བོད་ཀྱི་རིག་གཞུང་ཉར་སྲུང་དང་ལྷག་དཀར།

 

    བོད་ཀྱི་རིག་གཞུང་ཟེར་བ་འདི་བོད་རང་ལ་གནའ་སྔོན་མ་ཞིག་ནས་རིམ་བཞིན་གསོག་ཉར་གྱིས་མི་རིགས་རང་གི་ཚེ་ནོམ་འདྲ་བོར་གྱུར་པའི་ཆུང་ས་བཟའ་བཏུང་རྒྱན་གོས་ནས་ཆེ་ས་ཆོས་ལུགས་གྲུབ་མཐའི་བར་གྱི་ཕན་ནུས་ལྡན་པའི་རིག་གནས་ཚང་མར་གོ་དགོས་པ་ཞིག་རེད།
    དེ་ཡང་ཡོངས་གྲགས་ལ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་བརྗོད་པའི་ནང་ལ་ཕལ་ཆེ་བ་འདུས་ཡོད། རིགས་པའི་གཞུང་ལུགས་ཞེས་པ་དེ་དག་ནི་མཁས་པར་སློབ་པ་རྣམ་པའི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་གི་རིགས་ཤིག་ལས་མི་དམངས་ཀྱི་ལོངས་སྤྱོད་ཅིག་ཡིན་མི་དགོས་ན་ཡང་ཐང། གང་ལྟར་དེ་དག་ཀུན་པོ་མི་རིགས་འདིའི་སྤྱི་ནོར་དུ་བརྩི་འོས་པ་ཞིག་ལོས་ཡིན། དེས་ན་ནང་པའི་ཆོས་དང་གསོ་བ་རིག་པ། ཚད་མ་རིག་པ། བཟོ་རིག་པ། སྒྲ་རིག་པ། རྩོམ་རིག་འདི་དག་ཕྱོགས་གཅིག་ནས་གཞུང་ལུགས་ཤིག་གི་རྣམ་པ་ཡིན་པར་མ་ཟད་ཕྱོགས་གཞན་ཞིག་ནས་མི་རིགས་འདིའི་ལུས་ངག་ཡིད་གང་རུང་ལ་ཐིམ་པའི་བག་ཆགས་ཀྱི་རིག་གནས་ཤིག་ཀྱང་ཅི་ལ་མིན། སྐབས་དོན་བྱེ་བྲག་ཏུ་རིག་གཞུང་ཉར་སྲུང་སྐོར་ཅུང་གླེང་བར་བྱའོ།
    ༡༽ བོད་སྐད་དང་བོད་ཡིག་ཉར་སྲུང་ཐུབ་མིན་ནི་བོད་མི་རིགས་ཀྱི་ངོ་བོ་དང་འབྲེལ་བའི་རིག་གཞུང་གི་རྩ་བར་ཐུག་པ་ཞིག་ཡིན།
    མཁས་པའི་མཛད་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་དག་ནི་སྐད་དང་ཡི་གེ་དེ་དག་སྤུས་ཇེ་དག་དང་འཐུས་ཇེ་ཚང་ལ་གཏོང་བའི་ཡོ་བྱད་གལ་ཆེན་ལྟ་བུ་རེད། གལ་ཏེ་བརྡ་སྤྲོད་རིག་པའི་དེབ་ཅི་ཙམ་མང་ན་ཡང་དེ་དག་ཉིན་རེའི་འཚོ་བའི་ཁྲོད་དུ་ལག་ལེན་ཇེ་ཉུང་ལ་གྱུར་ཚེ་མི་རིགས་ཀྱི་རིག་གཞུང་མཐའ་དག་གི་གཞི་རྩ་ཉམས་ཉེས་ཀྱི་ལྟས་ཡིན། རང་གི་སྐད་དང་ཡི་གེ་བོད་མི་རེ་རེའི་ཁ་ནས་བཤད་ཐུབ་པ་ཞིག་དང་ལག་ནས་འབྲི་ཐུབ་པ་ཞིག་བྱུང་ན་དེ་ནི་ཉར་སྲུང་ངོ་མ་ཡིན།
    དེས་ན་ང་ཚོར་མཚོན་ན་ལྷག་དཀར་གྱི་ཉིན་མོ་འདིར་བོད་སྐད་དང་བོད་ཡིག་ཆེད་སྦྱོང་གི་ལས་འགུལ་སྤེལ་རྒྱུ་དེར་དོན་སྙིང་ཡོད་པ་ཞིག་རེད། འདི་ང་ཚོ་ཕལ་མོ་ཆེས་བྱེད་ཐུབ་པ་ཞིག་ཀྱང་རེད་འདོད། དཔེར་ན་ཁྱིམ་ཚང་ནང་ནས་བོད་སྐད་ཤོད་པ་དང་བོད་ཡིག་འབྲི་ཀློག་བྱེད་པ། ཡང་ན་ཉིན་དེར་དྲ་ལམ་ནས་གྲོགས་པོ་གྲོགས་མོ་སོགས་ལ་བོད་ཡིག་གི་ཡིག་འབྲེལ་བྱེད་པ། འདིར་བོད་རིགས་ཚོགས་པས་གོ་སྒྲིག་ཞུ་བཞིན་པའི་གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་ཞིག་ཡོད་པ་འདི་ཡར་རྒྱས་གཏོང་ཐབས་དང། བོད་པ་ཁྱིམ་ཆུང་གིས་ཀྱང་བོད་ཡིག་སློབ་ཚན་གསར་འཛུགས་བྱ་རྩིས་ཡོད། དེ་བཞིན་རྒྱལ་ཁོངས་གཞན་དང་ས་ཁུལ་གཞན་དག་ནས་ཀྱང་བདུན་རེའི་ནང་ལ་བོད་ཡིག་ཆེད་སྦྱོང་གི་འཛིན་གྲྭ་འཚོག་ཐུབ་རྒྱུ་གལ་ཆེན་པོ་རེད།
    གཞན་ཡང་། ལྷག་དཀར་དགོང་ཚོགས་ཏེ། བོད་ཀྱི་གླུ་གཞས་རིགས་དང་ཞབས་བྲོའི་རིགས། གཏམ་དཔེ་དང་གབ་ཚིག་སོགས་ཀྱི་རོལ་རྩེད། ཁ་ཤགས་དང་གེ་སར་གྱི་སྒྲུང་གླུ་སོགས་དམངས་ཁྲོད་རིག་རྩལ་དགོང་ཚོགས་རིགས་སྤེལ་ཐུབ་ན་ཞུགས་མཁན་མང་པོ་ཡོད་པ་རེད། (བོད་ནང་ལ་ལྷག་པར་དར་ཁྱབ་གཏོང་དགོས)
    ༢༽ ནང་ཆོས་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་ཡང་བོད་པ་ཚོའི་འོས་འགན་དམིགས་བསལ་ཞིག་རེད།
    བོད་མི་མང་ཆེ་ཤོས་ལ་ཆོས་ལུགས་དད་མོས་ཀྱི་འདུ་ཤེས་ཡོད་པ་རེད། འདི་ལ་ཞེན་ཁོག་འདྲ་བོ་ཡང་ཆེན་པོ་ཡོད་རེད། གཞི་རྩའི་ཆ་ནས་བཀའ་བསྟན་འགྱུར་སོགས་དང་གཙུག་ལག་ཁང་དང་དགོན་སྡེ་སོགས་ཧ་ཅང་མང་པོ་ཡོད་པར་མ་ཟད་ནང་པའི་ཆོས་ཚོགས་ཀྱང་ཧ་ཅང་མངས་པས་་ནང་ཆོས་ཀྱི་གཞི་རྐང་བརྟན་ཞིང་ཁྱབ་ཆེ་བ་འདྲ་ཞིག་རེད། འོན་ཀྱང་འཇིག་ཉེན་གྱི་རང་བཞིན་ཡང་ཆེ་སྟེ། ལོ་རེ་བཞིན་དུ་དགོན་སྡེའི་སློབ་གཉེར་ཇེ་ཞན། གྲྭ་བའི་སྤུས་ཚད་ཇེ་ཞན། གྲྭ་རྒྱུན་ཇེ་ཉུང། ལྷག་པར་མི་དམངས་ནང་ལ་ནང་དོན་རིག་པའི་གོ་བ་རང་རྐྱ་འཕེར་བ་ཧ་ཅང་དཀོན་ལ། མཐོ་སློབ་ཐོན་མཁན་ནང་ན་ཡང་ནང་ཆོས་ཀྱི་རྒྱུན་ཤེས་རིགས་མི་ཤེས་མཁན་ཧ་ཅང་མང་། ད་དུང་གྲྭ་བ་ལོག་མཁན་མང་བར་མ་ཟད་དད་པ་ཉམས་ཀྱིན་ཡོད་པ་དང་ལོག་ལྟ་བ་ཡང་ཇེ་མང་ཡིན་པ་འདྲ་བོ་ཚོར་གི་འདུག
    དེས་ན་ནང་ཆོས་ཀྱི་ལྟ་གྲུབ་ལ་སློབ་སྦྱོང་གིས་དགེ་སྡིག་གི་ལས་འབྲས་ལ་ཡིད་ཆེས་སྐྱེད་རྒྱུ་འགངས་ཆེ་བར་མ་ཟད་རང་གི་དད་མོས་དེ་ཉར་སྲུང་སླད་ཞལ་འདོན་རིགས་མ་ཆག་པ་དང་ཁ་ཏོན་གྱི་ནང་དོན་ཡང་གོ་བ་ལེན་ཐུབ་པ། དེ་བཞིན་དེ་དག་ལག་ལེན་ཆ་ཚང་དཀའ་ན་ཡང་ཡིད་སྨོན་དང་བཅས་ཆ་ཤས་རེ་སྒྲུབ་པར་བརྩོན་རྒྱུ་དེ་མི་རང་ཉིད་ལ་དོན་སྙིང་ཆེ་བར་མ་ཟད། མི་རིགས་ལ་མཚོན་ན་ཡང་གཅིག་གྱུར་གྱི་འདུ་ཤེས་དང་ཆིག་སྒྲིལ་གྱི་ནུས་པ་འདོན་པར་ཕན་རླབས་ཆེ། དེ་བས་ན་ལྷག་དཀར་གྱི་ལས་གཞིའི་ནང་ལ་ནང་ཆོས་ངོ་སྤྲོད་དང་སྒོམ་རྒྱག་སྟངས་སོགས་ཀྱི་ལས་འགུལ་འདི་རིགས་སྤེལ་དགོས་ངེས་ཤིག་རེད། འདི་ཉིད་མཐར་གཏུགས་ན་མིའི་རིགས་ཀྱི་བསམ་སྤྱོད་མཐོར་འདེགས་ལ་ཕན་པའི་ཞབས་ཞུ་གལ་ཆེན་ཞིག་ཀྱང་རེད།
    ནང་ཆོས་སློབ་གཉེར་གང་འཚམ་གནང་མྱོང་མཁན་དག་ལ་མཚོན་ན་གཞན་ལ་ཆོས་བཤད་མ་ནུས་ཀྱང་རང་གི་ཤེས་བྱ་རྩ་ཆེ་ཤོས་དེ་གཅེས་ཉར་དང་གོང་འཕེལ་གཏོང་དགོས་ངེས་ཤིག་རེད། རྟགས་གསལ་གཏོང་སྲོལ་དེ་ཡང་གྲྭ་སའི་ཁོར་ཡུག་ལས་བརྒལ་ནས་སློབ་གླིང་དང་དམངས་ཁྲོད་ལའང་དར་ཁྱབ་གཏོང་དགོས་ངེས་ཤིག་ཡིན་པར་ངོས་འཛིན་ཐུབ་དགོས། འདིའི་ཐད་ལ་སྐྱ་བབ་པ་རྣམ་པས་དམིགས་བསལ་ནུས་པ་འདོན་ཐུབ། ཆོས་ལུགས་ཀྱི་དུས་དྲན་སོགས་སུ་ནང་ཆོས་དང་ཤེས་བྱ་གཞན་དག་སྐོར་ལ་ཡང་རྟགས་གསལ་གཏོང་བའི་འགྲན་སྡུར་རིགས་སྤེལ་འོས་པ་ཞིག་རེད།
    ༣༽ བོད་ཀྱི་ལོ་རྒྱུས་སྐོར་ཤེས་རྟོགས་བྱ་རྒྱུ་དེ་ཡང་བོད་མི་རེ་རེའི་འོས་འགན་གལ་ཆེན་ཞིག་རེད།
    ང་ཚོ་བཙན་བྱོལ་བ་ཚོར་མཚོན་ན་བོད་ཀྱི་སྲིད་དོན་ལོ་རྒྱུས་ཡག་པོ་ཤེས་དགོས་ངེས་ཤིག་རེད། རྒྱུ་མཚན་ང་ཚོ་གཞུང་དམངས་ཚང་མར་་བོད་དོན་དྲིལ་སྒྲོག་གི་འོས་འགན་ཞིག་རང་བཞིན་གྱིས་ཡོད་པ་རེད། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་ཇི་ལྟར་བྱས་ཚུལ། སྐྱབས་བཅོལ་ལ་ཇི་ལྟར་ཡོང་ཚུལ། སྐྱབས་བཅོལ་བའི་གནས་བབ། རྒྱལ་སྤྱིའི་ཐོག་གི་བོད་དོན་གནས་བབ་སོགས་ང་ཚོའི་བོད་མི་རེ་རེའི་ངོས་ནས་ཤེས་དགོས་ངེས་ཤིག་རེད། བོད་ནང་ནས་ད་དུང་ཡང་ངོ་རྒོལ་གྱི་རྣམ་པ་ཅི་རིགས་མུ་མཐུད་དུ་འབྱུང་སྲིད་པ་རེད། འདི་དག་གི་རྩ་བའི་རྒྱུ་དང་རྐྱེན་སོགས་གསལ་རྟོགས་ངེས་པར་ཐུབ་དགོས། མདོར་ན། བོད་མི་རེ་རེ་བོད་དོན་དྲིལ་སྒྲོག་པའི་ཕོ་ཉ་རེ་རེ་ཡིན་སྙམ་དགོས་ལ་འགན་དེ་གང་ཐུབ་ཐུབ་ཅིག་འཁུར་ཐུབ་ན་ང་ཚོའི་མི་རིགས་གཞན་དག་གི་རྒྱབ་སྐྱོར་གྱི་ནུས་པ་ཤུགས་ཇེ་ཆེར་གཏོང་རྒྱུར་རོགས་ཕན་ཆེན་པོ་ཐུབ། དེས་ན་ལྷག་དཀར་གྱི་ཉིན་མོར་བོད་དོན་བདེན་པའི་འཐབ་རྩོད་ཀྱི་བགྲོ་གླེང་རིགས་གནང་རྒྱུ་དེ་ཡང་ཧ་ཅང་གལ་འགངས་ཆེ་བ་ཞིག་ཆགས་ཡོད།
    མདོར་ན།    “ང་བོད་མི་ཞིག་ཡིན། ང་བོད་མི་རྣམ་དག་ཅིག་བྱེད་དགོས།” ཡང་ན། “ང་བོད་ལ་དགའ། ངས་བོད་དོན་རེ་སྒྲུབ་དགོས།” འདི་ནི་ལྷག་དཀར་གྱི་དམ་བཅའ་འམ་དྲན་སྐུལ་དེ་ཡིན་འོས། རྒྱུ་མཚན་ནི་བོད་ཀྱི་རིག་གཞུང་ཟེར་བ་འདི་དག་ཀྱང་མིའི་རིགས་ཀྱི་གཅེས་ནོར་གྱི་ཆ་ཤས་ཤིག་ཡིན་པས་སོ།།
    དེ་རིང་གི་བརྗོད་གཞི་ལྷག་དཀར་ཡིན་པས་འདི་ལྟར་ཞུས་པ་ཡིན། སྤྱིར་ན་དུས་ཚོད་ནམ་ཡོད་དང་གོ་སྐབས་ནམ་རག་ལ་རང་འགན་རང་འཁུར་གྱིས་སྤྱི་དོན་མཉམ་འཁུར་ལ་གཞོགས་འདེགས་བྱེད་དགོས་པ་ལས་ཉི་མ་བྱེ་བྲག་པ་གང་ཞིག་ཁོ་ནར་དམིགས་དགོས་པ་ཞིག་རྩ་བ་ནས་མིན་པ་དགོངས་འཇགས་ཞུའོ།།
།ལྷག་བསམ་རྣམ་དཀར་དགེ་བའི་ལས། །ཅི་ཙམ་སྤེལ་བ་དེ་ཙམ་གྱིས། །རང་གཞན་དོན་གཉིས་ཕུན་ཚོགས་ཀྱི། །རྒྱུ་རྐྱེན་ཉིད་དུ་འགྱུར་བར་གསུངས།
ཧྥ་རན་སི་བོད་ཀྱི་དོན་གཅོད་ཁང་གིས་ཇི་ལྟར་གཞེན་སྐུལ་གནང་བ་ལྟར་༢༠༡༢།༦།༢༡།ལ་ཆབ་བྲག་ལྷ་མིང་འཛིན་པས་སྦྱར་བ་དགེའོ།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php