ང་ཚོའི་སོ་ཁི་ར་ཐེ་གང་དུ་ཡོད། ག་ཚོད་ཡོད་དམ།

 

ཁོང་གི་གཤེགས་ཁའི་གསུང་བཤད་བཀླགས་ཚོར།

 

          ཀློག་མཁན་གྲོགས་པོ་ཚོས་སོ་ཁི་ར་ཐེ་སྐུ་གཤེགས་ཁའི་གསུང་བཤད་འདི་བཀླགས་རྗེས་ངེས་པར་དུའང༌། ཁོང་སུ་ཞིག་གིས་བཀྲོངས་སོང༌། ཁོང་ཇི་ལྟར་ཕེབས་སོང༌། གང་དུ་ཕེབས་སོང༌། ཅིའི་ཕྱིར་ཕེབས་སམ། ཁོང་གི་གཤེགས་ཤུལ་ན་ཅི་ཞིག་འདུག ང་ཚོས་ཁོང་སླར་ཡང་གླེང་དོན་ཅི། ཁོང་ང་ཚོར་ཅིའི་ཕྱིར་མཁོ་བ་ཡིན་ལ་སོགས་པའི་དྲི་བ་གང་མང་ཞིག་གིས་ཁྱོད་ལ་བཅར་འདྲི་ཚ་བོ་རེ་བྱེད་ངེས། མ་བྱས་ན་ཁྱོད་ནི་ཚོར་བ་ཉམས་པའི་མི་ཞིག་ཡིན་ངེས། ཚོར་ཤུགས་ཆེ་ཞིང་རྣམ་དཔྱོད་དང་ལྡན་པ་ཚོས་དྲི་བ་རེ་རེར་ལན་འདེབས་ཁ་གསལ་རེ་བྱེད་འོས།

ང་རང་གིས་བཅར་འདྲི་འདི་ཚོར་ངེས་པར་དུའང་ལན་འདེབས་ཅུང་ཟད་རེ་བྱེད་འདོད་བྱུང༌། དྲི་བ་དེ་དག་ཕོག་ཐུག་འགྲོ་བའི་དྲི་བ་ཞིག་མིན་ནའང༌། ལན་འདེབས་གང་དག་ཕོག་ཐུག་མི་འགྲོ་བའི་ངེས་པ་གཏན་ནས་མེད། མི་གཅིག་མ་གཏོགས་སུ་ལའང་ཕོག་ཐུག་སོང་ན་སོང༌། གཅིག་པུ་དེ་ནི་སོ་ཁི་ར་ཐེ་མཆོག་གོ

          ཁོང་སུ་ཞིག་གིས་བཀྲོངས་སམ། ལ་ལས་ཉེས་གཏུག་པ་མི་ངན་ཞིག་གིས། ཞེས་དང༌། ཡང་ལ་ལས་ཁྲིམས་དཔོན་ངན་པས། ཞེས་ལན་སྟབས་བདེ་རེ་འདེབས་ངེས། བྱིས་པ་ཚོར་མཚོན་ན་དེ་ཡང་ལན་ཡང་དག་ཅིག་ཅི་ལ་མིན། ཡིན་ཡང༌། ངས་བསམས་ན་ཁོང་བཀྲོངས་མཁན་ནི་མི་ཡ་རབས་ཚོ་རེད། ཡ་རབས་གླེན་པ་ཚོ་རེད། གླེན་པ་བླུན་རྨོངས་ཚོ་རེད། རྨོངས་པ་དད་ཆེན་ཚོ་རེད། ཁྱོད་ཀྱིས་ཁས་ལེན་ནམ། རྨོངས་དད་པའི་ཞེན་ཁོག་དང་རྨོངས་དད་པའི་ངོ་རྒོལ་ནི་འཇིག་རྟེན་འདིར་ཆེས་བླུན་རྟགས་ཆེ་ཤོས་ཡིན་ལ། ཆེས་སྙིང་རྗེར་འོས་པའི་ཡ་རབས་ཐ་ཆད་ཅིག་ཡིན། ཁོ་ཚོ་གཞུངས་དྲང་ནའང་མཇུག་འབྲས་ནོར་འཁྲུལ་ཅན་ཡིན་པས། ངས་ཁོ་ཚོར་ཡ་རབས་ཐ་ཆད་ཅེས་འབོད་པ་ཡིན།

          ཁོང་ཇི་ལྟར་ཕེབས་སོང༌། ལ་ལས། ཁོང་གིས་རྨི་ལམ་སྐྱིད་པོ་ཞིག་བཏང་ནས། ཞེས་དང༌། ཡང་ལ་ལས། འཇིགས་པ་མེད་པར་ཁ་བརྡ་ལྷོད་ལྷོད་ཅིག་བྱས་ནས། ཞེས་དང༌། ཡང༌། ཉེས་མེད་ཉེས་འཁུར་གྱི་བླུན་རྟགས་ཚབས་ཆེན་ཞིག་ཁུར་ནས། ཞེས་པ་སོགས་ལན་འདེབས་ཅི་རིགས་ཤིག་ཡོང་ངེས། དེ་ཚོ་འགྲིགས་མིན་ཇི་ལྟར་ཡང༌། ངས་མཐོང་ཚོད་ལ། ཁོང་གིས་རང་ཉིད་ལ་དཀར་འདོན་བྱེད་ཀྱིན། དཀར་ནག་གི་མདུད་པ་དགྲོལ་བཞིན། སྤྱི་ཚོགས་ཤིག་ལ་གཤགས་བཅོས་བྱེད་ཀྱིན་བདེན་ལམ་རིང་མོའི་ཕ་མཐར་ལྟ་བཞིན་ཆས་སོང་ངོ༌།

          གང་དུ་ཕེབས་སོང༌། ཚང་མས། ཚེ་ཕྱི་མར་ཕྱིན་སོང་ཞེས་ཚིག་ཐག་ཆོད་པོས་ཆེས་སྤྱིར་བཏང་གི་ལན་སྟབས་བདེ་འདི་འདེབས་ངེས། འོན་ཀྱང༌། བདག་གི་ཚོར་སྣང་ལ། ཁོང་བདེན་སྐྱོང་ཞིང་ཁམས་ཆེན་མོར་ཕེབས་ཤིང༌། སླར་ཡང་འཇིག་རྟེན་འདིའི་དྲང་བདེན་གྱི་སེམས་ཁམས་རེ་རེ་ཉུལ་ནས་ང་ཚོའི་སྙིང་ཁར་བྱིལ་བྱིལ་བྱེད་ཀྱིན་པ་འདྲ། གལ་ཏེ་ཁྱོད་ལ་དེ་འདྲའི་ཚོར་སྣང་ཞིག་མེད་ན། ཁྱོད་ཀྱང་ལག་དམར་ཞིག་ཡིན་ལས་ཆེ་ལ་ཆགས་ཉེན་ཡོད།

          ཅིའི་ཕྱིར་ཕེབས་སམ། ལ་ལས། གཤིན་པོ་དམ་པ་ཚོར་མཇལ་ཕྱིར་ཅེས་དང༌། ཡང་ལ་ལས། ཚེ་ཕྱི་མའི་བདེ་བ་འཐོབ་སླད་སོགས་ཟེར་ན་དེ་ཡང་མ་རེད་ཅེས་བཤད་དཀའ་ནའང༌། ངས། ཁོང་ནི་ཁོང་བཀྲོངས་མཁན་ནམ་ཉེས་ཅན་ཚོར་ཚེ་འདི་ཕྱི་གཉི་གའི་ཁྲིམས་ཆད་དང༌། སྐྱེས་ཆེན་དམ་པ་ཚོའི་བླ་སྲོག་སྲུང་བའི་བདེན་པ་འཚོལ་དུ་ཆས་པར་སྙམ།

          ཁོང་གི་གཤེགས་ཤུལ་ན་ཅི་ཞིག་འདུག ལ་ལས། སྙིང་རྗེ་བའི་བཟའ་ཟླ་བུ་ཕྲུག་ཚོ་ཞེས་དང༌། ཡང་ལ་ལས་དམ་པའི་མཚན་སྙན་ཞིག་ཅེས་པ་སོགས་ཟེར་ཡང༌། དེ་བས་ཀྱང་གལ་ཆེ་བ་ཞིག་ནི། དྲང་བདེན་གྱི་ལམ་བུ་ཞིག་དང༌། བདེན་སྐྱོང་གི་དཔའ་རྒོད་ཁྱུ་ཞིག་མངོནལྐོག་གང་ཞིག་ཏུ་ཉམས་མེད་ཆད་མེད་དུ་གནས་ཤིང་རྒྱུ་བའོ།

          ང་ཚོས་ཁོང་སླར་ཡང་གླེང་དོན་ཅི། ལོ་རྒྱུས་དོན་སྣིང་ལྡན་པས། དཔའ་བོ་ཡིན་པས། དམ་པ་ཡིན་པས། ཡང་ན། སྤྱི་ཚོགས་ཀྱི་ཆེད་དུ་སོགས་རྒྱུ་མཚན་མང་པོ་བགྲང་དུ་ཡོད་ཀྱང༌། ང་རང་ཉིད་ལ་མཚོན་ན། གཙོ་བོ་རང་ཉིད་ཀྱི་ཆེད་དུ་གླེང་བ་ཡིན། གལ་ཏེ། ང་ལ་དེ་ལྟའི་ཉེས་མིང་ཞིག་ཕོག་ནས་དེ་ལྟའི་ཁྲིམས་ཆད་ཅིག་བཏང་ན། ང་དུས་རབས་འདིའི་སོ་ཁི་ར་ཐེ་གསར་བ་ཞིག་ཆགས་ཐུབ་མིན་དེ་ཡིན། གང་ལྟར་ང་རང་ཁོང་ལ་སྨོན་ཞིང་ཁོང་བཞིན་འགྱུར་བར་མི་ཚེ་འདིར་དམ་བཅའ་རེ་བཞག་པ་མི་ཉམས་པར་ཤོག

          གོང་དུ་ལན་འདེབས་ཁ་ཤས་ཤིག་བྱས་པ་དེ། ཁོང་གི་མཛད་སྤྱོད་ཀྱི་སྙིང་བོ་ཁོ་ན་དང་འབྲེལ་བ་ལས། ཁོང་ཚན་རིག་པའམ། ཆོས་ལུགས་པ་གང་ཞིག་ཡིན་མིན་གྱི་ཆ་ནས་གཏན་ནས་མིན། བདག་གིས་འདི་སྙམ་དུ་སེམས་ཏེ། སྐྱེས་བུ་དམ་པ་ཟེར་བ་ནི་གྲུབ་མཐའ་གང་ཞིག་ཡིན་མིན་དང༌། ཕོ་མོ་རྒན་གཞོན་སུ་ཞིག་ཡིན་མིན་ལ་མ་ལྟོས་པར། ངེས་པར་དུ་རྣམ་དཔྱོད་ཡངས་པའི་དྲང་བདེན་སྐྱོང་རྒྱུ་འབའ་ཞིག་ནི་ཚངས་ཐིག་ཉག་གཅིག་གོ །

          ཁོང་ང་ཚོར་ཤིན་ཏུ་མཁོ་སྟེ། ད་ལྟའི་འཛམ་གླིང་གི་ཁྱིམ་ཆེན་འདིར། ཅི་འདྲའི་སོ་ཁི་ར་ཐེ་བ་མང་པོ་ཞིག་མཁོ་ཨང༌། ལྷག་པར་དུ། བོད་དང་བོད་རྒྱ་ཞི་མོལ་གྱི་དུས་འདིར་ང་ཚོར་ཆེས་རླབས་ཆེ་བའི་སོ་ཁི་ར་ཐེ་གཅིག་ནི་ཏཱ་ལའི་བླ་མ་ཁོ་ན་རང་ཡིན་ནམ། རྒྱ་རིགས་དུང་ཕྱིར་མང་པོའི་གཙོ་འཛིན་རྣམ་པའི་ནང་དུའང་རེ་གཉིས་རེ་ཅི་ལ་མེད།

          སྤུན་ཟླ་ཚོ། མི་ལོ་ཉིས་སྟོང་བཞི་བརྒྱའི་སྔོན་གྱི་སྤྱི་ཚོགས་དང་དེ་རིང་གི་སྤྱི་ཚོགས་གཉིས་བསྡུར་ན་ང་ཚོ་ལོ་ཉིས་སྟོང་བཞི་བརྒྱའི་སྔོན་ལ་སོང་ཡོད་ཅེས་ཐག་གཅོད་བྱེད་མོད། འོན་ཀྱང་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་སྟེ་འགྲོ་བ་མིའི་མི་གཤིས་ཀྱི་རིན་ཐང་ཐད་ནས་བལྟས་ན་ང་ཚོ་སོ་ཁི་ར་ཐེ་ལས་ཅི་ཙམ་གྱིས་རྗེས་ལུས་ཡིན་པ་ཁྱོད་ཀྱིས་ཚོད་དཔག་ཐུབ་བམ། དེ་བས་མཐའ་དོན་བདག་གི་རེ་སྨོན་ཉག་གཅིག་ཀྱང༌། ང་ཚོ་ནི་སོ་ཁི་ར་ཐེ་ངོ་མ་ཞིག་མ་ཆགས་ཀྱང་ཁོང་ལ་དད་མོས་ཅན་གྱི་རྗེས་འཇུག་པ་ཆུང་ཆུང་ཞིག་ཅིས་ཀྱང་ཉན་དགོས། མ་མཐར་ཡང་ཁོང་གི་ལྡོག་ཕྱོགས་མི་སྣ་ཞིག་ཏུ་མི་འགྱུར་བར་བྱ་རྒྱུ་དེའོ། །

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php