ཨ་ཕའི་ཁ་ཆེམས།

 

          དེ་རིང་གཟའ་ཉི་མའི་ཞོགས་པར། ཨ་ཕ་དང་བཟའ་ཟླ། ཁོ་རང་གི་ལོ་བཅུ་གསུམ་དང་ལོ་གསུམ་ལོན་པའི་བུ་གཉིས་བཅས་ཀྱིས་ནམ་རྒྱུན་བཞིན་ཅོགཙེའི་མཐའ་བསྐོར་ཏེ་ཞོགས་ཇ་ཟ་བཞིན་ཁ་བརྡ་བྱེད་བཞིན་འདུག དེ་རིང་གི་ཁ་བརྡ་ནི་ནམ་རྒྱུན་དང་མི་འདྲ་བར་ཨ་ཕ་ཤི་རྗེས་དུར་ལས་ཇི་ལྟར་བྱེད་རྒྱུའི་སྐོར་རེད།

ཨ་ཕས་བཤད་རྒྱུར།

ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ཨ་ཕ་ཤི་དུས་ན་རོ་མེ་ལ་བསྲེག་མི་དགོས།
ཨ་ཕ་ལ་གནམ་རྒན་མའི་ཞལ་ངོར་དུ་བས་བདུག་འདོད་མེད།
ཨ་ཕ་ལ་རང་བྱུང་གི་མཁའ་རླུང་རྗས་ཀྱིས་སྦག་འདོད་མེད།
ཨ་ཕ་ལ་མི་མངོན་པའི་རྣམ་ཤེས་ཚོགས་གསུར་དྲིས་བསུན་པ་བསྐུར་འདོད་མེད།

 

ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ཨ་ཕ་ཤི་དུས་ན་རོ་དུར་ལ་སྦ་མི་དགོས།
ཨ་ཕ་ལ་མ་ཡུམ་ས་གཞིའི་ཕང་བར་བརྐོ་བསྔོག་བྱེད་རྒྱུའི་འདོད་པ་མེད།
འདི་ལྟར་བྱས་ཡོང་ན། ནམ་ཞིག་ང་ཚོའི་མཛེས་སྡུག་ལྡན་པའི་ས་གཞི་འདི་དུར་བྱང་གིས་ཁེངས་ངེས།
ལྷག་པར་དུ་ཨ་ཕའི་རོ་གོག་དེ་མི་ཡུལ་ཞིག་ཏུ་འཇོག་པར་མི་དགའ།

 

ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ད་ལྟ་ཨ་ཕ་གསོན་ཡོད་པའི་སྐབས་སུའང།
རང་གི་སྐྱེ་ས་འཚར་ཡུལ། རྩེད་ཡུལ་དགོད་ཡུལ།
ཕ་ས་ལུག་གི་བྲང་མགོ་འདྲ་བ་དེར་འགྲོ་བའི་རང་དབང་མི་འདུག
ད་ཕལ་ཆེར་ཤི་དུས་སུ་རོ་ཡང་ཕ་ཡུལ་དུ་འཁྱེར་ཐུབ་རྒྱུ་མ་རེད།

 

ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ཨ་ཕ་ཤི་དུས་སུ། ཨ་ཕའི་རོ་ཁྱེར་ལ།

ལ་དྭགས། འབྲས་ལྗོངས། ཡང་ན་འབྲུག་ཁོངས་ཀྱི་བོད་ཀྱི་ས་མཚམས་ཤིག་ཏུ་ཁྱེར་ལ།
ཨ་ཕའི་རོ་བྱ་རྒོད་ལ་ཟ་ཆུག
ཨ་ཕའི་རོ་ཤ་ཏི་ཀ་དང་ཀོ་ཏི་ཀ་བྱོས་ལ་བྱ་རྒོད་ལ་ཟ་ཆུག
ཨ་ཕའི་རུས་གོག་རྡོ་བར་ལ་བརྡུངས་ཏེ་ཞིབ་ཞིབ་བཟོས་ནས་བྱ་རྒོད་ལ་ཟ་ཆུག
ཁྱེད་ཚོས་གདོང་པར་ཁྲག་མི་འཐོར་བའི་ཆེད།
ཕྱེ་སྐྱ་ཐོབས་ཀྱ་ཐོབས་ཀྱི་རྡོ་བར་ལ་རྡུངས།
སྙིང་རྗེ། བྱ་རྒོད་ལྟོགས་པ་དེ་ཚོས་ཨ་ཕ་ཟོས་ནས་ཁོ་ཚོའི་གྲོད་ཁོག་བརྒྱགས་སོང་ན།
ཨ་ཕ་ཤི་རྗེས་ཀྱི་རྣམ་ཤེས་ལ་ཕན་ནི་རེད།

ཁྱེད་ཚོ་དེ་ལ་ཞེད་སྣང་བྱེད་དགོས་དོན་ཡོད་པ་མ་རེད།
ཨ་ཕའི་རྣམ་ཤེས་ཀྱི་འགྲུལ་བཞུད་རིང་མོའི་ཁྲོད།
ཨ་ཕའི་ལུས་པོ་འདི་ནི་དགོང་མ་གཅིག་ལ་ཞག་སྡོད་བྱེད་སའི་སྤྱིལ་ཁང་ཧྲལ་ཧྲུལ་ཞིག་ལས་ཅི་ཡང་མིན།


ཤི་ཚར་དུས་ཤི་ཚར་བ་རེད།
རོ་ངན་གོས་ཆེན་གྱིས་གཡོགས་པ་དང་རོ་སྒམ་རྩ་ཆེན་ཉོ་བ་དེ་འདྲ་བྱས་ནས་ལྐུགས་རྟགས་མ་སྟོན།
དེ་ནི་མགྲོན་པོ་ཕྱིན་ཚར་རྗེས་སྤྱིལ་ཁང་ལ་མཛེས་རྒྱན་སྤྲས་པ་ལྟ་བུ་རེད།

 

དུར་ལས་བྱེད་སྟངས་འདི་ཨ་ཕའི་ཕ་ཡུལ་གྱི་དུར་ལས་བྱེད་སྟངས་རེད།
འདི་ནི་ཨ་ཕ་ཆེས་དགའ་བའི་དུར་ལས་བྱེད་སྟངས་ཤིག་ཀྱང་རེད།
འདི་ནི་ཆེས་གདོད་མའི་དུར་ལས་བྱེད་སྟངས་ཤིག་རེད།
འདི་ནི་ཆེས་རང་བྱུང་གི་དུར་ལས་བྱེད་སྟངས་ཤིག་རེད།
འདི་ནི་ཆེས་སྟབས་བདེ་ཡིན་པའི་དུར་ལས་བྱེད་སྟངས་ཤིག་རེད།
འདི་ནི་ཆེས་རྗེས་གཙང་གི་དུར་ལས་བྱེད་སྟངས་ཤིག་རེད།

 

ཨ་ཕས་ཁ་ཆེམས་བཞག་ཚར་རྗེས།
མིག་གཅིག་གི་ནང་ནས་དྭངས་ཤིང་གཙང་བའི་མིག་ཆུ་ར་ཡའི་མ་ཞིག་མར་དྲུད་ཡོང་།
དེ་ནས། ཨ་ཕ་ཁ་རྡ་དྲ་ཚིགས་ནང་འཛུལ་ཏེ་གང་ཞིག་འབྲི་བཞིན་འདུག
འབྲི་བཞིན་འབྲི་བཞིན་ཨ་ཕ་དངོས་གནས་ཤི་སོང་།
ཨ་ཕ་ལ་བོད་ཀྱི་ས་མཚམས་ཤིག་ཏུ་རོ་ལས་བྱེད་བཞིན་འདུག
ཨ་ཕའི་ངོ་ཤེས་གྲོགས་པོ་ཚང་མས་ཨ་ཕའི་ཆེད་དུ་བོད་ཕྱི་ནང་ཀུན་ཏུ་མ་ཎི་འདོན་བཞིན་འདུག
ཨ་ཕའི་རོ་ལས་བྱེད་ས་ན་གྲྭ་བ་ཁ་ཤས་ཀྱིས།
མར་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་ངག་གི་དབྱངས་རྟ་ལ་དྲངས་ནས་ཨ་ཕས་འདོན་མི་ཤེས་པ་མང་པོ་ཞིག་འདོད་བཞིན་འདུག


དར་ཅིག་གི་རིང་ལ། ནམ་མཁའི་སྤྲིན་རུམ་ནས་བྱ་རྒོད་མང་པོ་གཤོག་འགྱུར་རྒྱག་བཞིན་ཡོང་སྟེ
ཨ་ཕ་ཟོས་ཚར་། ཨ་ཕའི་ཀླད་ཞོ་ཡང་མཆུ་གཙགས་རྒྱག་བཞིན་རྒྱག་བཞིན་ཟོས་ཚར།
ཨ་ཕའི་ཐོད་པུར་གཅིག་པོ་ལས་ཤུལ་དུ་ཅི་ཡང་ལྷག་མི་འདུག

བྱ་རྒོད་རྣམས་གྲོད་ཁོག་བརྒྱགས་རྗེས་ཁ་བོད་ཕྱོགས་སུ་འཁོར་ནས་འཕུར་མགོ་བརྩམས།
ཨ་ཕའི་ཤ་རུས་ཁྲག་གསུམ་བྱ་རྒོད་ཚོས་ཁྱེར་ཏེ་ནམ་མཁའི་དབྱིངས་སུ་ལྡིང་།
ནག་རིབ་རིབ། ནག་རིབ་རིབ་བོད་ཕྱོགས་སུ་འཕུར་ཏེ་རྒྱང་རིང་རྒྱང་རིང་དུ་ཡལ།
ཨ་ཕའི་རྣམ་ཤེས་ཀྱང་བྱ་རྒོད་ཀྱི་ཁྱུ་རུ་འདྲེས་ཏེ་བོད་ཕྱོགས་སུ་འཕུར།
མཚམས་རེ་མཐོང་ལ་མཚམས་རེ་མི་མཐོང་། མཚམས་རེར་དངོས་སུ་བྱ་རྒོད་ཅིག་འདྲ།

 

ཨ་ཕ་ཤི་རྗེས་ཀྱི་ལོ་གཅིག་གི་རྗེས།
བོད་ནང་གི་འབྲོག་ཁུལ་ཞིག་ཏུ་བྱིས་པ་ཞིག་སྐྱེས་འདུག
བྱིས་པ་དེའི་བྲང་ངོས་སུ།
རྒྱ་མི་བོད་ནས་ཕར་རྒྱུགས་ཤིག ཅེས་ཡིག་འབྲུ་གསལ་ལ་མ་གསལ་བ་ཞིག་ཡོད་འདུག
མི་ཚང་མ་ཡ་མཚན་པར་གྱུར།
གཅིག་གིས་འདི་བླ་མ་ཞིག་གི་རྣམ་ཤེས་མིན་ན་ཟེར་བ་དང་།
ཏག་ཏག་བྱིས་པ་དེས་མིག་ཕྱེས་པར་གྱུར།
མིག་གིས་དཀར་ལོག་ཅིག་བྱས་ཏེ་ངུ་མགོ་བཙུགས།


ཨ་ཕའི་ལོ་གསུམ་ཅན་གྱི་བྱིས་པ་དེས་ངུ་ངག་ཅིག་གིས་ཨ་ཕ་ཤི་བ་ལས་སླར་སོས་པར་གྱུར།
ཨ་ཕས་འབྲི་མཚམས་འཇོག་དགོས་བྱུང་།ཨ་ཕའི་མིག་མཐར་ཡང་སྐྱར་མཆི་མ་ཞིག་འཁོར་འདུག།

 

སྙན་ངག

 

སྙན་ངག ངའི་ཡ་ཁོག་ན་ལྷོག་ལྷོག་ལྡིང་བཞིན་པའི་སྙིང་གི་འཕར་སྒྲ་ཡིན།
སྙན་ངག མོའི་རྩ་ལམ་ན་དལ་མེད་རྒྱུགས་བཞིན་པའི་ཟུངས་ཁྲག་ཁོལ་མ་རེད།
སྙན་ངག ཁྱེད་ཀྱི་ཁ་སྣ་ནས་ཐོལ་ཐོལ་གཏོང་བཞིན་པའི་དབུགས་ཀྱི་འབྱིན་རྔུབ་རེད།
སྙན་ངག ང་ཚོའི་ནང་གི་དུངས་བ་གསལ་བྱེད་ཡ་ཐོད་ཀྱི་སྤྱན་མིག་རེད།

སྙན་ངག ཨ་མའི་སེམས་གཅོང་གི་ན་ཚ་གསོ་བྱེད་རིན་ཆེན་རིལ་བུ་རེད།
སྙན་ངག གསར་སྐྱེས་ཀྱི་གཞོན་ནུ་ཚོའི་མི་ཚེའི་གསོན་ཤུགས་རེད།
སྙན་ངག དུས་ཚོད་ཀྱིས་རྒས་རྒྱུ་མེད་པའི་གནའ་བོའི་གླུ་གཞས་རེད།

སྙན་ངག དགྲ་ལ་ཐུག་ན་རྣོན་པོའི་མཚོན་ཆ་ཡིན།
སྙན་ངག གྲོགས་ལ་ཐུག་ན་སྒྱུ་རྩལ་གྱི་ལག་རྟགས་ཡིན།
སྙན་ངག མཛའ་མོར་ཐུག་ན་བཅོས་མེད་ཀྱི་བརྩེ་དུངས་ཡིན།
སྙན་ངག བླ་མར་མཇལ་ན་དད་མོས་ཀྱི་འདོན་དབྱངས་ཡིན།

སྙན་ངག བལྟས་ན་མིག་དབང་འཕྲོག་པའི་མཛེས་མ་ཞིག
སྙན་ངག ཉན་ན་སྙན་དབང་གསོ་བའི་གཞས་མ་ཞིག
སྙན་ངག མྱངས་ན་སྒྱུ་རྩལ་རྫོགས་པའི་གཡེམ་མ་ཞིག
སྙན་ངག བསྣམས་ན་པད་མ་ཅན་བཞིན་ཞིམ་པ་ཞིག
སྙན་ངག རེག་ན་འདོད་པ་ཉམས་སུ་མྱོངས་འདྲ་ཞིག

སྙན་ངག བུ་མོ་གཅེར་རུ་ལྟ་བུའི་མཛེས་པ་ཞིག
སྙན་ངག གཅེར་རུའི་ནུ་མ་ལྟ་བུའི་འབུར་བྲིས་ཤིག
སྙན་ངག འབུར་བྲིས་འབུར་འབུར་འགུལ་རྒྱུ་ཡོད་པ་ཞིག

༢ སྙན་ངག་མེད་ན།

སྙན་ངག་མེད་ན་རྣམ་འགྱུར་མེད་པའི་ངོ་གདོང་འདྲ།།
སྙན་ངག་མེད་ན་སྲོག་གིས་མ་བཟུང་བེམ་རོ་འདྲ།།

སྙན་ངག་མེད་ན་སྐྱེ་དངོས་མེད་པའི་བྱེ་ཐང་འདྲ།།
སྙན་ངག་མེད་ན་བྱེ་ཐང་ནང་གི་རྔ་མོང་འདྲ།།

སྙན་ངག་མེད་ན་བྲོ་བ་མེད་པའི་ཟ་མ་འདྲ།།
སྙན་ངག་མེད་ན་དབྱངས་རྟ་མེད་པའི་འཚོ་བ་འདྲ།།

སྙན་ངག་མེད་ན་དགའ་རོགས་མེད་པའི་མི་ཧྲེང་འདྲ།།
སྙན་ངག་མེད་ན་གོ་རྒས་བུ་མོ་གོ་མེད་འདྲ།།

སྙན་ངག་མེད་ན་སེའུ་བཅུ་བའི་ངག་དང་འདྲ།།
སྙན་ངག་མེད་ན་མི་རྒན་འཆོལ་བའི་འཆོལ་གཏམ་འདྲ།།

སྙན་ངག་མེད་ན་སྒྱུ་རྩལ་མེད་པ་ཡིན།།
སྒྱུ་རྩལ་་མེད་ན་གང་ཡང་མེད་པ་ཡིན།།

སྙན་ངག་མེད་ན་ཡིད་སེམས་སྟོང་པ་ཡིན།།
ཡིད་སེམས་སྟོང་ན་འཇིག་རྟེན་སྟོང་པ་ཡིན།

 

སྙན་ངག་ཁེར་རྐྱ་མ།

 

          ཉི་མ།

དགུང་གི་ཉི་མ་སེར་བོའི་ཞལ་རས་དམར་ནག་ཆགས་ཤིང་ཉི་དུག་མདའ་རྣོན་ཨོ་ཛོན་བརྒྱུད་ནས་འཕྲོས་བྱུང་མི་ཡི་འགྲོ་བས་རྫས་དུག་ངན་པས་ཡང་ཡང་བདུག་པས་དགོངས་ཚོམ་བྱུང་བ་མིན་ནམ་ང་ལ་ཐེ་ཚོམ་དྲ་བས་བཅིངས།
          ཟླ་བ།

བཅོ་ལྔའི་ལྷ་ཟླ་དཀར་པོའི་ཞལ་ཁྱིམ་རྫས་དུད་ངན་པས་སྦགས་པས་སེམས་པ་སྐྱོ་སྐྱོ་བྱུང་འདྲ་ནོར་འཛིན་བདག་པོར་འཛུམ་དཀར་འཕེན་ལ་དང་ལྷོད་ཡང་ཡང་འཆོར་གི་ཨ་ཁ་ཁ།
          སྐར་མ།

ནམ་མཁའི་སྐར་ཚོགས་ཁྲ་མོར་དུག་རླངས་ཕོག་ནས་བཟི་འཐོམས་བྱུང་འདྲ་གསལ་ལ་མི་གསལ་འོད་ཟེར་ཟ་མ་ཟི་ཞིག་སྤྲོ་འདིར་ལེ་བདའ་བྱེད་ས་གཞན་ཞིག་ཡོད་མེད་ངས་མི་ཤེས།
          སྤྲིན་པ།

ས་ཡི་རྫས་ངན་མ་ལུས་འཇིབས་པས་ལོས་ཡིན་ནམ་མཁའི་སྤྲིན་པ་དཀར་པོ་ནག་པོར་གྱུར་ཅིང་ལྗིད་ཀྱིས་ནོན་འདྲ་གོམ་པ་ག་ལེར་ག་ལེར་མཁའ་ན་སྒྱུར་བ་གླང་ཆེན་ཆད་པ་ཞིག་དང་འདྲ་ལ་ཁད།
          ཆར་བ།

སྦྲང་ཆར་བསིལ་མ་ཟེར་ཡང་ཁྲེལ་གཞུང་མི་འདུག་ཞིང་པ་མགོན་པོ་རྒྱལ་གྱིས་སྒུག་སྒུག་མཐའ་ལ་དུག་ཆར་དྲག་པོ་གཅིག་གིས་ལོ་ཏོག་མ་ལུས་བཅོམ་སོང་ལོ་གཅིག་ཡོང་སྒོ་བརླགས་སོང་སྙིང་རེ་རྗེ།
          རླུང་།

ཡུན་རིང་མི་ཡི་ཡུལ་ནས་སྒུག་མཐར་བསིལ་ལྡན་ལྗོངས་ཀྱི་བསིལ་རླུང་རྔུབ་པའི་གོ་སྐབས་ཐོབ་འདི་དགའ་དགོས་མོད་ཀྱང་དགའ་རྒྱུ་མི་འདུག་མིད་ཐག་ཕྲ་མོར་ན་ཟུག་བསླངས་སོང་ལུད་པ་ནག་པོ་འཕེན་དགོས་བྱུང་།
          གངས་རི།

བསྐལ་བར་ཆགས་པའི་ལྷོ་དང་བྱང་སྣེའི་འཁྱགས་རོམ་དང་ནི་སྲིད་པའི་གངས་རྒན་མིག་ཆུ་ཁྲུམ་ཁྲུམ་བཞུར་བཞིན་བཞུ་མགོ་རྩོམ་ཡང་དེ་ལ་ཨ་ལན་ཨང་ལན་མེད་འདི་ཅི་ཞིག་ཡིན་ནམ་སུ་ཡིས་ང་ལ་དྲི་ལན་ལྡོན།
          རྫ་རི།

རྫ་རི་སྨུག་པོ་དག་གི་མགུལ་བ་བཅད་ཅིང་ལྟོ་བ་དབྲལ་ནས་གཏེལ་ཤ་འཁོར་ལོ་བྱས་འདུག་རྔ་བར་ཞི་རྒོལ་ལངས་སྐབས་བསད་པའི་དཔའ་བོ་རྣམས་ཀྱི་བེམ་པོ་དག་དང་མཚུངས་པ་ཨང་།
          ཆུ་བོ།

གངས་ཅན་ལྗོངས་ཀྱི་ཡན་ལག་བརྒྱད་ལྡན་གཙང་ཆབ་སྔོན་མོ་འཐུང་དུ་ཕྱིན་ཡང་འཐུང་ས་མ་སོང་རྫས་ངན་བརྒྱ་ཡིས་བསླད་ནས་ཡོད་གི་སྐྱོ་བའི་གླུ་ཞིག་ལེན་དགོས་བྱུང་བར་དགོངས་སེལ་ཞུ།
          མི

ཨ་ཞང་འཇའ་ཅོར་མཆིན་ནད་འདུག་ཟེར་ཨ་ཅེ་སྒྲོལ་པེར་སྙིང་གི་ནད་འདུག་ཕལ་ཆེར་ཞིག་ལ་ཕོ་ཁའི་ནད་འདུག་ང་ཡི་གཉེན་ཉེའི་ཕྱེད་ཀ་ནད་ཀྱིས་བཟུང་འདུག་སྨན་པ་མཁས་པ་འཚོལ་དུ་གང་ལ་འགྲོ།

 

 


 

 

ངའི་སྙན་ངག་གི་མེ་ལྕེ་དམར་ལྷབ་ལྷུབ་འབར་བྱུང་།


    ཡོས་ལོར་མེ་ལྕེ་དམར་ལྷབ་ལྷུབ་འབར་བྱུང་། གཅིག་འཕྲོར་གཅིག་བྱས་ནས་དམར་ལྷབ་ལྷུབ་དགུང་ལ་མཆེད། དམར་ལྷབ་ལྷུབ་ཀྱི་མེ་ལྕེ་རེ་རེའི་ནང་དུ་གང་ཞིག་འགུལ་གྱིན་པ་མ་མཐོང་ངམ། ཨོ། མེ་ལྕེ་དེ་དག་ནི་མེ་ལྕེ་ཙམ་མིན་ཏེ་རྣམ་ཤེས་ཅན་གྱི་མེ་ལྕེ་རྐྱང་རེད། མེ་ལྕེ་དེ་དག་ནི་སུ་ཞིག་གི་སྤྲུལ་བ་ཡིན་ངེས། མེ་ལྕེ་དེ་དག་ལ་ཐོག་མའི་རྒྱུན་ཞིག་ཡོད་ངེས།དེས་ན། མེ་ལྕེ་དེ་དག་གི་རྒྱུན་ཆད་པ་མེད་པར་གཅིག་ནས་གཅིག་ཏུ་མཆེད་རྒྱུ་ཡིན་པ་སུ་ཡིས་རྟོགས་མི་འགྱུར།

    ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་ཏུ་མཆེད། ཡོས་ལོའི་མེ་ལྕེས་འབྲུག་ལོའི་ཁ་སྤུ་གཞོབ།མེ་ལྕེ་རེ་རེའི་ནང་དུ་གང་ཞིག་འགུལ་གྱིན་པ་མི་མཐོང་ངམ།ཆེས་མུན་ནག་ཡིན་པའི་ཁོར་ཡུག་ཏུ་མེ་ལྕེར་སྤྲུལ་མཁན་བྱང་ཆུབ་སེམས་དཔའ་ཁྱེད་ཚོ་སུ་ཞིག་ཡིན། ཆེས་གྲང་ངར་ཡིན་པའི་མཐོ་སྒང་དུ་མེ་ལྕེར་སྤྲུལ་མཁན་གཞན་ཕན་ཅན་ཁྱེད་ཚོ་གང་ནས་ཡོང་། གཞན་དབང་བཙན་པོའི་སྡུག་བསྔལ་འོག་མནར་གཅོད་མྱོང་བཞིན་པ་དག་གི་ཆེད། རང་སྲོག་འདོར་བ་ལ་ཕངས་སེམས་རྟ་རྔ་ཙམ་མེད་པའི་དཔའ་བོ་ཁྱེད་ཚོ་སུ་ཡི་དཔུང་དམག་ཡིན།

    ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར། ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་བོད་ཡུལ་གང་སར་མཆེད། མེ་ལྕེ་རེ་རེའི་ནང་དུ་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ། མུན་ནག་ནང་དུ་འོད་ཀྱི་སྣང་བ་སྤྲོས། ཞ་ར་རྣམས་ཀྱིས་ཀྱང་མཐོང་བའི་སྣང་བ། བདེན་པ།གྲང་ངར་ཁྲོད་དུ་དྲོད་ཀྱི་བདེ་བ་སྦྱིན། མནར་གཅོད་ཀྱིས་སེམས་འཚོ་མི་ཟིན་པ་དག་གིས་ཀྱང་ཚོར་ཐུབ་པའི་བདེ་དྲོད། རེ་བ།གཉའ་གནོན་མཁན་ལ་རྒོལ་བའི་ལམ་སྣེ་བསྟན། ཞུམ་པ་རྣམས་ཀྱང་བློ་སྤོབས་སྙིང་སྟོབས་རྙེད། བློས་གཏོང་།

    ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར། ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་དུ་མཆེད། མེ་ལྕེ་རེ་རེའི་ནང་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ།ངས་ནུབ་མོ་རེ་རེ་བཞིན། ནམ་མཁའི་དབྱིངས་སུ། ཁེ་རེར། ཁུ་སིམ་མེར་འཛམ་བུ་གླིང་ལ་བལྟས་བསྡད་ཡོད་པའི་དཀར་བསིལ་གྱི་ཟླ་བ་དང་ཟླ་ངོགས་ཀྱི་རི་བོང་གཟུགས་ལ་ཅེར། རི་བོང་བྱང་ཆུབ་སེམས་དཔའི་རླབས་ཆེ་བའི་བྱུང་བ་དྲན། རི་བོང་བྱང་ཆུབ་སེམས་དཔས་རང་ལུས་གཞན་ལ་སྦྱིན་ཆེད།ལྷ་དབང་གིས་སྤྲུལ་བའི་མེ་དཔུང་ནང་མཆོངས་ཏེ་འདས་པའི་རླབས་ཆེ་བའི་གཏམ་རྒྱུད་དེ་དྲན། ནམ་མཁའི་ཟླ་བ་ཁེར་ཆད་དེའི་ཐོག་ན། རི་བོང་བློ་ལྡན་གྱིས་ནམ་ཡིན་ན་ང་ཚོའི་མི་ཡུལ་ལ་གཟིགས་འདུག་ཨང་། གནམ་རྒན་མས་མྱིག་གིས་མི་རིག་པའི་མུན་ནག་དང་གྲང་ངར་ཅན་གྱི་ཁ་ཁུག་གི་ས་དེ་དག་ཀྱང་རི་བོང་བྱང་ཆུབ་སེམས་དཔས་རིག་ནས་འདུག་ཨང་།

     ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར། ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་དུ་མཆེད། མེ་ལྕེ་རེ་རེའི་ནང་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ། ང་ཡིས་མུ་མཐུད་འོད་ཀྱི་གོ་དོན་དང་ནི་རིན་ཐང་འཚོལ་ཕྱིར་བསམ་ཞིང་རྟོག སྲིན་བུ་མེ་ཁྱེར་མེ་སྟག་ཚུབ་ཚུབ་འཕྲོ་བཞིན་མུན་སྨག་མཁའ་ན་རང་དབང་འཕུར་སྐྱོད་བྱེད་འདིས་ཅི་ཞིག་སྟོན། ཕྱེ་ལེབ་མེ་ལྕེབས་མེ་ཡི་དྲོད་སྣང་རོལ་ཕྱིར་གཤོག་ཟུང་ཚིག་ཀྱང་ཡ་མི་ང་འདི་ཅི་ཡི་ཕྱིར། ཨ་མས་དགོང་རེར་ཕུགས་སུ་མཆོད་མེ་འབུལ་ཞིང་སྨོན་ལམ་རྫོགས་མཐའ་མེད་འདིས་ཅི་ཞིག་རེ།ང་ཡང་ཕྱི་ལ་བུད་ནས་མེ་ལྕེ་སྦར་ཞིང་བསང་ཞིག་གཏོང་དགོས་ཡོད་དོ་དེ་ལ་དེ་ཡི་དོན་སྙིང་ཡོད།

      ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར། ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་དུ་མཆེད། མེ་ལྕེ་རེ་རེའི་ནང་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ། ཁྱེད་ཚོ་སྲོག་ཏུ་ཞུགས་པའི་རྒྱུ་མཚན་གྱིས་ངའི་སྙན་ངག་ཀྱང་དམར་ལྷབ་ལྷུབ་འབར་བྱུང་།ཡིག་འབྲུ་རེ་རེ། གུག་གི་ཞབས་ཀྱུ། མགོ་ཅན་འདོགས་ཅན། ཚེག་དང་ཤད་རེ་རེར་མེ་ལྕེ་མཆེད་བྱུང་། བསང་མྱེ་དམར་ལྷབ་ལྷུབ་དགུང་ལ་མཆེད། ངའི་བསང་འབོད་ཀྱང་དམར་ལྷབ་ལྷུབ་འབར་བཞིན་པའི་རང་གི་སྙན་ངག་འདི་ཁོ་ན་ཡིན། གྲང་ལྷག་མུན་པའི་སྲིད་ནག་བསྲེག་པར་ཤོག གཞན་དབང་སྡུག་བསྔལ་རྩ་ནས་འཚིག་པར་ཤོག རང་དབང་བདེ་སྐྱིད་སྣང་བ་རྒྱས་པར་ཤོག འགྲོ་ཀུན་ཞི་བདེའི་དཔལ་ལ་རོལ་བར་ཤོག།

 

ནམ་ཡང་སེམས་ནས་བརྗེད་ཐབས་མེད་པའི་གླུ་ཞིག 

 

       འདིར་སྔོན་མ་ཞིག་ནས་ད་བར་ངའི་ཕ་ཡུལ་དུ་བླངས་དང་ལེན་བཞིན་པའི་གླུ་ཞིག་དང་དེ་ལས་འཕྲོས་པའི་བསམ་གཞིགས་འགའ་ཞུ་འདོད་བྱུང་།  གླུ་འདི་ང་རང་ཆུང་བའི་སྐབས་སུའང་ཡང་ཡང་ལེན་མྱོང་།  ལོ་འགའ་ཤས་ཀྱི་སྔོན་དུ་ཕ་ཡུལ་ལ་ལྟ་སྐོར་ཕྱིན་པ་ཡིན། དེ་སྐབས་བཟའ་གོ་ར་གང་བོ་ངོ་འཛོམས་པས་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་གླུ་ལེན་གར་རྩེད་ལ་རོལ་བ་ཡིན།  གླུ་ལེན་གར་རྩེད་ཀྱི་མཇུག་ཏུ།  ཡུལ་གྱི་གོམས་སྲོལ་ལྟར་ངའི་ཚ་མོ་ཆུང་ཆུང་ཞིག་གིས་ལག་པར་ཁ་བཏགས་ཤིག་བཟུང་ཞིང་། ལག་གཡས་པས་འགྲམ་པ་གཡས་པ་སྐྱོར་ཙམ་བྱས་ནས་།  

          རྟ་ལྷས་གོར་མོ་རྟ་གིས་གང་།། རྟ་སྔོན་མ་གཤར་ནས་རྐྱང་ལ་འདྲེས།། རྟ་རྗེས་མ་ད་རུང་ཤུལ་ན་ཡོད།། གཡང་འདི་ཚོ་མི་འབྲལ་བཀྲ་ཤིས་འཇོག། ཟོག་ལྷས་གོར་མོ་ཟོག་གིས་གང་།། ཟོག་སྔོན་མ་གཤར་ནས་འབྲོང་ལ་འདྲེས།། ཟོག་གཞུག་མ་ད་རུང་ལྷས་ན་ཡོད།། གཡང་འདི་ཚོ་མི་འབྲལ་བཀྲ་ཤིས་འཇོག། ལུག་ལྷས་གོར་མོ་ལུག་གིས་གང་།། ལུག་སྔོན་མ་གཤར་ནས་དགོ་ལ་འདྲེས།། ལུག་གཞུག་མ་ད་རུང་ལྷས་ན་ཡོད།། གཡང་འདི་ཚོ་མི་འབྲལ་བཀྲ་ཤིས་འཇོག 

          ཅེས་བཀྲ་ཤིས་འཇོག་པའི་གླུ་འདི་ངག་གི་དབྱངས་རྟ་ལ་གྱེར་བྱུང་བས། ངའི་མིག་ཀོང་གཉིས་ནས་རང་བཞིན་གྱིས་མཆི་མ་རྡོག་པོ་འགའ་འགྲམ་པའི་མཁུར་མགོ་བརྒྱུད་ནས་མར་ས་ལ་འགྲིལ་བཅུག་པ་མ་ཟད་གླུ་འདིས་ང་དར་ཅིག་ལ་བསམ་གཞིགས་ཤིག་ནང་གཡུགས།

     གླུ་འདི་ཐོག་མ་ཞིག་ནས་དར་ཡོང་བ་ཡིན་པ་གདོན་མི་ཟ། དེ་ཡང་དངོས་ཡོད་འཚོ་བ་ཞིག་གི་འདྲ་བཤུས་ཡིན་ངེས། དེ་ཡང་སྒོ་ཕྱུགས་དང་རི་དྭགས་འདྲེས་བསྡད་ཡོད་པའི་གནའ་སྔ་མོའི་རང་བྱུང་གི་མཛེས་སྡུག་ཅིག་ནས་བརྒྱུད་ཡོང་བ་འདྲ།  དེ་ཡང་མི་དང་རང་བྱུང་ལ་དབྱེ་བ་མེད་པར་འདྲེས་བསྡད་ཡོད་པའི་སྐབས་ཤིག་ནས་བྱུང་བར་སེམས།  ཡིན་ན་ཡང་། ད་ལྟ་འདི་ཅི་འདྲའི་དངོས་ཡོད་དང་མི་འཚམས་པ་ཞིག

          ང་ལ་དུངས་སྣང་ལྷང་ལྷང་བ་ཞིག་གིས་བསྐུལ་ནས་་ལམ་སང་སྒོ་ལ་བུད་པ་ཡིན། ཡར་བཙན་མགོན་ནོར་བུ་དགྲ་འདུལ་གྱི་་རི་ངོས་་སུ་ཅུང་ཟད་ཕྱིན་ནས་ཕྱོགས་བཞིར་རྒྱང་ལྟ་ཞིག་བྱས་པས་གང་སར་་ལྕགས་ཀྱི་དྲ་བས་སྦྲེལ་འདུག གླུ་ཚིག་ནང་གི་རྐྱང་དང་འབྲོང་དགོ་བ་ཟེར་བ་དེ་ཚོ་མཐོང་ཡུལ་ན་མེད་པ་དེ་ཕལ་ཆེར་བཤད་མ་དགོས་པ་རེད།  ངའི་སེམས་ལ་་རི་དྭགས་དེ་དག་ལྷ་སྒྲུང་གང་ཞིག་གི་ནང་གི་ཡིན་པ་ལྟ་བུའི་ཚོར་སྣང་་ཞིག་བྱུང་ལ་སེམས་པ་ཡང་སྟོང་སངས་སེ་ཕྱིན། གཤམ་འོག་ཏུ་ཁུང་བུ་ཁ་ཤས་ཡོད་པ་དེ་ལས་འཕྱི་བ་ཁ་ཤས་ཁུང་སྒོ་ནས་ཀེག་གིས་ལངས་ཏེ་ ཀུ་ལོག ཀུ་ལོག་ཅེས་སྐད་རྒྱག་བཞིན་པ་དེས། ངེད་ཚོ་འཕྱི་བ་ཚོ་ད་རུང་ཤུལ་ཆད་མེད། ངེད་ཚོ་བསོད་ནམས་ཆེན་པོ་ཡིན་ཟེར་ནས་ངོམ་སོ་བྱེད་པ་དང་གཉིས་སུ་མ་མཆིས།

      ངས་གཡས་གཡོན་མདུན་རྒྱབ་ཀྱི་ཡུལ་ལྗོངས་ལ་མུ་མཐུད་ཞིབ་ལྟ་བྱས། ཕར་ཕྱོགས་སྤང་ངོས་སུ་གཡང་དཀར་གྱི་ལུག་ཁྱུ་རྩྭ་ལ་རོལ་བཞིན་པ་ནི་རྡེའུ་དཀར་ས་ལ་བཀྲམ་པ་འདྲ་ཞིང་།  ཚུར་ཕྱོགས་རྫ་ངོགས་སུ་ཅི་བདེར་གནས་པའི་ནོར་ནག་གི་ཁྱུ་ཡང་ཕལ་ཆེར་རི་ངོས་སུ་འབྱར་ཡོད་པ་དང་ཀུན་ནས་མཚུངས་པ་དེའི་མཛེས་ཉམས་ཀྱིས་ང་ལ་དགའ་སྣང་ཞིག་རང་བཞིན་གྱིས་སླེབས་ཤིང་ཆུང་བྱིས་པའི་དུས་ལ་དྲན་གསོ་ཐེངས་ཤིག་བཏང་།  

          དེ་ནས་ངའི་དོ་སྣང་གློ་བུར་དུ་མར་དྲངས། མར་ལུང་མདོ་ནས་ཡར་ལམ་ཁ་མཐོང་ལ་མ་མཐོང་བ་ཞིག་སྐྱ་ཤར་རེ་བྱེད་པ་དེའི་སྣེ་ནས་ཡར་སྦག་སྦག་ཞོན་པ་འགའ་གཅིག་འཕྲོ་གཅིག་གིས་དེད་ནས་ས་རྡུལ་རྗེས་སུ་བསླངས་ཤིང་དུད་ནག་གནམ་ལ་གཏོར་བཞིན་ཡར་ངེད་ཚང་གཟས་ནས་རྒྱུག་ཡོང་གི་ཡོད་པ་མཐོང་བ་དང་ངའི་ཉེ་འཁྲིས་སུ་རྟ་རྒོད་མ་མ་བུ་གསུམ་ད་ཅི་ནས་གྲོད་ཁོག་བརྒྱགས་པ་ཡིན་ནམ་ཡང་ན་སུན་སྣང་གིས་མནར་བ་གང་ཡིན་མི་ཤེས་པར་གཟར་བསྡད་ཡོད་པ་དེ་ཚོའི་གྲངས་འབོར་དང་མ་གི་སྦག་སྦག་བར་འབྲེལ་བ་ཞིག་ཡོད་པ་གཞི་ནས་ཚོར།

          ཡང་། ཕར་ཕྱོགས་ཀྱི་ནོར་འཛིན་བུ་མོའི་ཕང་བར་ས་གཤགས་རྡོ་གཤགས་བྱས་འདུག་པ་དེས་ཉིན་འདི་འགའི་རིང་གི་ངའི་འདོད་པའི་རྩེད་མོ་རྩེད་རོགས་ཀྱི་ཨ་ཅེ་རྒྱ་མོ་དེ་ཚོའི་བུ་གུ་གཤགས་ལེན་བྱས་པའི་གྲོད་ཁོག་གི་རྨ་ཤུལ་དག་མིག་ལ་ཤར་བཅུག ཡུལ་ལྗོངས་ཧྲལ་ཧྲིལ་འདིར་ངས་མུ་མཐུད་ལྟ་འདོད་མ་བྱུང་ལ། མཁའ་དབུགས་ལྗན་ལྗིན་དག་ངས་མུ་མཐུད་རྔུབ་འདོད་མ་སྐྱེས། དེ་ནས་ང་ནང་དུ་ཕྱིན།

          ནང་དུ་སླེབས་རྗེས་ངེད་ཚོས་རི་དྭགས་ཀྱི་སྐོར་ཁ་བརྡ་བྱས་པ་ཡིན། ཁོང་ཚོས་བརྗོད་ན། ད་གང་ས་གང་ལ་ལྕགས་ར་བརྒྱབས་ནས་རི་དྭགས་གཅིག་ཀྱང་ཡོད་མ་རེད་ཟེར། སྤྱང་ཀི་མང་པོ་ཡོད་རེད། དེ་ཚོ་ལྕགས་རས་ཀྱང་མི་ཁོག་གི་ཟེར། དེ་ནས་ད་ཅི་གླུ་ལེན་མཁན་གྱི་ངའི་ཚ་མོ་ཆུང་ཆུང་དེར་ཁ་བརྡ་བྱས་པ་ཡིན། མོས་རྐྱང་དང་འབྲོང་། དགོ་བ་གཞན་པའི་རི་དྭགས་མང་པོ་ཞིག་རྩ་ནས་མཐོང་མྱོང་མི་འདུག

          ཡིན་ན་ཡང་དངོས་ཡོད་དང་རྒྱང་ཐག་རིང་བོར་ཕྱིན་པའི་གླུ་འདི་ད་རུང་འབྲོག་ཁུལ་དུ་ལེན་བཞིན་འདུག གླུ་འདི་ང་ཕ་ཡུལ་དང་བྲལ་ཁར་ཡང་ངའི་རྣ་ལམ་ན་ལྷང་ལྷང་གྲག་བཞིན་འདུག ང་ཚུར་སླེབས་ནས་ཀྱང་ད་རུང་ངའི་རྣ་ལམ་ན་ལྷང་ལྷང་གྲག་བཞིན་འདུག

          ང་ཡི་རྣ་བ་དང་དགོ་བ། རྐྱང་ཁྱུ་དང་འབྲོང་ཁྱུ་རྣམས་གང་ཞིག་ལ་ཞོགས་སོང་། ང་ཡི་རི་བོ་དང་ཆུ་བོ་ས་གཞི་རྣམས་ལ་ཅི་ཞིག་བྱས་སོང་བ་རེད། ངའི་མགོ་ཐོག་གི་གནམ་འདི་འདི་འདྲ་འཐིབས་དོན་དང་། ངའི་མགོ་ཐོག་གི་སྤྲིན་འདི་འདི་འདྲ་ལྗིད་དོན་ཅི།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php