༄༅། །བཙན་བྱོལ་བོད་ཀྱི་རིག་གནས་སློབ་གསོའི་སྐོར་ལ་གཞེན་སྐུལ་ཁ་དར་དཀར་པོའི་གཡབ་མོ།

 

 

          སློབ་གསོ་རིག་པའི་ནང་ཚན་གཙོ་བོ་ཤེས་ཡོན་ནམ་རིག་གནས་སློབ་གསོ་ནི་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་ཆེས་གལ་གནད་ཆེ་ཤོས་ཤིག་ཡིན་པ་ཚང་མས་ངོས་འཛིན་བྱེད་ཀྱིན་ཡོད་ན་ཡང། དོན་དངོས་འཚོ་བའི་ནང་ང་ཚོས་མཐོང་ཆེན་གྱིས་ལག་ལེན་མི་བྱེད་པའམ་བྱེད་མི་མཁས་པས་སློབ་གྲྭ་ཁག་གི་བོད་ཡིག་ཙམ་མིན་པར་སློབ་ཚན་སྤྱི་ཡོངས་ནས་གྲུབ་འབྲས་ཆེན་པོ་ཐོན་གྱིན་མེད་པའི་གནས་སྟངས་འདི་ཆགས་པ་ཡིན། ད་སྔ་ཡན་འགྱུར་བཅོས་ཅུང་རེ་བཏང་བ་དེ་ཡང་བོད་ཡིག་གི་སློབ་དེབ་གསར་བརྗེ་ཙམ་རེ་དང་ཉིན་ཤས་ཀྱི་དགེ་རྒན་ཟབ་སྦྱོང་འགའ་རེ་ལས་ཤེས་ཡོན་ལམ་ལུགས་ཀྱི་དགེ་སྐྱོན་ལ་བརྟག་ཞིབ་ཀྱིས་འགྱུར་བཅོས་གཏོང་ཐུབ་མེད་པས་སློབ་གསོའི་རྣམ་པ་རང་གནས་ལས་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་ཐུབ་ཀྱིན་མེད། ང་ཚོའི་སློབ་གསོའི་དམིགས་ཡུལ་ནི་ཆབ་སྲིད་ཀྱི་གཞོགས་འདེགས་སུ་འགྲོ་བ་ཞིག་ཡིན་དགོས་མོད། གཞི་རྩའི་ལག་ལེན་བྱེད་ཕྱོགས་ནི་སྔོན་ཐོན་རྒྱལ་ཁབ་ཁག་གི་ལེགས་ཆ་བླང་ནས་འགྱུར་བཅོས་གཏོང་འོས་པ་ཞིག་ཡིན།

 

ཀ དགེ་རྒན་ལེགས་འདེམས་བྱེད་པ་ནི་རིག་གནས་སློབ་གསོའི་རྨང་གཞི་ཡིན།

 

          བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྔོན་མ་ཞིག་ནས་བཙན་བྱོལ་བོད་ཀྱི་རིག་གནས་སློབ་གསོའི་ལམ་ལུགས་ལ་འགྱུར་བཅོས་གཏོང་ཐབས་ཐད་ལ<བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་འབྱུང་འགྱུར་འབྲིང་རིམ་འཛིན་གྲྭ་བར་བོད་ཡིག་གི་ལམ་ནས་སློབ་ཚན་ཡོངས་རྫོགས་སློབ་ཁྲིད་བྱེད་ཕྱོགས་ཀྱི་འཆར་ཟིན>ཞེས་པ་ཞིག་ལྗགས་རྩོམ་གནང་བའི་ནང་དུ། དམིགས་ཡུལ་དང་དགོས་པ། ཤེས་ཡོན་སློབ་སྦྱཽང་གི་ངོ་བོ། ཤེས་ཡོན་སློབ་སྦྱོང་ལས་རིམ་གྱི་འཆར་གཞི། སློབ་གྲྭའི་འཛིན་སྐྱོང། སློབ་ཕྲུག དགེ་རྒན། རྒྱུགས་སྤྲོད་ལམ་སྲོལ། སློབ་ཚན་དང་སློབ་དེབ། སློབ་སྟོན་གྱི་སྐད་ཡིག སློབ་ཐོན་ཁག་གི་མདུན་ལམ་འཆར་གཞི། མཛད་འཆར་ཕྱག་ལེན་དུ་བསྟར་ཕྱོགས་བཅས་པའི་སྐོར་ཁ་གསལ་རྒྱས་ཙམ་བཀོད་ཡོད་ན་ཡང་གཞུང་གིས་ཇི་བཞིན་ཕྱག་བསྟར་གནང་ཐུབ་མེད། ད་ལྟ་ཁོང་གིས་ཤེས་ཡོན་ལམ་ལུགས་ལ་དགེ་མཚན་ཐོན་པའི་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུར་བོད་དགེ་རྣམ་པའི་གཙོས་ཤེས་ཡོན་ཅན་མང་པོས་རེ་བ་བྱེད་ཀྱིན་ཡོད།

          ཁོང་གིས། “རྒྱལ་ཁབ་ཀྱི་འཛུགས་སྐྲུན་ནི་མང་ཚོགས་ཀྱི་ཤེས་ཡན་ལ་རག་ལས་ཤིང། མང་ཚོགས་ཀྱི་ཤེས་ཡོན་སློབ་གྲྭའི་གེ་རྒན་ལ་རག་ལས་པས་ཡུལ་གྱི་འཛུགས་སྐྲུན་གྱི་ནང་དུ་དགེ་རྒན་ལས་གལ་གནད་ཆེ་བའི་ལས་བྱེད་སུ་ཡང་མེད། གཞུང་ཞབས་ལས་བྱེད་པ་གཞན་གྱི་ལས་དོན་འཐུས་ཤོར་ཕྱིནཔའམ་ཇི་བཞིན་མ་བྱུང་བ་ཡིན་ཚེ་ཡུལ་དུས་ཀྱི་གནས་སྐབས་དེ་དང་འབྲེལ་ཡོད་ཀྱི་ལས་དོན་ཕྲན་ཚེགས་ལ་གནོད་སྐྱོན་བུང་བ་མ་གཏོགས། རྒྱལ་ཁབ་དང་མི་རིགས་སྤྱི་ཡོངས་ཀྱི་མདུན་ལམ་ལ་གནོད་སྐྱོན་བྱེད་མི་ཐུབ། སློབ་གྲྭའི་དགེ་རྒན་ཚོའི་ལས་དོན་ཇི་བཞིན་མ་འགྲུབ་པ་ཡིན་ཚེ་འབྱུང་འགྱུར་གྱི་ན་གཞོན་ཁྱོན་ཆེ་ཞིག་གི་ཤེས་ཡོན་དང་བསམ་སྤྱོད་ཀྱི་ཡར་རྒྱས་ལ་གནོད་སྐྱོན་འགྲོ། དེ་མཚུངས་རྒྱལ་ཡོངས་དགེ་རྒན་གྱི་སྤྱི་ཚོགས་ཁོ་རང་དེ་ཙམ་ཚད་ལྡན་ཞིག་མེད་ན་འབྱུང་འགྱུར་རྒྱལ་ཁབ་ཀྱི་མི་རབས་རྗེས་མ་ཚོའང་དེ་འདྲའི་གནས་ཚད་ཅན་ཞིག་ཏུ་འགྱུར་རྒྱུར་ངེས་པས་རྒྱལ་ཁབ་ཀྱི་འཛིན་སྐྱོང་འཛུགས་སྐྲུན་མཚན་མཐོང་གཟི་བརྗིད་ཐམསཅད་ལ་སྒོ་ཀུན་ནས་གནོད་སྐྱོན་ཡོང་རྒྱུ་གདོན་མི་ཟ་བའི་དཔེར་ད་ལྟའི་རྒྱལ་ཁབ་མང་པོའི་ནང་མཐོང་བཞིན་པ་དེ་རེད། དེས་ན་རྒྱལ་ཁབ་ཀྱི་མང་ཚོགས་ནང་ནས་ཤེས་ཡོན་གནས་ཚད་མཐོ་ཤོས་དང། བློ་རིག་བཀྲ་ཤོས་ཀྱི་ནང་ནས་དགེ་རྒན་འདེམས་བསྐོ་བྱེད་དགོས་པ་དང། དགེ་རྒན་གྱི་ལས་ཁུར་ཀྱང་རྒྱལ་ཁབ་ཀྱི་ལས་ཁུར་གཞན་དག་ལས་ཅུང་ཟད་མཐོ་བའི་གནས་རིམ་དང་ཕོགས་ཚད་ཆེ་མཐོང་བཅས་ཡོད་པ་དགོས། དེ་ལྟར་མ་བྱུང་ཚེ་ཡུལ་མི་བཟང་ཤོས་རྣམས་དགེ་རྒན་གྱི་ལས་ཁུར་ཐོག་ཞུགས་མི་ཐུབ།ཅེས་གསུངས་ཡོད་པ་བཞིན་ཤེས་ཡོན་གྱི་ལམ་ལུགས་འགྱུར་བ་གཏོང་བར་འགོ་ཤེས་ཡོན་གྱི་འབྱུང་ཁུངས་དགེ་རྒན་ནས་བརྩམས་ཏེ་གཞི་རྩའི་འགྱུར་བ་ཞིག་གཏོང་དགོས་པའི་དགོངས་ཚུལ་འདི་ནི་རང་གི་མི་རིགས་སམ་རྒྱལ་ཁབ་ཅིག་གི་འབྱུང་འགྱུར་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ཚེ་ངེས་པར་ཁས་ལེན་དང་དང་ལེན་ལག་བསྟར་བྱེད་དགོས་པ་ཞིག་ལས་ཆ་རྐྱེན་ནམ་དོན་གནད་གཞན་དག་ལ་ཁག་དཀྲི་བྱེད་རྒྱུ་གང་ཡང་མེད་པའི་གནད་དོན་ཞིག་ཡིན། དེས་ན་ང་ཚོས་དགེ་རྒན་གསར་འདེམས་སྐབས་ཀྱང་ཤེས་ཡོན་དང་མི་གཤིས་གཉིས་ཀ་ནས་གདམ་དགོས་པ་ཞིག་ཆགས་ཡོད་པ་མ་ཟད། ད་ཡོད་དགེ་རྒན་རྣམས་ལ་ཡང་བསྐྱར་ཞིབ་ཀྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་ཚང་མ་ཕྱོགས་ཡོངས་ནས་ཚད་ལྡན་ཞིག་ཡོང་བ་བྱེད་དགོས།

          ད་ལྟ་སློབ་གྲྭ་ཕལ་མོ་ཆེའི་བོད་ཡིག་གི་དགེ་རྒན་མགཏོགས་པ་གཞན་ཕལ་ཆེར་རྒྱ་གར་བ་ཡིན། འདི་ནི་གནས་སྟངས་ཧ་ཅང་སྐྱོ་བོ་ཞིག་རེད། བོད་པས་བོད་ཡིག་ཙམ་ལས་གང་ཡང་མི་ཤེས་པ་ག་ལ་ཡིན། དགེ་རྒན་ཞིག་བྱེད་པར་དཀའ་ངལ་ཆེན་པོའམ་འགོག་རྡོ་ཞིག་ཡོད་པ་ནི་འདིར་བོད་ཡིག་དགེ་རྒན་གྱིས་སློབ་ཚན་གཞན་དག་ཡང་འཁྲིད་ཐུབ་དགོས་པའི་ཁུར་པོ་དེ་ཡིན། དེ་བས་བོད་ཡིག་གི་ཤེས་ཚད་ཡག་ཐག་ཆོད་པ་ཞིག་ཡོད་ན་ཡང་ཁོ་ལ་དགེ་རྒན་གྱི་ཐོབ་ཐང་རག་དཀའ་བའི་གནས་ཚུལ་ཡོང་གིན་ཡོད། འདི་ལ་ངེས་པར་འགྱུར་བ་གཏོང་དགོས། སུ་ཞིག་བོད་ཀྱི་ཀད་ཡིག་ལ་མཁས་པ་བོད་དགེ་དང། གང་ཞིག་ཨང་རྩིས་ལ་མཁས་པ་དེས་རྩིས་དགེ་དང། གང་ཞིག་ཚན་རིག་ལ་མཁས་པ་དེས་ཚན་དགེ་བྱེད་པ་སོགས་དགེ་རྒན་སོ་སོའི་ཆེད་ལས་གཏན་འཁེལ་བྱས་ན་དགེ་རྒན་གྱི་དཀའ་ངལ་བསལ་ཐུབ་ལ། དགེ་རྒན་གྱི་འགན་ཁུར་ཡང་བ་དང་གྲུབ་འབྲས་ཐོན་པ་སོགས་ལ་ཕན་ཐོགས་ཡོད། བོད་ནས་འབྱོར་བའི་ནང་རྩིས་རིག་དང་ཚན་རིག་ཤེས་མཁན་དང་རྫས་འགྱུར་དང་དངོས་ཁམས་རིག་པ་སོགས་ཤེས་མཁན་ཡོད་ན་ཡང་དགེ་རྒན་བྱེད་ས་མེད། མ་གཞི་ང་ཚོས་དབྱིན་ཡིག་དང་བོད་ཡིག་ཙམ་ལས་སྤྱི་ཚོགས་ལ་དགོས་ངེས་ཀྱི་སློབ་ཚན་གཞན་དག་ལ་མཐོང་ཆེན་བྱེད་ཐུབ་ཀྱིན་མེད་པའི་གནད་དོན་ཚབས་ཆེན་འདུག ད་ནས་བཟུང་རྩིས་རིག་སོགས་སློབ་ཚན་གཞན་དག་ཐོག་ལའང་དགེ་འོས་སྦྱོང་བརྡར་འགོ་འཛུགས་བྱེད་དགོས། དེ་ཡང་འཛིན་རིམ་བཅུ་གཉིས་སམ་མཐོ་སློབ་ཐོན་པའི་ནང་གི་ཨང་རྩིས་སོགས་ལ་གྲུབ་འབྲས་བཟང་བའི་རིགས་དང་བོད་འབྱོར་སློབ་མའི་ནང་བཅས་ནས་བསྡུས་ཏེ་དགེ་འོས་སྤྲོད་ཆོག་ཆོག་ཡོད།

 

          ཁ། སློབ་ཚན་ཚང་མ་བོད་སྐད་ཐོག་འཁྲིད་རྒྱུ་ནི་སློབ་མའི་ཤེས་ཚད་མཐོར་འདེགས་དང་རང་གི་སྐད་ཡིག་བེད་སྤྱོད་དང་ཡར་རྒྱས་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།

          དེ་ཡང་ཁོང་གི་འཆར་ཟིན་དེའི་ནངསློབ་སྟོན་སྐད་ཡིག་སྔོན་འགྲོའི་སློབ་གྲྭ་ནས་ཆེས་མཐོའི་ཉམས་ཞིབ་ཀྱི་བར་ཆ་ཚང་བོད་སྐད་རང་གི་ཐོག་ནས་ཐུབ་པ་བྱ་དགོས་དེ་འདོར་དུ་མི་རུང་བའི་དགོས་གནད་ཆེ་ཤོས་ཤིག་ཡིན།” ཞེས་གསུངས་པ་འདི༧གོང་ས་མཆོག་གིས་སྔོན་མ་ཞིག་ནས་ཡང་ཡང་བཀའ་སློབ་ཕེབས་ཡོད་པ་དང་བོད་དགེ་མང་པོས་རེ་བ་གནང་ཡོད་པའི་དོན་གནད་ཅིག་ཡིན་མོད། ད་བར་འཛིན་རིམ་ལྔ་བ་བར་གྱི་སློབ་དེབ་ཙམ་ལས་ལག་ལེན་བསྟར་ཐུབ་མེད། བོད་ནང་ལ་རྒྱ་གཞུང་གི་གནོན་ཤུགས་ཡོད་བཞིན་དུ་ཡང་ལྷག་བསམ་མཁྱེན་རྒྱ་ཡངས་པའི་བོད་དགེ་མང་པོ་ཞིག་གིས་འཆར་གཞི་ལྡན་པའི་ངང་ནས། ༡༩༨༠ལོ་ནས་༩༠བར་ལ་མཐོ་འབྲིང་བར་གྱི་སློབ་དེབ་ཆ་ཚང་བོད་བསྒྱུར་གྱིས་བོད་པ་རང་གིས་སློབ་ཁྲིད་ཐུབ་པ་ཞིག་ཆགས་ཡོད། དེ་ལྟར་ཁྲིད་ཐུབ་པ་དེས་སློབ་མའི་ཤེས་ཚད་ལས་སླ་བོར་ཡར་རྒྱས་འགྲོ་བར་རོགས་ཕན་ཐུབ་པ་མ་ཟད། དམའ་འབྲིང་སློབ་མ་ཞིག་ལ་མཚོན་ན་ཡང་དེའི་བོད་ཡིག་གི་ཤེས་ཚད་བཙན་བྱོལ་སྤྱི་ཚོགས་ནང་གི་འཛིན་རིམ་བཅུ་གཉིས་པ་ལས་བརྒལ་ཐུབ་པ་ཞིག་ཆགས་ཡོད། འདི་ནི་ལག་ལེན་གྱིས་བདེན་དཔང་བྱས་པའི་གྲུབ་འབྲས་ཞིག་ཡིན་ན་ཡང་མང་པོ་ཞིག་གིས་ད་དུང་ཡང་ངོས་ལེན་ཐུབ་ཀྱིན་མེད།

          ང་ཚོས་བོད་བསྒྱུར་བྱེད་རྒྱུར་དཀའ་ངལ་ཆེ་ན། བོད་ནང་དུ་བསྒྱུར་བཞག་ཡོད་པ་དེ་ཇི་བཞིན་ཁྲིད་ཀྱང་མ་ཆོག་པ་མེད། དེ་ལ་མིང་ཚིག་འགའ་རེ་ལས་ལས་སྣོན་བྱེད་དགོས་པ་ཆེར་མེད། ཡང་ན་དེ་གཞི་རྩར་བཞག་ནས་བཟོས་ན་ལས་སླ་མོད། ཅི་ཞིག་གི་རྣམ་རྟོག་གིས་དེ་རྒྱ་མིས་བསྒྱུར་བ་རེད་ཅེས་མ་དགའ་བའི་ངན་བརྗོད་བྱེད་མཁན་མང། དེ་ནི་དོན་ལ་བོད་མི་རིགས་ཀྱི་མཁྱེན་བརྩེ་ཡངས་པའི་དགེ་རྒན་བཀའ་དྲིན་ཅན་ཚོར་བསམ་ཤེས་མེད་པར་རྒྱ་མི་ཚོར་དོན་མེད་སྒྲོ་འདོགས་ཀྱི་བསྟོད་པ་བྱས་པ་ཞིག་ལས་གང་ཡང་མིན། དེ་བསྒྱུར་མཁན་རྣམ་པ་ནི་བོད་མི་རང་ལས་རྒྱ་མི་མིན། ཁྱོད་ཀྱིས་རྒྱ་ཡིག་ཤེས་པས་རྒྱ་མི་དང་འདྲ་བར་ཟེར་བ་ཡིན་ནམ། ལྟ་ངན་འདི་ལྟ་བུས་ཀྱང་ང་ཚོར་བར་ཆད་གཏོང་གིན་ཡོད། གལ་ཏེ་རྒྱ་མིས་བསྒྱུར་བ་ཡིན་ཡང་ཅི་སྐྱོན། ཕན་ཐོགས་ཡོད་པའི་ཡོན་ཏན་ཞིག་ཡིན་ནའང་བླང་བར་རིགས་པ་ལས་འདོར་ན་དེ་ནི་བླུན་རྟགས་ལས་མ་འདས།

 

          ག སློབ་སྦྱོང་གི་གནས་རིམ་བཞིན་འཚོ་ཐབས་ཀྱི་མདུན་ལམ་གཏན་འཁེལ་དང་བཀོད་སྒྲིག་བྱེད་དགོས་པ་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཡིན།

 

          ད་ལྟ་ང་ཚོར་གཞུང་ཞབས་ལས་བྱེད་དང་དགེ་རྒན་གྱི་ལས་རིགས་གཉིས་ཙམ་ལས་གཞི་རྒྱ་ཆེ་བ་དང་རྣམ་གྲངས་མང་བའི་ལག་ཤེས་སོགས་ཀྱི་ལས་རིགས་ནང་འཛུལ་ཞུགས་བྱེད་ས་མེད་པས། འཚོ་ལམ་ཧ་ཅང་གུ་དོག དེ་བས་ང་ཚོས་དཔལ་འབྱོར་རིག་པས་ཚོང་དོན་སྐོར་ནས་འཚོ་ལམ་རྒྱ་ཆེར་འབྱེད་ཐབས་དང། ཞིང་ལས་དང་བཟོ་ལས་རིགས་སོགས་ཐ་ན་སྐྲ་བཟོ་བ་ཚུན་ཆད་ནས་ལག་ཤེས་སློབ་སྦྱོང་གི་སྒོ་དུ་མ་འབྱེད་ཐུབ་པ་ཡིན་ན་སོ་སོའི་འཚོ་ཐབས་ཙམ་མ་ཟད་མི་རིགས་རང་ལའང་ཕན་ཐོགས་ཡོང།

          འདིའི་ཐད་ལ་ཡང་ཁོང་གི་འཆར་ཟིན་ནང།སློབ་ཕྲུག་བྱིངས་ཆེ་གཞི་རིམ་འོག་མ་ཐོན་མཚམས་ནས་སློབ་སྦྱོང་མཚམས་འཇོག་བྱེད་རྒྱུ། ཡང་གཞོན་ནུ་བློ་རིག་བཀྲ་བ། རེ་བ་ཆེ་རིགས་བརྒྱ་ཆ་སུམ་ཅུ་ཙམ་རེ་གཞི་རིམ་གོང་མ་དང། འབྲིང་རིམ་བཅས་སུ་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་པ་ལྟར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དགོས་ཁོ་ལ་གཞིགས་པའི་ཁོང་ཚོའི་མདུན་ལམ་ཡང་སྔོན་ཚུད་ནས་འཆར་གཞི་དང་ལྡན་པར་གཏན་འབེབས་བྱ་གལ་ཧ་ཅང་ཆེ། གཞི་རིམ་གོང་མ་ནས་སློབ་ཕྲུག་རྣམས་ཚན་རིག་དང། སྒྱུ་རྩལ་གང་དུ་འགྲོ་རྒྱུའི་དབྱེ་འབྱེད་བྱེད་སྐབས་ནས་ཁོང་ཚོའི་ཆེས་མཐོའི་སློབ་སྦྱོང་བར་གྱི་སློབ་སྦྱོང་གོ་མདུན་ལམ་ཕལ་ཆེར་གཏན་འཁེལ་ཐུབ་པ་ཞིག་དགོས་ཤིང། ཁོང་ཚོའི་མདུན་ལམ་གདམ་ག་བྱེད་ཕྱོགས་ཀྱང་གཙོ་བོ་སློབ་ཕྲུག་སོ་སོའི་ཁམས་མོས་བསམ་པ་དང་རིག་སྟོབས་ལ་གཞིགས་རྒྱུ་གལ་གནད་ཆེ་ནའང། དེ་ཙམ་གྱིས་མ་ཚིམ་པར་ཁོང་ཚོ་སློབ་གྲྭ་ཐོན་རྗེས་འཚོ་ཐབས་ཀྱི་ལས་དོན་དུ་ཞུགས་རྒྱུའི་གོ་སྐབས་ལའང་ངེས་པར་དུ་གཟིགས་དགོས་པ་ཡིན།ཞེས་པ་སོགས་མཛད་འཆར་ཕྱག་ལེན་བསྟར་ཕྱོགས་དང་བཅས་པའི་སྐོར་ཞིབ་ཚགས་གསུངས་ཡོད་པ་དེ་དག་དོན་དངོས་ལ་གཟིགས་པའི་དགོས་ཕན་ཡོད་པ་ཞིག་ཡིན་པས་ད་ལྟ་ནས་ཕྱག་ལས་གང་ནུས་རྣམས་དབུ་འཛུགས་གནང་རྒྱུ་གལ་ཆེའོ།

 

          ང། མཐོ་སློབ་ཁང་རྣམས་མིང་དོན་མཐུན་པ་ཞིག་བཟོ་དགོས་པ་ནི་མཐོ་རིམ་སྤྱི་ཚོགས་ཀྱི་རྩ་བའི་དགོས་མཁོ་ཞིག་ཡིན།

 

          ཝར་ཎ་བོད་ཀྱི་གཙུག་ལག་མཐོ་སློབ་ཁང་དང། ཀིརྟི་བྱིས་པ་གྲྭ་ཚང་བོད་ཀྱི་མཐོ་སློབ་ཁང༌། ས་སྐྱ་མཐོ་སློབ་ཁང་དང་འབྲི་གུང་མཐོ་སློབ་ཁང་སོགས་ནང་ཆོས་གཙོ་བོར་བྱས་པའི་རིགས་གཅིག་དང། རིགས་སློབ་ཡན་ལག་ས་རཱ་བོད་ཀྱི་མཐོ་སློབ་ཁང། ནོར་གླིང་བོད་ཀྱི་མཐོ་སློབ་ཁང་སྟེ་རིག་གནས་གཙོ་བོར་བྱས་པའི་རིགས་གཅིག་ཡོད། གཞུང་གིས་ངོས་ལེན་གནང་མེད་པའི་མཐོ་རིམ་སློབ་གཉེར་ཁང་རྣམས་ཀྱིས་གཞུང་གི་ངོས་ལེན་གནང་ཡོད་པའི་མཐོ་སློབ་ཁག་གི་སློབ་དེབ་ཚད་གཞིར་བྱས་ཏེ་མཐོ་སློབ་ཁང་ཚང་མའི་གཞི་རྩའི་སློབ་དེབ་གཅིག་མཐུན་བཟོས་ནས་ཚང་མ་ཚད་ལྡན་གྱི་ཆེས་མཐོའི་སློབ་གཉེར་ཁང་ཞིག་ཆགས་པ་བྱ་རྒྱུ་དང་དེ་དག་ལ་ཤེས་རིག་ལས་ཁུངས་ནས་ལོ་རེ་བཞིན་བརྟག་དཔྱད་ཡང་དག་གིས་སློབ་གཉེར་བའི་ཤེས་ཡོན་ཚད་ལྡན་ལ་སླེབས་ཡོད་ཚེ་ངོས་ལེན་གནང་འོས།

          ལྷག་པར་ས་རཱ་མཐོ་སློབ་ཁང་འདི་ཉིད་ཕྱོགས་ཡོངས་ནས་འཐུས་ཚང་དང་ཡར་རྒྱས་གཏོང་འོས། འདིར་སྐྱ་སེར་འདྲེས་མ་དང། ཕོ་མོ་འདྲེས་མ། གསར་རྙིང་འདྲེས་མ་སོགས་ཀྱི་མཐོ་སློབ་ཁང་གསར་བ་གཞི་རྒྱ་ཆེ་རུ་འགྲོ་བཞིན་པ་ཞིག་ཡིན་ལ་ད་སྔ་ཐོན་ཟིན་པའི་ཆེས་མཐོའི་སློབ་གཉེར་བ་སྐབས་དང་པོ་དང་དགེ་འོས་སྐབས་གསུམ་པ་བཅས་ཀྱི་སློབ་གཉེར་བ་ཕལ་མོ་ཆེ་ཤེས་ཡོན་ཚད་ལོངས་པ་ཞིག་ཀྱང་ཡིན་པས་བོད་གཞུང་ཤེས་རིག་ལས་ཁུངས་ནས་དེ་བཞིན་ངོས་ལེན་གནང་བ་ཡང་ཡིན། ཡིན་ན་ཡང། ད་ལྟའི་མཐོ་རིམ་འཛིན་གྲྭ་གཉིས་དང་མཚམས་སྦྱོར་འཛིན་གྲྭ་བཅས་ཀྱི་སློབ་མ་ཕལ་མོ་ཆེ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཐོན་པ་ཙམ་ཡིན་པས་འདིར་ལོ་གཅིག་རིང་གི་མཚམས་སྦྱོར་སྔོན་འགྲོའི་སློབ་སྦྱོང་སྤྲད་ན་ཡང་བོད་ཡིག་གི་འཛིན་རིམ་བཅུ་གཉིས་དངོས་ཀྱི་ཚད་གཞིར་སླེབས་ཀྱིན་མེད་པས་སློབ་མ་ཚོར་སློབ་སྦྱོང་གི་ཁུར་བོ་ལྕི་ཞིང་བོད་ཡིག་སློབ་གཉེར་གྱི་སེམས་ཤུགས་ཀྱང་ཆག་རྒྱུའི་ཉེན་ཁ་ཡོང་ངེས་པས། ཐོག་མར་ཁོང་ཚོར་རིག་གནས་རབ་འབྱམས་པའི་ཤེས་ཚད་ངོ་མ་ལྡན་པ་ཞིག་ཆགས་པར་ལོ་གཉིས་སམ་གསུམ་གྱི་སློབ་སྦྱོང་གི་གོ་སྐབས་ཤིག་སྤྲོད་རྒྱུ་གལ་ཆེ། དོན་མེད་མིང་ཙམ་གྱི་ཆེས་མཐོའི་སློབ་མའི་ལག་འཁྱེར་ཞིག་ལེན་པ་ལས་མིང་མེད་དོན་གྱི་རིག་གནས་རབ་འབྱམས་པ་ཞིག་ཆགས་ན་རང་གཞན་གཉིས་ཆར་ཁེ་ཕན་དེ་ཆེ། འཛིན་རིམ་བཅུ་གཉིས་ཐོན་པ་ཚོའི་ནང་ནའང་ཁ་ཅིག་ལ་འཛིན་རིམ་བཅུ་བ་དང་ཁ་ཅིག་ལ་དགུ་བ། ཁ་ཅིག་ལ་བརྒྱད་པའི་ཤེས་ཚད་ཙམ་ལས་མེད་པ་ཡང་ཡོད་པས་ལོ་གཅིག་གི་ནང་ལ་སུམ་རྟགས་དག་གསུམ་དང་སྙན་ངག ནང་ཆོས་རིགས་ལམ། རྒྱལ་རབས་ཆོས་འབྱུང་དང་བཅས་པ་རིག་གནས་རབ་འབྱམས་པའི་ཚད་གཞིར་སླེབས་པ་ཞིག་བཟོ་རྒྱུ་འདི་སློབ་མ་རང་ངོས་དང་དགེ་རྒན་གཉི་གའི་ཆ་ནས་ཧ་ཅང་ཁག་པའི་བྱ་བ་ཞིག་རེད། ཡང་ན་ཁོང་ཚོར་ཁུར་བོ་ཆེན་པོ་ཞིག་གིས་གནོན་པ་ལས་སློབ་ཚན་གཙོ་བོ་གཅིག་ཆེད་སྦྱོང་གི་འཛིན་གྲྭ་ཟུར་འཛུགས་གནང་ནའང་འགྲིགས་གྲུབ་འབྲས་དེ་ལ་ཐོབ་ངེས། གཉིས་ནས་མཐོ་སློབ་འདིར་བོད་ཀྱི་རྩིས་དང༌། གཞན་ཡང་ཆབ་སྲིད་དཔལ་འབྱོར་རིག་པ་དང། དབྱིན་ཡིག་གམ་ཧིན་སྐད། རྒྱ་ཡིག་གང་རུང་གི་སྐད་ཡིག་གཞན་ཞིག་ཀྱང་གདམ་ག་ཡོད་པ་བྱ་དགོས། རིམ་བཞིན་ཉམས་ཞིབ་འཛིན་གྲྭ་ཞིག་ཀྱང་གསར་འཛུགས་ཐུབ་ན་དགེ་མཚན་ཆེ་བར་མཐོང་ངོ།

 

          ཆ། འཁྲབ་གཞུང་གསར་རྩོམ་དང་གློག་བརྙན་འཁྲབ་སྟོན་ཐུབ་པ་བྱེད་རྒྱུ་འདི་དེང་རབས་འཚོ་བའི་དགོས་མཁོ་གལ་ཆེན་ཞིག་ཡིན།

 

          ང་ཚོས་ལྷ་མོ་དང་སྲོལ་རྒྱུན་ཙམ་གྱི་གླུ་གར་སྒྱུ་རྩལ་ཙམ་མ་ཉམས་པར་འཛིན་སྐྱོང་ཐུབ་པས་མི་ཆོག་པར་བོད་ནང་དང་བཙན་བྱོལ་བའི་དེང་རབས་ཀྱི་འཚོ་བ་སོགས་འཁྲབ་སྟོན་ཐུབ་པ་ཞིག་དགོས། འདི་ནི་དེང་རབས་ཀྱི་རྩོམ་རིག་སྒྱུ་རྩལ་གྱིས་མི་སེམས་ལ་གཡོ་འགུལ་སློང་ནུས་པའི་ཐབས་ཚུལ་ཞིག་ཡིན། བོད་གཞུང་ཟློས་གར་ཁང་གིས་འདི་ཐད་ལ་ཚོད་ལྟ་དང་སྦྱོང་བརྡར་བྱེད་འོས། མ་མཐར་གློག་བརྙན་རིགས་བོད་སྐད་དུ་ཕབ་བསྒྱུར་ཐུབ་པ་དེ་ཙམ་ཡང་ཕན་ཐོགས་ཆེ།

          རྩོམ་པ་པོ་ཚོས་ཟློས་གར་འཁྲབ་གཞུང་གསར་རྩོམ་གྱི་བྱ་བར་ཤུགས་སྣོན་རྒྱག་དགོས། དེ་ཡང་ལས་ཞོར་ཙམ་གྱིས་ལས་སླ་བོར་ཐུབ་པ་ཞིག་མིན་པས། ཆེད་ལས་རྩོམ་པ་པོའི་ལམ་དུ་ཞུགས་དགོས། ང་ཚོ་བཙན་བྱོལ་ནང་ཆེད་ལས་རྩོམ་པ་པོ་གཅིག་ཀྱང་མེད། དེ་ནི་རྩོམ་པ་པོ་མེད་པའམ་ཆེད་ལས་རྩོམ་པ་པོ་བྱེད་འདོད་མེད་པའང་མིན་པར་ཁོ་རང་ལམ་དེར་ཞུགས་ན་རང་ཁ་མི་སོས་པའི་དཀའ་ངལ་གྱིས་སྒོ་བཀག་ཡོད། དེ་བས་བོད་གཞུང་དང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སོགས་ནས་ཚད་ལྡན་ཆེད་ལས་རྩོམ་པ་པོ་ཡོད་ན་རྒྱབ་སྐྱོར་དང་མེད་ན་གསོ་སྐྱོང་བྱ་རྒྱུའི་འགན་འཁུར་དགོས།

 

          ཇ། དགོན་སྡེ་ཁག་ནས་ངེས་པ་དོན་གྱི་མཁས་གྲུབ་དམ་པ་འབྱོན་རྒྱུ་ནི་བསྟན་འགྲོའི་དོན་ཆེན་མཛད་པའི་གཞི་རྐང་ཞིག་ཡིན།

 

          བོད་ཀྱི་དགོན་སྡེ་ཁག་ནི་ནང་བསྟན་ལ་ཐོས་བསམ་སྒོམ་གསུམ་དང། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རྒྱས་པར་བྱས་ཏེ་འགྲོ་དོན་སྒྲུབ་རྒྱུ་སྙིང་པོ་ཡིན་པས་མཁས་པ་དང་གྲུབ་པ་རྒྱུན་མ་ཆད་པར་བྱོན་ཐུབ་ན་ཆོས་ཀྱི་ཆེ་བ་མཚོན་ཐུབ་ཅིང་འགྲོ་བའི་དོན་རླབས་པོ་ཆེ་གནང་ཐུབ། ད་ལྟ་ང་ཚོར་སྔ་མའི་མཁས་གྲུབ་ཉིས་ལྡན་ཀྱི་དམ་པ་ཧ་ཅང་དཀོན་ཞིང་མཁས་པ་དང་གྲུབ་པ་རེ་རེའི་སྐྱེས་ཆེན་དམ་པའང་དཀོན། རང་ཉིད་འཕགས་མཆོག་འཐོབ་པ་དང་གཞན་དོན་རྒྱ་ཆེར་མཛད་པ་གང་གི་ཐད་ནས་ཀྱང་ཤེས་བྱ་ཀུན་ལ་མཁྱེན་པ་ཡངས་པ་ཞིག་དགོས་པ་ནི་མི་ཚེ་ཆོས་ལ་ཐིམ་པའི་སྙིང་པོ་དེ་ཡིན་པས། དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་འཛིན་སྐྱོང་ནུས་པའི་ཐོག ང་ཚོའི་ད་ལྟའི་འཚོ་བའི་གནས་སྟངས་དང་དགོས་མཁོ་ལ་གཟིགས་པའི་ལུགས་གཉིས་ཟུང་འབྲེལ་གྱི་མཛད་པ་སྐྱོང་བའི་བླ་མ་དགེ་བའི་བཤེས་གཉེན་རིགས་ཀྱང་དགོས། ང་ཚོར་ངེས་དོན་གྱི་ལྔ་རིག་མཁས་ཆེན་དགོས་ལ། དེ་ཡང་དེང་རབས་ཀྱི་ལྔ་རིག་མཁས་བདང་མང་པོ་དགོས།

          དེ་ནི། ༡། ནང་ཆོས་དང་རིགས་ལམ། ༢། ཕྱི་ནང་གི་གསོ་བ་རིག་པ། ༣། ཕྱི་ནང་གི་བཟོ་རིག་པ། ༤། ཕྱི་ནང་གི་རྩིས་རིག་པ། ༥། སྙན་ངག་གམ་རྩོམ་རིག་བཅས་ལ་མཁས་པར་ཟེར་བ་ཡིན། འདིར་ཕྱི་ནང་ཟེར་བའི་ཕྱི་ནི་རྒྱལ་ཁབ་གཞན་དང་ནང་ནི་བོད་རང་ལའོ།

          དེ་ཡང་གསལ་བཤད་ཅུང་ཞུ་དགོས་པ་ཞིག་ནི། ང་ཚོའི་ཚད་མ་རིག་པ་དེ་ནང་དོན་རིག་པའི་ལྟ་བ་སོགས་ལ་ངེས་ཤེས་བསྐྱེད་བྱེད་ཀྱི་ཐབས་ཚུལ་ལམ་རིགས་ལམ་ཞིག་ཡིན་པས་གཅིག་ལ་བགྲང་མི་འོས་པ་མེད་སྙམ།

          སྔོན་མའི་སྒྲ་རིག་པ་ཞེས་པ་འདི་ཀ་ཙན་དབྱངས་སོགས་ལེགས་སྦྱར་གྱི་བརྡ་སྤྲོད་གཞུང་ལུགས་ཡིན་པས། སྔོན་མའི་མཁས་དབང་དམ་པ་ཚོས་རྒྱལ་བའི་བཀའ་དང་བསྟན་བཅོས་རྣམས་བོད་རང་ལ་ཚུར་ལེན་གྱི་དགོས་མཁོར་དམིགས་ནས་སྒྲ་ལ་ཆེད་དུ་སྦྱངས་ནས་ལོ་ཙཱ་བ་གནང་སྟེ་ད་ལྟ་ང་ཚོར་ཀློག་ཆོག་ཆོག་གི་བཀའ་བསྟན་ཆ་ཚང་གཞན་ནས་འཚོལ་མི་དགོས་པ་ཞིག་བྱུང་བའི་སྐུ་དྲིན་སངས་རྒྱས་ཀྱིས་ཀྱང་གཞལ་མི་ཐུབ་པའི་ཚོད་འདི་ཡིན། དེ་བཞིན་སྡེབ་སྦྱོར་སྦྱངས་པའང་ལེགས་སྦྱར་གྱི་སྙན་དངགས་སོགས་བོད་བསྒྱུར་ཡིན་པས་ཁོང་ཚོས་དེ་ལྟར་གནང་བ་ནི་ཆེས་གཟི་བརྗིད་ཀྱི་སློབ་སྦྱོང་ཞིག་ཆགས་ཡོད། ད་ལྟ་ང་ཚོས་སྒྲ་སྦྱངས་ཏེ་ལེགས་སྦྱར་ནང་ལ་ཕར་བསྒྱུར་རྒྱུ་ཟེར་ན་མ་གཏོགས་དགོས་མཁོ་ཆེན་པོ་གང་ཡང་མེད་པ་ཞིག་རེད། དེ་བས་བདག་གིས་སྒྲ་རིག་པ་ཕྱིར་འཐེན་བྱས་ཤིང་དེའི་ཚབ་ལ་བོད་ཀྱི་བརྡ་སྤྲོད་རིག་པ་ཡང་བཞག་མེད། རྒྱུ་མཚན་གཅིག་ནི་བོད་ཀྱི་བརྡ་སྤྲོད་མཁས་པ་ཙམ་ལ་སྒྲ་ལ་མཁས་པ་ཞེས་མི་ཟེར་ཞིང། མི་རིགས་གང་ཞིག་ཡིན་ཡང་རང་གི་བརྡ་སྤྲོད་ལ་མཁས་པར་བྱེད་རྒྱུ་ནི་ཡོན་ཏན་གྱི་རྩ་བའི་རྨང་གཞི་ཡིན་ཞིང་དེ་དེ་ཙམ་ཁག་པོ་ཡང་མེད་པ་དང༌། གཞན་ཞིག་ནི་རྩོམ་རིག་ལ་མཁས་པར་འགྱུར་བའི་སྒོ་དང་པོ་ཡིན་པས་ན་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་ཚེ་བོད་ཀྱི་བརྡ་སྤྲོད་ལ་མ་རྨོངས་པ་ཞིག་ཡིན་པ་གཞིར་བཞག་པས་སོ། དེས་ན་འདིར་བཤད་པའི་བརྡ་སྤྲོད་ལ་མཁས་པ་ཞེས་པ་འདི་སུམ་རྟགས་ཀྱི་བཞེད་སྲོལ་མི་འདྲ་བ་མང་པོའི་དཀའ་ཉོག་ཤེས་མི་ཤེས་ལ་ཟེར་བ་མིན་པར་དོན་དངོས་ལག་ལེན་ནང་དུ་སུམ་རྟགས་དག་གསུམ་མ་ནོར་བར་བེད་སྤྱོད་ཤེས་མཁན་ཞིག་ལ་གོ་དགོས། སུམ་རྟགས་དག་གསུམ་སྦྱངས་པའི་དགོས་དོན་ངོ་མ་ཡང་དེ་ཡིན་པའི་ཕྱིར་རོ། ཡིན་ཡང་དེའི་ཤུགས་ནས་མཁས་པའི་བཞེད་སྲོལ་མང་པོའི་ས་མཚམས་འབྱེད་པའི་མཁས་པ་རྣམས་བརྡ་སྤྲོད་མཁས་པ་མིན་ཞེས་པར་མི་གོ་བར་ཁ་ནས་བརྡ་སྤྲོད་འཆད་ལ་མཁས་ཀྱང་ལག་ལེན་མི་མཁས་པ་རྣམས་བརྡ་སྤྲོད་མཁན་པོའི་གོ་སར་སླེབས་མེད་པ་གོ་བར་བྱའོ།

          མངོན་བརྗོད་ནི་དག་ཡིག་གི་ཁོངས་སུ་གཏོགས་ཤིང་ཟློས་གར་ཡང་རྩོམ་རིག་གི་ནང་ཚན་ཞིག་ཡིན་པས་རྩོམ་རིག་ལ་མཁས་ན་སུམ་རྟགས་དག་གསུམ་དང་བོད་རང་གི་ཚིགས་བཅད་སྡེབ་སྦྱོར་དང་བཅས་པར་ནང་བྱན་ཆུད་པ་ཞིག་ཡིན་ལ། རྒྱལ་སྤྱིའི་ནང་དུ་ཡང་རྩོམ་རིག་ནི་མཁས་པའི་བྱ་བ་ཞིག་ལ་བརྩི་མཐོང་ཆེ་བ་བཅས་ཀྱིས་འདིར་རིག་གནས་ཆེ་བར་བགྲང་འོས་སོ།

          དེ་བཞིན་རྩིས་རིག་པ་དེ་རིག་གནས་ཆེ་བའི་ནང་དུ་བླང་བ་ཡང་བོད་ཀྱི་སྐར་རྩིས་དང་ནག་རྩིས་རིག་པའི་ཐོག་ལ་ཚན་རིག་གི་རྩིས་རིག་ཀྱང་བསྡོམས་པས་ཟབ་རྒྱ་ཆེ་རུ་སོང་བས་རིག་གནས་ཆེ་བ་ཞིག་ཅིས་མིན། འདི་དག་ལ་མཁས་པར་གྱུར་ན་དེང་རབས་སྤྱི་ཚོགས་ནང་དུ་འགྲོ་དོན་རྒྱ་ཆེན་བསྒྲུབ་ཐུབ་པ་ཐག་ཆོད་པས་ཐུགས་བསྐྱེད་སྨོན་ལམ་བཟང་བོའི་མཐུ་གྲུབ་པའི་དམ་པ་རྣམས་དང་དུས་རབས་ཀྱི་ལྔ་རིག་མཁས་ཆེན་མཚན་དོན་ལྡན་པ་ཞིག་མ་ཆགས་ན་སྔ་མའི་པཎ་ཆེན་དམ་པ་རྣམས་བཞིན་གྱི་གཟི་བརྗིད་དང་རླབས་ཆེན་འགྲོ་དོན་མི་ནུས་པར་སེམས་སོ།

          ཡང་དེང་སང་གྲྭ་བཙུན་མང་པོ་ཞིག་སྐྱ་སར་བབས་ནས་རང་གིས་རང་བསྟོད་བཅས་སྤྱི་ཚོགས་ཀྱི་བྱ་བ་འདྲ་མིན་མང་པོར་ཞུགས་བཞིན་པ་འདི་ཡུལ་དུས་གནས་བབ་ལ་ཁ་གཡར་བ་ཙམ་ལས་དོན་ལ། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་པས་རང་དོན་གྱི་གོ་རེ་མི་ཚོས་པ་རྣམས་ཀྱིས་གཞན་དོན་གྱི་དམར་ཟས་མ་བཙོས་ན་ལེགས་ཤིང། ལྷག་པར་དགོན་སྡེ་ཁག་ནས་དབྱིན་ཡིག་སོགས་ལ་སྦྱང་བ་དགོས་པ་ཆེར་མི་མཐོང་བས། ཁྱེད་རྣམ་པས་བོད་ཀྱི་ཆོས་དང་རིག་གནས་ཐོག་ལ་གྲུབ་འབྲས་ཁྱད་དུ་འཕགས་པ་འཇོག་གནང་རྒྱུ་དེ་གཟི་བརྗིད་ཡིན་པ་མཁྱེན་དགོས། གལ་ཏེ་མི་སྐྱ་ཚོས་འཇིག་རྟེན་གྱི་དོན་མ་གྲུབ་པར་སེར་མོ་བ་ལ་རེ་དགོས་པ་ཞིག་ཆགས་ན་བྱ་བ་ཐམས་ཅད་རྦད་དེ་མགོ་རྟིང་ལོག་པ་ཡིན་པས་དུས་དེར་བསྟན་འགྲོའི་དོན་རྣམས་ཀྱང་ཚར་བ་ཡིན་ནོ།

 

          ཉ། སློབ་མ་རྣམས་ཚན་རིག་ལག་རྩལ་ལ་སྤྲོ་སྣང་འཕེལ་ཐབས་བྱེད་རྒྱུ་ནི་འབྱུང་འགྱུར་སྤྱི་ཚོགས་ཡར་རྒྱས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད།

 

          ཕ་མ་དང་དགེ་རྒན་རྣམ་པས་སློབ་མ་ཆུང་ངུ་ཚོར་རྒྱ་མི་ཞེས་པ་དེ་འདྲེ་ལྟ་བུ་ཞིག་ཡིན་པ་དང་རྒྱ་ནག་གི་བཙན་འཛུལ་བྱས་པ་ཁོ་ནས་བོད་ཀྱི་ཁོར་ཡུག་དང་མི་རིགས་རིག་གཞུང་ལ་བར་ཆད་བྱུང་བ་ཞིག་ཡིན་པའི་བསམ་བློའི་དྲིལ་བསྒྲགས་ཤུགས་ཆེན་དང་དངོས་ཡོད་དང་མི་མཐུན་པའི་སློབ་གསོ་གནང་རྒྱུ་མེད་ལ། གཙོ་བོ་བོད་ཀྱི་དཔལ་འབྱོར་རྗེས་ལུས་དང་རང་དབང་ཤོར་བ་སོགས་བོད་མི་རང་ལ་ཤེས་ཡོན་མེད་པའི་སྐྱོན་ལས་བྱུང་བར་ངོས་འཛིན་ཐུབ་པབྱས་ཏེ། སློབ་མ་ཚོའི་སེམས་ལ་མ་འོངས་བོད་ཁམས་འཛུགས་སྐྲུན་གྱི་འཚོ་བ་གསར་བ་དེ་གཙོ་བོ་ཚན་རིག་དང་ཨང་རྩིས། དཔལ་འབྱོར། ཆབ་སྲིད་སོགས་དེང་དུས་རིག་གནས་ཚད་ལྡན་ཞིག་ལོངས་པར་རག་ལས་ཚུལ་དང། རྒྱལ་ཁབ་གཞན་ལ་མ་རེ་བར་རང་ཡུལ་རང་སྐྱོང་ཐུབ་པ་ཞིག་ཡོང་བའི་འགན་འཁྱེར་ཐུབ་པའི་སློབ་གསོ་བརྒྱབ་ནས་ཁོ་ཚོ་སློབ་ཚན་གཞན་དག་རིགས་ལ་དགའ་སྣང་འཕེལ་བ་དང་སྐད་ཡིག་གཞན་དང་ཤེས་བྱ་བྱེ་བྲག་པ་ལ་ཆེད་ལས་མཁས་པ་ཆགས་པར་རྟག་ཏུ་བསྐུལ་འདེད་བྱེད་དགོས། ང་ཚོས་དེང་རབས་ཅན་གྱི་རྗེས་མ་ཟིན་པའི་རང་སྐྱོན་རང་བརྗོད་ཀྱིས་ཁོང་ཚོ་ང་ཚོ་ལྟ་བུ་ཞིག་མི་ཆགས་པའི་འགན་འཁུར་དགོས། ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་བོད་ཀྱི་རིག་གནས་འཛིན་སྐྱོང་བྱེད་སའི་ལྟེ་གནས་ཙམ་མིན་པར་དེ་བས་ཀྱང་འཛམ་གླིང་གི་ཤེས་བྱ་སྣ་མང་དང་ལག་ཤེས་འདྲ་མིན་རིགས་སྦྱོང་སའི་དེང་རབས་བོད་ཀྱི་སྣ་འཛོམས་ཤེས་ཡོན་གྱི་སློབ་གླིང་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་ཚང་མས་ཐུབ་དགོས།

 

          ཏ། ང་ཚོ་བཙན་བྱོལ་བའིསློབ་སྦྱོང་གི་གྲུབ་འབྲས་གཙོ་བོ་དེང་དུས་ཤེས་ཡོན་ལས་སྨིན་རྒྱུ་རྒྱུ་ནི་ད་ལྟ་དང་མ་འོངས་གཉི་གའི་དེང་རབས་འཚོ་ལམ་གྱི་དགོས་མཁོ་ཞིག་རེད།

 

          སྤྱིར་བོད་ཀྱི་ཆོས་རིག་འཛིན་མཁན་གྱི་གཙོ་ཤུགས་དཔུང་སྡེ་ནི་གྲྭ་བཙུན་རྣམས་ཡིན་པ་དང། དགོན་སྡེ་སློབ་གྲྭ་ལས་གྲངས་མང་བ་དང་ནང་ཆོས་ལ་དོ་སྣང་ཅན་མང་དུ་འགྲོ་བཞིན་པས་བོད་ཀྱི་རིག་གཞུང་གི་མ་རྩ་ལས་སླ་བོར་མི་བརླག་པར་ཡིད་ཆེས་བྱེད་ཆོག དེ་བས་ང་ཚོ་བཙན་བྱོལ་བའི་སློབ་གྲྭ་བརྒྱ་ཆ་དྲུག་ཅུའི་སློབ་སྦྱོང་གི་ཁ་ཕྱོགས་ནི་རང་གི་རིག་གནས་མིན་པར་དེང་དུས་རིག་གནས་གསར་བའི་ཕྱོགས་ལ་མཆོང་སྐྱོད་བྱེད་འོས།

          ད་ལྟ་མཁས་བླུན་ཚང་མ་ཁ་གཅིག་གྲགས་ཀྱིས་བོད་ཀྱི་རིག་གཞུང་ཉམས་ཆག་འགྲོ་གིན་འདུག བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་རྒྱུད་འཛིན་དང་གོང་འཕེལ་གཏོང་དགོས། ཞེས་དང༌། ལྷག་པར་དུ་མང་པོ་ཞིག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་མི་འདུག སློབ་གྲྭ་ཁག་གི་བོད་ཡིག་ཤེས་ཚད་ཧ་ཅང་སྐྱོ་བོ་རེད། ང་ཚོས་རང་གི་རིག་གཞུང་ཆ་ཚང་ཞིག་བདག་པོ་རྒྱག་ཐུབ་དགོས། བོད་མི་ཞིག་ཡིན་ན་ཐོག་མར་བོད་ཡིག་ཡག་པོ་ཤེས་དགོས་སོགས་ཀྱི་བསམ་ཚུལ་གླེང་སློང་ཙམ་མ་ཡིན་པར་འགུལ་སྐྱོད་ཀྱང་གང་འཚམ་རེ་བྱེད་ཀྱིན་ཡོད། དེ་ཚོ་བདེན་པ་དང་དགེ་མཚན་ལྡན་པ་ཞིག་ལོས་ཡིན་མོད། ཁོ་བོས་ནི་བོད་ཕྱི་ནང་གི་ད་ལྟའི་དངོས་ཡོད་འཚོ་བ་དང་མ་འོངས་པའི་མདུན་ལམ་ལ་རྒྱང་བལྟ་ཞིག་བྱས་ན། ང་ཚོ་བཙན་བྱོལ་བོད་མི་ཚོས་གཙོ་བོ་བོད་ཡིག་ལས་དབྱིན་ཡིག་དང་རང་གི་རིག་གནས་ལས་ཕྱིའི་རིག་གནས་ཐོག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གོ་སྐབས་ཡག་ཤོས་དང་ཕན་ཐོགས་ཆེ་ཤོས་སུ་མཐོང།

          ང་ཚོས་མི་རིགས་ཀྱི་ཞེན་ཁོག་ཁོ་ན་དང་གོམ་གང་གི་ས་ལམ་ཙམ་ལ་བལྟས་ནས་སྐད་ཆ་བཤད་ན་མི་འགྲིགས། ང་ཚོས་ཕྱོགས་གང་དང་གང་ནས་ཉམས་ཆག་དང་འཐུས་ཤོར་འགྲོ་བཞིན་པ་རེ་རེ་ནས་ངོས་འཛིན་དང། དེ་ལྟར་གྱུར་ན་སྐྱོན་གང་ཞིག་ཡོད་པ། དེ་ལས་སྐྱབས་ན་ཕན་ཐོགས་ག་རེ་ཡོད་པ། དེ་སྐྱོབ་ཐབས་གང་འདྲ་ཡིན་པ་བཅས་ལ་བསམ་ཞིབ་ནན་མོས་དཔྱད་བརྗོད་སྤེལ་ན་དགེ་མཚན་ཆེ་བ་ལས་མུན་ནག་མདའ་འཕེན་བྱས་ན་རང་མི་གསོད་པའི་ཉེན་ཁ་ཆེ། རྒྱ་དམར་གཞུང་གིས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་འཐོར་འགྲོ་རྒྱུའི་འཆར་གཞི་འཐེན་གྱིན་ཡོད་ན་ཡང་ཁ་ཅིག་གིས་ད་ལྟའི་ཆར་བོད་ཀྱི་རིག་གཞུང་ཉམས་འགྲོ་གིན་འདུག་ཟེར་བ་འདི་བདེན་པ་བདེན་རྐྱང་ཞིག་ཆགས་མེད། བོད་ཕྱི་ནང་གང་ལ་བལྟས་ཀྱང་བདེན་པ་ཞིག་མ་རེད། ང་ཚོའི་དཔེ་མཛོད་ཁང་སོགས་ཀྱི་དཔེ་དེབ་མང་པོ་ཞིག་བོད་ནས་ཐོན་ཡོད། བོད་ཡིག་གི་ཤེས་ཚད་ངེས་ཅན་ཡོད་པའི་གཞོན་སྐྱེས་མི་ཉུང་བ་ཞིག་ཀྱང་བོད་ནས་ཐོན་ཡོད། བཙན་བྱོལ་དུ་ཡོང་བའི་བོད་ཡིག་ཤེས་མཁན་དེ་འདྲ་དང་དེ་ལས་ལྷག་པ་གང་མང་ཞིག་བོད་ནང་དུ་བྱུང་དང་འབྱུང་བཞིན་ཡོད། ད་དུང་སྒེར་གཉེར་སློབ་གྲྭ་སོགས་མང་དུ་འགྲོ་བཞིན་ཡོད། གདན་ས་གསུམ་སོགས་དགོན་སྡེ་མང་པོར་རང་ལ་བུ་སྐྱེས་ན་མཁས་པ་དང་གྲུབ་པའི་གོ་འཕང་གི་འཕུར་ལམ་ཡོད། རྒྱ་གར་ལ་མཚོན་ན་ཡང་དགོན་པ་མང་པོ་དང་སློབ་གྲྭ་མང་པོ་ཡོད། ཡིག་རྨོངས་པའི་མི་རབས་རྒྱུན་བཅད་ཡོད། རིག་གནས་སྒྱུ་རྩལ་པའི་རིགས་ཀྱང་གང་འཚམ་ཞིག་ཡོད། བོད་ཡིག་གི་དུས་དེབ་སོགས་ཀྱང་ལོ་རེ་བཞིན་མང་པོ་ཞིག་ཐོན་གྱིན་ཡོད། དེ་བས་ང་ཚོ་སྔོན་མའི་དུས་རབས་དང་སྔ་མའི་མི་རབས་ལས་ཡར་རྒྱས་འགྲོ་གིན་ཡོད། འོན་ཀྱང་ཚད་གཞི་མཐོ་བའི་ཡར་རྒྱས་དང་བློ་ཁ་གང་བའི་ཡར་རྒྱས་སོང་མེད་ཀྱང༌། གང་ལྟར་ཉམས་རྒུད་དུ་གྱུར་མེད། དེ་བས་ང་ཚོས་དེ་ཙམ་གྱིས་བློ་ཕམ་བྱེད་འོས་མ་མཆིས། ལྷག་པར་བོད་ནང་ལ་ཉམས་ཆག་འགྲོ་གིན་མེད་ན་ང་ཚོའི་བློ་བདེ་བོ་བྱེད་ཆོག གལ་ཏེ་བོད་ནང་དུ་རིག་གཞུང་ཉམས་ཉེས་གྱུར་དང་འགྱུར་བཞིན་ཡོད་ན་ང་ཚོས་འདིར་སྐད་འབོད་ཙམ་མ་ཡིན་པར་རང་གི་རིག་གཞུང་ཆ་ཚང་བདག་པོ་རྒྱག་ཐུབ་དགོས་པ་དེ་གལ་ཆེན་ནང་གི་དོན་ཆེན་ཡིན་པ་བཤད་ཅི་དགོས། བོད་ཀྱི་མི་རིགས་ཉམས་རྒུད་མ་གྱུར་བར་དུ་བོད་ཀྱི་རིག་གཞུང་དེ་བཞིན་གནས་སྲིད་པ་ང་ཚོས་ཐག་བཅད་ནས་བཤད་ཐུབ། རྒྱ་གཞུང་གིས་ག་ཚོད་ཀྱིས་གནོད་གཞི་བརྩམས་ན་ཡང་རིག་གནས་གསར་བརྗེ་གཉིས་པ་ཞིག་ཡོང་མི་སྲིད་པ་རེད། གལ་ཏེ་ཐོན་པའི་དབང་དུ་བཏང་ཡང་༧གོང་ས་མཆོག་གི་ཐབས་མཁས་ཐུགས་རྗེའི་མཐུས་ད་ལྟ་བོད་ཀྱི་རིག་གནས་དེ་བཙན་བྱོལ་ནང་ལ་རྐང་ཚུགས་པའི་ཐོག་ཕྱི་རྒྱལ་ཁག་མང་པོར་ཁྱབ་ཅིང་དོ་སྣང་སླེབས་བཞིན་པ་ཞིག་ཡིན་པས་བོད་མི་རིགས་རྩ་མེད་སོང་ཡང་བོད་ཀྱི་ཆོས་དང་རིག་གནས་འཇིག་རྟེན་འདིར་གསོན་གནས་ཐུབ་པ་ཞིག་ཆགས་ངེས་སྙམ། འདི་ལྟར་བསམས་ན་ཡང་བདག་གི་བློ་ཁ་བདེ།

          ང་ཚོས་བོད་ནང་ལ་རང་གི་རིག་གནས་ཡར་རྒྱས་ཡོང་བར་རེ་བ་བྱེད་ཀྱིན་པ་བཞིན་གཞིས་བཞུགས་མི་མང་གིས་ང་ཚས་ཕྱིའི་ཤེས་ཡོན་ཚད་ལྡན་ཞིག་སྦྱངས་ཐུབ་ཀྱིན་ཡོད་པའི་ངོས་འཛིན་དང་རེ་བ་རྒྱག་གིན་ཡོད་པ་ཤེས་དགོས། ང་ཚོ་རྗེས་མ་བོད་དུ་ལོག་ནས་ཁོང་ཚོར་བོད་ཀྱི་རིག་གཞུང་བསླབ་དགོས་པའི་དགོས་མཁོ་གང་ཡང་མེད། ང་ཚོས་ཁོང་ཚོར་དབྱིན་ཡིག་དང། ཚན་རིག རྩིས་རིག དཔལ་འབྱོར་ཆབ་སྲིད་རིག་པ་སོགས་དེང་རབས་ཅན་གྱི་ཤེས་ཡོན་སྣ་འཛོམས་ཤིང་སྤུས་དག་པ་ཞིག་ལེགས་སྐྱེས་སུ་འབུལ་རྒྱུ་མེད་ན་ཁོང་ཚོའི་རེ་བ་ཆེན་པོ་ཞིག་ང་ཚོས་བསྐངས་མ་ཐུབ་པ་ཡིན་ལ། ཁྱེད་ཚོས་དུས་རབས་ཕྱེད་ལྷག་རིང་རང་དབང་གི་རྒྱལ་ཁབ་དུ་བསྡད་ནས་གོ་ཆོད་མི་འདུག་ཅེས་འཁང་ར་ཡང་བྱེད་ངེས། རྒྱལ་ཁབ་བམ་མི་རིགས་ཤིག་ལ་མཚོན་ན་སྐད་ཡིག་སྣ་འཛོམས་དང་ལག་རྩལ་སྣ་འཛོམས་སོགས་ཤེས་བྱ་རིགས་མང་པོ་ཞིག་གི་ཐོག་ནས་བྱ་བ་བསྒྲུབ་དགོས་པ་ཧ་ཅང་གལ་ཆེ། ངས་མི་ཤེས་པ་ཁྱོད་ཀྱིས་ཤེས་ཤིང་ཁྱོད་ཀྱིས་མི་ཤེས་པ་ངས་ཤེས་པ། ཁྱེད་ཀྱིས་མི་འཇོན་པ་དེ་ངས་ཐུབ་པ་དང་ངས་མི་ནུས་པ་དེ་ཁྱོད་ཀྱིས་ཐུབ་པ་ཞིག་ཡིན་ན་དགེ་མཚན་ཆེ་བ་ལས་ངེད་གཉིས་ཀྱི་ཤེས་པ་དེ་གཅིག་དང་མི་འཇོན་ས་གཅིག་པ་ཆགས་ན་ང་ཚོ་མུ་མཐུད་དེ་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་ལ་ང་ཚོ་མུ་མཐུད་དེ་རྗེས་ལུས་ནས་རྗེས་ལུས་སུ་ལུས་རྒྱུ་དེ་ཡིན།

          དེ་བས་ང་ཚོ་བཙན་བྱོལ་བའི་སློབ་གྲྭ་ཁག་ནང་དུ་ཕྱིའི་སྐད་ཡིག་དང་དེང་རབས་ཤེས་བྱ་རིགས་ལ་གཙོ་ཤུགས་འདོན་རྒྱུ་དང་ལྷག་པར་རིགས་གཅིག་རྐང་འཛིན་པའི་ཆེད་ལས་མཁས་པ་གསོ་སྐྱོང་བྱ་རྒྱུ་གལ་ཆེ། གལ་ཏེ་ཁྱོད་ཀྱིས་བོད་ཡིག་ངོ་མ་ཤེས་ཀྱང་ཤེས་བྱ་གཞན་ཞིག་གིས་མི་རིགས་ལ་ཕན་ཐོགས་པའི་ལག་རྗེས་ཤིག་འཇོག་ཐུབ་པ་ཡིན་ན་དེ་ནི་མི་ཚེ་དོན་ཡོད་དང་བྱ་བ་རླབས་ཆེན་ཞིག་རེད། དེ་བས་ཁྱེད་ཀྱིས་རང་གི་རིག་གཞུང་མ་ཤེས་པར་ངོ་ཚ་གང་ཡང་བྱེད་མི་དགོས། ང་ཚོས་དབྱིན་ཡིག་དང་ཧིན་སྐད་ཐོག་ནས་རྩོམ་ཡིག་རིགས་སྤེལ་ནས་མི་རིགས་གཞན་དང་འགྲན་སྡུར་ཐུབ་མཁན་བྱུང་ན་དེ་ཡང་མི་རིགས་ཀྱི་ལ་རྒྱ་ཞིག་ཡིན། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་མི་དེ་རིགས་ཆེས་དཀོན་མོ་རེད།

          ང་ཚོ་ཚང་མས་བོད་ཡིག་སྦྱངས་ཏེ་ཚང་མ་འདྲ་མཉམ་ཆགས་ནས་ལས་ཀ་མ་ཐོབ་པར་སྡུག་སྐད་བརྒྱབ་ནས་སྡོད་པ་ལས་སྐད་ཡིག་གཞན་དང་ཤེས་བྱ་གཞན་ཐོག་ནས་མ་མཐར་ཡང་རང་གི་འཚོ་བ་སྐྱེལ་ཐུབ་པ་ཞིག་བྱ་དགོས། དེ་ཡང་གཞུང་གི་ཁུར་བོ་ཞིག་ཇེ་ཡང་ལ་བཏང་བ་ཡིན། ལོ་ནའི་གནས་བབ་ཀྱིས་དེ་འདྲ་མི་ཡོང་བའམ་མི་འཇོན་པ་ཚོ་ཕྱི་རྒྱལ་ཁག་ཏུ་སོང་ནས་རང་ཉིད་ཕྱུག་པོ་བཟོས་ནས་ཕྱིར་བོད་མིའི་སྦྱིན་བདག་ཐུབ་ན་རབ་དང། མ་མཐརཡང་རང་གི་བྱིས་པ་དག་ལ་ཤེས་ཡོན་ཕྱུག་པོ་ཞིག་བཟོ་ཐུབ་ན་དེ་ཡང་མི་ཚེ་དོན་ཡོད་རེད།

          རྡ་རམ་ས་ལ་ནས་ཡར་ལ་མ་ཐོན་མར་ལ་མ་ཐར་བར་མ་དོ་ནས་འཁྱམས་ནས་ལུས་ན་མི་ཚེ་སྟོང་ཟད་རེད། དེ་བཞིན་གཞིས་ཆགས་མི་མང་ལ་མཚོན་ན་ཡང་ཁ་གསོ་ཐུབ་ཙམ་གྱི་མི་ཚེ་སྐྱེལ་བ་ལས་ལམ་གཞན་དུ་བསྐྱོད་ཐུབ་ན་བཟང། ས་ཆ་གང་དུ་སོང་ན་ཡང་ལས་ཀ་གང་ཞིག་བྱས་ན་ཡང༌། ༧གོང་ས་མཆོག་གི་སྐུ་དྲིན་མ་བརྗེད་ཅིང་བོད་མི་རིགས་ཀྱི་ལས་སྐལ་མ་བརྗེད་པར་རང་གི་རིགས་ཞེན་གྱིས་རང་ཉིད་མི་རིགས་གཞན་ལ་ཕར་མ་འཐིམ་པར་རང་གི་ནུས་ཚོད་ཀྱིས་མི་རིགས་ཀྱི་ཆེད་དུ་ལས་ཀ་ཆུང་ཚགས་རེ་བསྒྲུབ་ཐུབ་ན་དེ་ཡང་མི་རིགས་ཀྱི་ལ་རྒྱ་ཞིག་བཟུང་བ་ཡིན། གལ་ཏེ་ཁྱོད་ཀྱི་བཟང་སྤྱོད་ཀྱི་ཐོག་ནས་གཞན་ཁ་ཚུར་འཁོར་བའི་ནུས་པ་ཞིག་ཐོན་ན་དེ་ཡང་ཁྱོད་ཀྱི་ཡོན་ཏན་ཆེན་པོ་ཞིག་ཡིན་ལ། མི་རེ་རེས་འཛམ་གླིང་མི་རིགས་ཁག་ནང་ལ་བོད་པ་ཞེས་པའི་དར་ཆ་ཆུང་ཆུང་རེ་འཛུགས་ཐུབ་ན་དེ་ནི་མི་རིགས་ལའང་ཕན་པའི་བྱ་བ་དགའ་ཞིག་ཡིན་ནོ།

 

          མཐའ་དོན། ང་ཚོས་མི་རིགས་ཀྱི་ལར་ཞེན་འཛིན་ཚུལ་འདི་ནི། མི་རིགས་འདི་དང་འདིའི་རིག་གཞུང་གིས་རང་ཉིད་ཙམ་དུ་མ་ཟད་དེང་གི་འཛམ་གླིང་ཞི་བདེའི་ཐད་ལའང་ལེགས་སྐྱེས་ཆེ་ཙམ་ཞིག་འབུལ་རྒྱུ་ཡོད་པའམ་འབུལ་ཐུབ་པའི་དགེ་མཚན་འདི་ངོས་འཛིན་ཐུབ་ན་མི་རིགས་གུ་དོག་རིང་ལུགས་ཀྱི་ལམ་ཁོ་ནར་རྙིང་ཞེན་ཨུ་ཚུགས་བྱེད་པ་དག་དང་གཏན་མི་འདྲའོ། །

 

རང་གི་ཁ་ཕོར་ཙམ་ལ་མ་ཞེན་པར།

རང་གི་རིགས་ལ་ཞེན་པའི་གཞེན་བསྐུལ་འདིར།

ཡང་དག་མ་ཡིན་ལོག་པར་སྨྲས་པའི་ཆ།

ཡོད་ཀྱང་གནོང་དང་ངོ་ཚ་ནམ་ཡང་མེད། །

 

༢༠༠༡་ལོའི<<གངས་ལྷ་མེ་ཏོག>>ནང་བཀོད།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php