞི་བའི་གད་རྒྱངས་ཀུན་ལ་བསྒྲགས།།

 

ཀྱེ་མ་གངས་རིའི་ལྗོངས་ཀྱི་ཨ་མའི་བུ།།

འཚེ་མེད་ཞི་བས་རང་དབང་རྩོད་ཆེད་དུ།།

གཅེས་ཤིང་ཕངས་པའི་རང་ལུས་མེ་རུ་བསྒྲོན།།

ཁྱོད་ཀྱི་ལྷག་བསམ་གངས་རིའི་ལྗོངས་སུ་ཁྱབ།།

 

དཔའ་བོ་ཁྱོད་ཀྱི་འགྱུར་མེད་སྙིང་སྟོབས་དེ།།

ཆོལ་གསུམ་སྤུན་ཟླའི་འགྱུར་མེད་སྙིང་དབུས་སུ།།

མི་འགྱུར་རྟག་བརྟན་རྡོ་ལ་རི་མོ་བཞིན།།

བསྐལ་བརྒྱའི་བར་དུ་མི་ནུབ་བརྟན་པོར་གནས།།

སྤྱི་ལོ་༢༠༡༡ལོའི་ ༼ཁ་བའི་མེ་ཏོག༽ཏུ་བཀོད

 

 

 

 

རྒྱུ་ནོར་དང་བརྩེ་དུང་གི་འགྲན་རྩོད།༼སྒྲུང་རྩོམ༽

 

སྤྱིར་འཇིག་རྟེན་ཁམས་སུ་གནས་པའི་མི་བུ་སུ་ཞིག་ལ་མཚོན་ན་ཡང་བརྩེ་དུང་མེད་མཁན་ནི་གཅིག་ཀྱང་མེད།དེ་བཞིན་བུ་ཆུང་འོད་ཟེར་ཀྱང་བརྩེ་དུང་ལ་མགོ་རྨོངས་ཤིང་བརྩེ་དུང་གི་ཆེད་དུ་ཅི་ཡང་བྱེད་ཕོད་པའི་སློབ་ཕྲུག་སྙིང་རྗེ་བ་ཞིག་རེད།མགོ་ནག་སྐྱིད་སྡུག་གནམ་གྱི་ལག།གོ་ཁ་དྲོན་པོ་རང་གི་ལག་ཅེས་པ་བཞིན།སྤྱི་ལོ་༢༠༠༨ལོའི་ལོ་མཇུག་ལ་ཁོས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་འདོད་ཀྱི་མདུན་པ་སྙིང་ལ་བཅངས་ནས།བརྩེ་བའི་ཕ་མ་དང་ཕུ་ནུ།ད་དུང་མཛེས་སྡུག་ལྡན་པའི་ཕ་ཡུལ་སོགས་རྒྱབ་ཏུ་དོར་ནས།ཁ་ཆར་དང་བུ་ཡུག་ལ་མ་འཛེམ་པར་ཧི་མ་ལ་ཡི་དབུ་རྩེ་ནས་བརྒལ་ཏེ་བཙན་བྱོལ་བ་ཞེས་པའི་མིང་རྐྱང་ཞིག་ཁུར་ནས་རྒྱ་གར་འཕགས་ཡུལ་དུ་འབྱོར་བར་མ་ཟད་༧སྐྱབས་མགོན་རིན་པོ་ཆེར་མཇལ་འདོད་པའིའདུན་པ་ཡོད་ཚད་མངོན་གྱུར་བྱས་ཏེ།མཐར་ཁོང་གི་བཀའ་དྲིན་དང་ཐུགས་རྗེ་ལ་བརྟེན་ནས་ཤེས་དགའ་སློབ་གླིང་དུ་ཞུགས། ཁོ་ལ་མཚོན་ན་ཧ་ཅང་ཆ་མེད་ཡིན་པའི་དབྱིན་ཡིག་སྦྱོང་མགོ་བརྩམས།ཤེས་རབ་དགའ་ཚལ་སློབ་གླིང་ནི་༧གོང་ས་མཆོག་གིས་བོད་ནས་གསར་དུ་འབྱོར་བའི་ལོ༡༨ནས་༣༠ཡས་མས་གྱི་གསར་འབྱོར་བ་རྣམས་ལ་ཆེད་དུ་བཙུགས་པའི་སློབ་གྲྭ་ཞིག་རེད།སློབ་གྲྭ་འདིའི་ཕྱིའི་ཁོར་ཡུག་དང་ནང་གི་ཆ་རྐྱེན་སོགས་ནི་སློབ་གྲྭ་གཞན་དང་བསྡུར་ན་ཧ་ཅང་བཟང་བ་མ་ཟད།སློབ་གྲྭའི་འགྲམ་དུ་བཞུར་བའི་རྒྱུགས་ཆུ་རིང་མོ་དེ་ནི་སློབ་ཕྲུག་རྣམས་ལ་ཕ་ཡུལ་དྲན་པའི་སྐྱོ་གདུང་དབྱངས་སུ་གྱེར་རོགས་བྱེད་མཁན་གྱི་གྲོགས་པོ་བཟང་བོ་ཞིག་རེད།

དེ་ལྟར་ལོ་ཟླ་ནི་རྟ་ཕོ་བང་རྩལ་གྱིས་རྒྱུགས་པ་བཞིན་རྒྱང་ནས་རྒྱང་དུ་བཞུད་པ་དང་མཚུངས། ཁོ་ཡང་ཟུར་ཚོགས་དང་རྨང་གཞི་སོགས་རིམ་གྱིས་བརྒྱུད་དེ་རིམ་བཞིན་འཛིན་གྲྭ་གཉིས་པར་བསླེབས།ཉིན་ཞིག་གི་དབྱིན་ཅིའི་ཚོགས་ཐུན་སྐབས་སུ་སློབས་གྲོགས་ཚང་མས་དགེ་རྒན་ལ་ཕྱི་རོལ་དུ་འགྲོ་ཞེས་འབོད་སྐུལ་ཞུས་པ་བཞིན་དགེ་རྒན་གྱིས་ཀྱང་ཁས་ལེན་བྱས་ཏེ་སློབ་ཕྲུག་ཚང་མ་དཔེ་མཛོད་འགྲན་གྱི་སྤང་ཐང་ཡག་པོ་ཞིག་ཡོད་པ་དེའི་སྟེང་དུ་ཁྲིད།ཏག་ཏག་ཁོ་ཚོ་དེར་འབྱོར་བ་དང་། རྨང་གཞི་འཛིན་གྲྭའི་དགེ་རྒན་གྱིས་ཀྱང་ཁོ་རང་གི་སློབ་ཕྲུག་ཚང་མ་ཁྲིད་དེ་སྤང་ཐང་དེར་འབྱོར།འོད་ཟེར་གྱི་མིག་གིས་ལྟ་ཕྱོགས་ཤིག་གིས་སློབ་ཕྲུག་དེ་དག་གི་ཁྲོད་དུ་སྣ་ཚོགས་མེ་ཏོག་ནང་གི་འདབ་བརྒྱད་པདྨ་བཞིན་ཡིག་ཤིང་། ཁོ་མོའི་ཞལ་རས་མི་དཀར་ལ་མི་སྨུག སྐྲ་ལོ་མི་ནག་ལ་མེ་སེར།ལུས་གཟུགས་མི་རིང་ལ་མི་ཐུང་བ། གང་ལྟར། བཤད་མི་ཤེས་པའི་མིའི་སྤྱིར་བཏང་གི་མཛེས་སྡུག་དེ་ལྡན། ཉིན་དེ་ནས་བཟུང་ཁོས་ཁོ་མོའི་མིང་ལ་སྐལ་བཟང་མཚོ་ཟེར་བ་དང་།ཁོ་དང་འཛིན་གྲྭ་གཅིག་པའི་བུ་མོ་ལྷ་མོ་ཟེར་བ་དེ་དང་ཉལ་ཁང་གཅིག་པ་ཡིན་པའང་ཧ་གོ་སོང་།ད་དུང་ཁོ་མོ་བོད་ནང་དུ་སློབ་གྲྭ་མང་པོ་ཞིག་ལ་འགྲོ་མྱོང་ཡོད་པ་དང་རྒྱ་ཡིག་དང་བོད་ཡིག་སོགས་ལ་མཁས་བར་བཤད།ཉིན་དེ་ནས་བཟུང་འོད་ཟེར་གྱི་སེམས་ཀྱི་རྟ་ཕོ་དེ་རང་དབང་མེད་པར་བུ་མོ་སྐལ་བཟང་འཚོའི་ཕྱོགས་སུ་ཤོར།ཉིན་ཞིག་གི་རང་སྦྱོང་སྐབས་སུ་ཁོའི་སེམས་ཀྱི་འདོད་འདུན་ཡོད་ཚད་ཤོག་དཀར་ངོས་ལ་བྲིས་ཏེ་ལྷ་མོ་ལ་བསྐུར།རྣར་མི་འགྲོ་བ་དང་ཡིད་ལའང་མ་ཤར་བ་ཞིག་ལ།ཕྱི་ཉིན་སློབ་ཐུན་དང་པོ་འཚོགས་སྐབས་སུ་ལྷ་མོའི་ལག་ཏུ་འཕྲིན་ལན་ཞིག་བསྐུར་འདུག།དེ་ལྟར་ཁོ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་གང་མང་ཞིག་བསྐུར་མཐར། འོད་ཟེར་གྱི་རེ་སྒུག་གི་ཞིང་ས་རུ་བདེ་སྐྱིད་ཀྱི་མྱུ་གུ་འབུས་མགོ་བརྩམས།

དུས་དེ་ནས་བཟུང་སྟེ་སློབ་གྲྭའི་ཕྱི་རོལ་གྱི་རྒྱ་གར་ཇ་ཁང་ཞིག་ཡོད་པ་དེ་ནི་ཧ་ཅང་འབག་གཙོག་ཆེ་ཞིང་གཙང་སྦྲ་མེད་པའི་ཇ་ཁང་ཞིག་ཡིན་ན་ཡང་། ཁོ་གཉིས་ལ་མཚོན་ན་ཕན་ཚུན་ལ་སྙིང་གཏམ་གླེང་སའི་བརྗེད་མེད་ཀྱི་དྲན་ཤིང་ཞིག་ཏུ་གྱུར། འཇིག་རྟེན་པའི་ཁ་དཔེ་ལ་སྐྱིད་མཐར་སྡུག་ཅེས་པ་བཞིན། གཟའ་སྤེན་པའི་སྐབས་ཀྱི་ཉིན་ཞིག་གི་ཞོགས་པར་འོད་ཟེར་ལ་མཚོན་ན་ཧ་ཅང་རྒྱུས་མེད་ཡིན་པའི་ཨང་གྲངས་ཤིག་གིས་ཡང་དང་བསྐྱར་དུ་ཁ་པར་བསླེབས།ཁོ་བོས་ཁ་པར་ཡར་བཀྱགས་ཏེ་འཚམས་འབྲི་ཞུ་སྐབས། ཕ་རོལ་བོས་ཁོའི་མིང་ད་ཐ་ན་ས་ཕྱོགས་གང་ནས་ཡིན་པ་སྐལ་བཟང་འཚོ་དང་ཁོ་གཉིས་བར་གྱི་འབྲེལ་བ་སོགས་ཚང་མ་གསལ་བོར་རྟོགས་འདུག། རྒྱུ་མཚམ་ཁོ་ནི་ཨ་རིར་གནས་སྡོད་བྱས་ཡོད་པའི་ཁོ་མོའི་ཨ་ཞང་ཡིན་འདུག ཁོའི་མིང་ལ་ནོར་དགའ་ཟེར་བ་དང་།དེ་རིང་ནས་བཟུང་ཁོ་མོ་ཁྱོད་གཉིས་ཀྱིས་འབྲེལ་ཐག་གཅོད་དགོས་ཟེར། རྒྱུ་མཚན་ཁོ་མོ་ནི་མི་གཞན་ལ་དབང་ཡོད་པ་རེད་ཟེར། ཁོ་ནི་ཨ་རིར་ཡོད་པའི་ཁོའི་གྲོགས་པོ་ཞིག་གི་ཡིན་པ་དང་མིང་ལ་ནོར་སྦྱིན་ཟེར་བར་མ་ཟད་མི་འགྱང་བར་ཁོ་དང་མཉམ་དུ་ཆང་ས་རྒྱག་རྩིས་རེད་ཟེར། དུས་དེ་ནས་བཟུང་དྲག་ཆར་གྱི་གནོད་པ་ཞིག་གིས་འོད་ཟེར་གྱི་རྣམ་པར་བཀྲ་ཞིང་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་ཞིང་ས་དེ་རྩ་མེད་དུ་བརླག དེ་ལྟར་ཁོ་གཉིས་ཕན་ཚུན་ལ་བརྩེ་བ་དང་དུང་བ་ཅི་འདྲ་ཞིག་ཡོད་ཀྱང་།དྲིན་ཆེན་ཕ་མའི་བཀའ་ཆད། ཨ་ཞང་ནོར་དགས་འཇིགས་བསྐུལ། ད་དུག་མང་པོ་མང་པོ་ཞིག་གི་ཆེད་དུ་ཁོ་མོས་མཛེས་སྡུག་ལྡན་པའི་སློབ་གླིང་འདི་དང་ཨ་ཐང་ཆད་པས་ཁོ་བོ་སོགས་བསྐྱུར་ཏེ་སློབ་གླིང་འདི་དང་གཏན་དུ་བྲལ།

གསོག་སློབ་ཀྱི་ས་བོན་ཚགས་ཤོག་དང༢༠༡༡ལོའི་དུས་དེབ༼ཁ་བའི་མེ་ཏོག༽་སོགས་སུ་བཀོད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php