༄༅།།མ་ཎི་བཀའ་འབུམ།

 

<<མ་ཎི་བཀའ་འབུམ>>ནི་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོས་རང་གིས་ཉམས་བཞེས་གནང་བའི་མདོ་སྔགས་ཀུན་འདུས་ཀྱི་ཆོས་ཕུང་ཆེན་པོ་མ་ཎི་ཡི་གེ་དྲུག་མའི་ཆོས་སྐོར་ཟབ་ཅིང་རྒྱས་པ་དག ཕྱི་རབས་གདུལ་བྱ་སྤྱི་དང་སྒོས་སུ་བོད་ཁ་བ་ཅན་ལ་མ་འོངས་པར་འཕགས་པ་ཐུགས་རྗེ་ཆེན་པོའི་ཆོས་ཀྱིས་ཕན་པར་དགོངས་ནས་གླེགས་བམ་བཞེངས་ཏེ། ར་ས་འཕྲུལ་སྣང་གི་གློ་འབུར་དུ་ཐུགས་རྗེ་ཆེན་པོའི་ལྷ་ལྔ་མའི་ལྷ་ཁང་གི་རྟ་མགྲིན་གྱི་ཞབས་གཡས་པའི་འོག་ཏུ་གཏེར་དུ་སྦས་པ། ཐུགས་རྗེ་ཆེན་པོ་ནོར་བུའི་རྒྱན་གྱི་བཤད་འགྲེལ་ཆེན་མོ་མཛད་མཁན་སློབ་དཔོན་གྲུབ་ཐོབ་དངོས་གྲུབ་ཀྱིས་གཏེར་ནས་བཏོན། 

 

སྲོང་བཙན་གྱིས་དངོས་སུ་མཛད་པའི་ཡི་གེ་དྲུག་མའི་སྒྲུབ་ཐབས་སམ། ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་རྒྱན་ཡི་གེ་དྲུག་པ་འཕྲུལ་གྱི་དུམ་བུ་ཞེས་པའི་བསྟན་བཅོས་ཀྱི་མཚན་དང༌། ཡིག་དྲུག་ཆོས་སྐོར་གྱི་ཞལ་གདམས་དུ་མ་དང༌། དེ་བཞིན་འཁོར་འབངས་ཚོར་ཡང་ཡིག་དྲུག་གི་དམ་ཆོས་ལས་འཕྲོས་པའི་ཞལ་གདམས་དུ་མ་གནང་བས་ན། མ་ཎི་བཀའ་འབུམ་ཞེས་པའི་མཚན་གསོལ་བ་ཡིན་ངེས། འོན་ཀྱང་ད་ལྟའི་མཎི་བཀའ་འབུམ་ཞེས་པའི་གླེགས་བམ་འདི་གཉིས་ཆ་ཚང་ཆོས་ཀྱི་བཀའ་ཆོས་རྐྱང་པ་ཞིག་མིན།

 

མ་ཎི་བཀའ་འབུམ་འདི་ལ་མདོ་སྐོར་དང༌། སྒྲུབ་སྐོར། ཞལ་གདམས་ཀྱི་སྐོར་གསུམ་དུ་ཕྱེ་ཡོད།

 

         མདོ་སྐོར་ལ། ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩའི་ལོ་རྒྱུས་ཆེན་མོ་ལེའུ་སོ་དྲུག་ཅན་དང༌། ཐེག་པ་ཆེན་པོ་ཟ་མ་ཏོག་གི་མདོ། ཕྱག་སྟོང་སྤྱན་སྟོང་གི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པའི་གཟུངས་ཆོ་ག་དང་བཅས་པ་གསུམ་ནི་ལོ་ཙཱ་བའི་འགྱུར་ཆོས་ཏེ་རྗེས་སུ་ཁར་བསྣན་པར་ངེས།

 

གཏེར་ཆོས་དངོས་ལའང༌། སྲོང་བཙན་གྱི་མཛད་རྣམ་སྐོར་དང༌། གསུང་སྒྲོས་མན་ངག་གི་སྐོར་གཉིས་བཞུགས། དང་པོ་ལ་ཤཱཀྱ་ཐུབ་པའི་བསྟན་པ་ལ་མཛད་པའི་རྣམ་ཐར་དང༌། སངས་རྒྱས་གཞན་དག་གི་བསྟན་པར་མཛད་པའི་རྣམ་ཐར་གཉིས་ཡོད་པའང་ཚང་མ་ཆོས་རྒྱལ་གྱི་བཀའ་མིན། གསུང་སྒྲོས་མན་ངག་ཞལ་གདམས་སྐོར་ནི་བཀའ་དངོས་ལགས།

 

           ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་སྐོར་ལ། སྒྲུབ་ཐབས་ཆེན་མོ་དང༌། སྒྲུབ་ཐབས་ཕྲན་བུ་གཉིས། དང་པོ་ལའང་དྲུག་སྐོར་དང་སུམ་སྐོར་གཉིས། དེ་གཉིས་ལ་སྤྱིའི་ཁོག་དབུབས་དང༌། སྒོས་ཀྱི་བཤད་འགྲེལ་བསྡུས་དོན་བཅས་བཤད་ཆོས་དང༌། ཡིག་དྲུག་སྒྲུབ་ཐབས་དྲུག་སྐོར་རྩ་བ། ཐུགས་རྗེ་ཆེན་པོའི་དྲུག་སྐོར་ལས་ཚོགས་དང་བཅས་པ། སུམ་སྐོར་རྩ་བ། གཅིག་སྐོར་རྣམས་ནི་ལག་ལེན་སྒྲུབ་ཆོས་སྐོར་ཡིན།

 

སྒྲུབ་ཐབས་ཕྲན་བུ་ལ། སྒྲུབ་ཐབས་བསྡུས་འབྲིང་དང༌། རྒྱས་པ་ཐུགས་རྗེ་ཆེན་པོའི་གཅིག་སྒྲུབ་དང་གསུམ་པོ་ལག་ལེན་གྱི་ཆོས་སྐོར་དང༌། རྒྱལ་བ་སུམ་སྒྲིལ་དང་འཇིག་རྟེན་དབང་ཕྱུག་གཉིས་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། རྟ་མགྲིན་དྲེགས་པ་དབང་སྡུད་ནི་ཁྲོ་བོས་བགེགས་དབང་དུ་སྡུད་ཐབས། མཁའ་འགྲོ་མའི་གསང་སྐོར་དང༌། གསང་བ་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། ཡི་དམ་ལྷ་དབང་དུ་སྡུད་པ་གསུམ་ནི་དབང་སྡུད་ཀྱི་ཆོས་སོ། བྱིན་རླབས་སྤ་ཆོས་ནི་ནད་གདོན་སྡིག་སྒྲིབ་ཞི་བར་བྱེད་པའི་བྱིན་རླབས་ནུས་པའི་སྐོར་ལགས།

 

གསུམ་པ་ཞལ་གདམས་ཀྱི་ཆོས་སྐོར་ལའང༌། རྒྱ་ཆེ་བ་གཞན་དོན་དུ་གདམས་པ། ཟབ་པ་རང་དོན་དུ་གདམས་པ་གཉིས་སོ། དང་པོ་ལའང་ཡབ་ཡུམ་སོགས་ཀྱིས་ཆོས་རྒྱལ་ལ་ཞུས་པའི་ཞུས་ལན་གྱི་ཞལ་གདམས་བརྒྱད་དང༌། ཡང་ཡབ་ཡུམ་བཙུན་མོ་སོགས་ལ་དམ་ཆོས་ངོ་སྤྲོད་ཀྱི་ཞལ་གདམས་བརྒྱད། ཞལ་གདམས་བཀའ་ནན་མ་བཅུ་གཉིས། གཞན་ཡི་གེ་དྲུག་པའི་སྐོར་ལ་ཞལ་གདམས་བརྒྱད། སྐྱབས་འགྲོ་སེམས་བསྐྱེད་ལམ་འཁྱེར་སོགས་ལམ་འཁྱེར་གྱི་ཞལ་གདམས་ལྔ་བོ་བཅས་འདི་ཡན་ཆོས་ཚན་དང་པོའི་ཤོག་དྲིལ་ལོ།

 

དྲུག་ཚན་བཅུ་བ་དང་སུམ་ཚན་བཞི་བཅུ་བ་སོགས་ཞལ་གདམས་ཐོར་བུའི་སྐོར་ལྔ། དབང་བོ་རབ་འབྲིང་ཐ་མའི་ལམ་གྱི་རིམ་པ་བསྟན་པའི་ཞལ་གདམས་གསུམ། འཁོར་བ་འཇུག་ལྡོག་དང་ལྟ་དགོངས་དོན་རྒྱུད་གཉིས་མས་འཇུག་ཡས་བཟློག་གི་ཞལ་གདམས་བཅས་པ་ནི་བཀའ་ཆོས་བར་མའི་ཤོག་དྲིལ་ལོ།

 

སྐྱེ་བོ་མ་རིག་པ་ཆོས་ལ་འཛུད་པ་སོགས་སྐྱོན་མཚང་འབྱིན་པའི་ཞལ་གདམས་དྲུག སྒྲུབ་པ་སྒྲུབ་འཇུག་སོགས་ཆོས་པ་སྲང་དུ་འཇལ་བའི་ཞལ་གདམས་ལྔ། ཕ་རོལ་དུ་ཕྱིན་པ་བཅུ་སོགས་ཕྱི་ནང་གི་ཆོས་བཞིའི་ཞལ་གདམས། ཐུགས་རྗེ་ཆེན་པོའི་ཁྱད་པར་བའི་ཞལ་གདམས་བཞི། བར་དོ་དྲུག་སོགས་ཞལ་གདམས་ཆོས་བཞི། དམ་ཚིག་དང་སྐྱབས་འགྲོའི་གདམས་པ་སོགས་ཕྱི་ནང་གི་བསླབ་གཞིའི་ཞལ་གདམས་བཞི། སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་སོགས་གཞན་ཕན་རང་སྨིན་གྱི་ཆོ་གའི་རིམ་པ་ཞལ་གདམས་བརྒྱད་བཅས་བཀའ་ཆོས་ཐ་མའི་ཤོག་དྲིལ་བཅས་ནི་ཞལ་གདམས་ཆེ་ཁག་གི་སྐོར་ཡིན་ནོ།

 

གཞན་ཡང་ཞལ་གདམས་ཟབ་དོན་ཆུང་ཚགས་སྐོར་ལའང༌། ནང་འཁོར་དགུ་ཡི་ཞུས་ལན་ཟབ་མོའི་གདམས་པ་དགུ་དང༌། ཕྱི་འཁོར་བརྒྱད་ལ་གདམས་པའི་ཟབ་དོན། ཟབ་པ་ཐུན་མིན་ཞལ་གདམས་དང་ཐུན་མོང་བའི་ཞལ་གདམས་ལྔ། རྩ་རླུང་གི་གདམས་པ་སོགས་ཁྱད་པར་གྱི་ཟབ་དོན་བདུན། རྫོགས་པ་ཆེན་པོའི་ཐུགས་རྒྱུད་སོགས་ཟབ་དོན་གདམས་པ་དྲུག ཡང་ཐུགས་རྗེ་ཆེན་པོའི་གནད་ཀྱི་ཟབ་དོན་གདམས་པ་དྲུག རང་དོན་ཟབ་དོན་ལྟ་དགོངས་ཀྱི་སྐོར་ལ་ཞལ་གདམས་ཉེར་བདུན་བཅས་ཞལ་གདམས་ཆེ་ཆུང་བརྒྱ་དང་ལྔ་བཅུ་བཞུགས་སོ། ཞལ་གདམས་ཕལ་མོ་ཆེ་རྣམས་མི་བརྗེད་པའི་གཟུངས་སྤོབས་བརྙེས་པའི་ཐོན་མིས་རིམ་བཞིན་ཡི་གེར་བཀོད་པར་གསུངས་འདུག

 

      ཐུགས་རྗེ་ཆེན་པོ་བོད་ཀྱི་ལྷ་སྐལ་ཡིན། མ་ཎི་ཡིག་དྲུག་བོད་ཀྱི་ཆོས་སྐལ་ཡིན། ཞེས་པ་བཞིན་བོད་མི་ཞིག་ཡིན་ན་མ་ཎི་ཡིག་དྲུག་པོ་འདོན་ཤེས་པས་ཁྱབ་ཅེས་བཤད་ཆོག་མོད། འོན་ཀྱང་ང་ཚོས་མ་ཎི་ཡིག་དྲུག་གི་ཕན་ཡོན་ཙམ་རེ་ཤེས་པ་ལས། ཡིག་དྲུག་གི་ནང་དོན་ཟབ་ཅིང་རྒྱས་པ་དེ་རྣམས་ཐུགས་སུ་ཆུད་མཁན་དང༌། ལྷག་པར་ཉམས་སུ་བཞེས་མཁན་ཧ་ཅང་དཀོན་པར་སྣང༌། ང་ཚོས་ད་དུང་མུ་མཐུད་དེ་མ་ཎིར་སྐྱབས་བཅོལ་མཁན་གྱི་སྐལ་ལྡན་ཞིག་བྱེད་ན་ངེས་པར་དུའང༌། ཡི་གེ་དྲུག་མའི་ཟབ་དོན་རྟོགས་ཤིང་ལག་ལེན་སྒོམ་སྒྲུབ་མ་ནོར་བ་ཡོང་དགོས། དེའི་ཕྱིར་མ་མཐའ་ཡང་མ་ཎི་བཀའ་འབུམ་གྱི་ཞལ་ཁ་ཕྱེ་ནས་ཐེངས་གཅིག་མཇལ་རོགས་ཞུ། འདིར་མ་ཎི་བཀའ་འབུམ་གྱི་དཀར་ཆག་ཙམ་ཞིག་ངོ་སྤྲོད་ཞུས་པའི་ཉིང་དགོས་ཀྱང་དེའོ། །

སྨྲས་པ།

 

།སྲོང་བཙན་སྒམ་པོ་ཆོས་རྒྱལ་ཡིན་དང་མིན།

།ཡི་གེ་དྲུག་མའི་བྱིན་རླབས་ཆེ་དང་ཆུང༌།

།ཆོས་སྲིད་ཟུང་དུ་སྦྲེལ་ཚུལ་ཡོད་དང་མེད།

།མཎི་བཀའ་འབུམ་མཇོལ་དང་རྟོགས་པར་འགྱུར།

 

༄༅།།བཀའ་ཆེམས་ཀ་ཁོལ་མ། 

 

ཡོངས་གྲགས་སུ<<བཀའ་འཆེམས་ཀ་ཁོལ་མ>>འམ། <<བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་བཀའ་ཆེམས་གསེར་གྱི་ཕྲེང་བ>>ཞེས་བྱ་བ་ནི། ཆོས་རྒྱལ་སྲོང་བཙན་གྱི་བཀའ་ཆེམས་སམ་རང་རྣམ་རྣམས་སློབ་དཔོན་ཐོན་མིས་དར་ཡུག་སྔོན་པོའི་ངོས་སུ་གསེར་གྱི་ཡི་གེར་བྲིས་ཏེ་བོད་ཕྱི་རབས་པའི་ཆེད་དུ་གཏེར་དུ་སྦས་པ། སྤྱི་ལོ་༡༠༤༩ ལོར་ཇོ་བོ་རྗེ་ཨ་ཏི་ཤ་དེ་ཉིད་ལ་ཡེ་ཤེས་མཁའ་འགྲོ་མས་ལུང་བསྟན་གནང་བ་བཞིན་ཁོང་གིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ནས་གཏེར་ལས་བཏོན་པའི་ལོ་རྒྱུས་ཀྱི་ཡིག་ཆ་ཆེས་སྔ་ཞིང་རྩ་ཆེ་བ་ཞིག་ཡིན་པས་སྔོན་གྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེས་ལོ་རྒྱུས་ཀྱི་ཁུངས་བཅོལ་སའམ་གཞི་འཛིན་ས་ཉག་གཅིག་ཀྱང་ཡིན།

དེ་ཡང་གཏེར་ནས་འདི་མཉམ་དུ་ད་དུང༌། བློན་པོ་རྣམས་ཀྱིས་མཛད་པའི<<ཟླ་བ་འདོད་འཇོ>>ཞེས་པ་ཞིག་དང༌། བཙུན་མོ་རྣམས་ཀྱིས་མཛད་པའི<<དར་དཀར་གསལ་བ>>ཞེས་པའི་ལོ་རྒྱུས་ཤོག་དྲིལ་གཉིས་ཀྱང་ཡོད། དེ་ཡང་ཕྱི་རབས་པའི་དོན་དུ་མ་ཡིག་ལ་བུ་ཡིག་བཅད་དེ་གླེགས་བམ་དུ་བཞེངས་རྗེས། མ་ཡིག་ཤོག་དྲིལ་གསུམ་ཕྱིར་གཏེར་དུ་སྦས་ཞེས་ཀྱང་གསལ། ད་དུང་འདིའི་ལེའུ་དང་པོ་སོགས་ཀྱི་ནང་དུ། བཀའ་ཆེམས་འདི་ཉིད་གཏེར་ལས་ཇི་ལྟར་བཏོན་ཚུལ་སོགས་ཀྱང་བཀོད་ཡོད་པས་ན། ད་ལྟའི་ལེའུ་བཅུ་དྲུག་ཅན་གྱི<<བཀའ་འཆེམས་ཀ་ཁོལ་མ>>འདི་ཉིད་མ་ཡིག་གཞིར་བཞག་ཐོག་སུ་ཞིག་གིས་ཁ་སྣོན་དང་རྩོམ་སྒྲིག་བྱས་པར་ངེས།

         འདིའི་ནང་དུ། ལེའུ་བཅུ་དྲུག་དང་མཇུག་བསྡུ་བ་བཅས་ཡོད་པའི་ནང་དོན་དཀར་ཆག་ཙམ་བཀོད་ན། ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བའི་ལེའུ་དང༌། སྐུ་ལུས་ཀྱི་བཀོད་པ་མཛད་པའི་ལེའུ། སྤྲུལ་བའི་སྐུས་འདུལ་བའི་ཚུལ། ཟང་ཟིང་གིས་འདུལ་བའི་ཚུལ། རིགས་རྒྱུད་དང་རྒྱལ་པོའི་གདུང་རྒྱུད་ཀྱི་ལོ་རྒྱུས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་ཚུལ། རྒྱལ་པོ་གནམ་རི་སྲོང་བཙན་གྱི་ལོ་རྒྱུས། སྲོང་བཙན་སྒམ་པོར་སངས་རྒྱས་ཀུན་ཀྱིས་སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་བསྐུར་ཚུལ། སྤྲུལ་བའི་དགེ་སློང་ཨ་ཀར་མ་ཏིས་ཡི་དམ་གྱི་ལྷ་སྤྱན་དྲངས་པའི་ཚུལ། ལྷ་ཅིག་ཁྲི་བཙུན་བཙུན་མོར་བསུས་ཚུལ། ལྷ་ཅིག་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུས་ཚུལ། རྒྱ་བཟས་ས་དཔྱད་རིན་ཆེན་སྤུངས་པ་མཛད་ཚུལ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞེངས་པ་དང་ཁ་བ་ཅན་གྱི་འདྲེ་སྲིན་བཏུལ་བའི་ཚུལ། ཁྲི་བཙུན་གྱིས་ར་སའི་གཙུག་ལག་ཁང་གི་འོག་ཁང་བཞེངས་པའི་ཚུལ། ཆོས་རྒྱལ་གྱི་དགེ་བའི་མཛད་པ་རྣམས་ཡོངས་སུ་གྲུབ་པ་དང་བཙུན་མོ་དྲུག་གིས་ཕྱག་རྗེས་ཀྱི་ལྷ་ཁང་རྣམས་བཞེངས་པའི་ཚུལ། ཆོས་འཁོར་ལྷ་ས་བཞེངས་པ་དང་མ་འོངས་བསླབ་བྱའི་བཀའ་ཆེམས་བཅས་ཏེ་ལེའུ་བཅུ་དྲུག་གོ །

 

སྨྲས་པ།

།ཀུན་གྱིས་ཚད་མར་སྨྲ་བའི་ལོ་རྒྱུས་མེད།

།གཅིག་ཀྱང་བདེན་པ་མིན་པའི་ངག་སྒྲོས་མེད།

།ལྷ་མི་ཆོས་སྲིད་ཐམས་ཅད་འཛིངས་པའི་ཡུལ།

།ཞིབ་ཏུབསམས་ཀྱང་བསམ་པའི་ཡུལ་ལས་འདས།

༄༅།བཀའ་ཐང་སྡེ་ལྔ།  



    <<བཀའ་ཐང་སྡེ་ལྔ>>ཞེས་པ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་སློབ་དཔོན་པད་མ་འབྱུང་གནས་རྣམ་གཉིས་ཀྱིས་བོད་ཕྱི་རབས་པའི་ཆེད་དུ་ལོ་རྒྱུས་ཀྱི་ཡིག་ཆ་གཏེར་དུ་སྦས་པ། ཕྱིས་སུ་སྐལ་ལྡན་ལས་འཕྲོ་ཅན་ཨུ་རྒྱན་གླིང་པས་གཏེར་ནས་བཏོན་པར་གྲགས་པའི་གཏེར་ཡིག་ཆེན་པོ་ལྔ་སྟེ། བསམ་ཡས་བུ་ཚལ་རུས་སྦལ་འོག་ནས་བཏོན་པའི<ལྷ་འདྲེ་བཀའི་ཐང་ཡིག> དགེ་བ་མཐར་རྒྱས་གླིང་ནས་བཏོན་པའི<རྒྱལ་པོ་བཀའི་ཐང་ཡིག> ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཏོན་པའི<བློན་པོ་བཀའི་ཐང་ཡིག> ཁམས་གསུམ་ཟངས་གླིང་ནས་བཏོན་པའི<བཙུན་མོ་བཀའི་ཐང་ཡིག> གཏེར་ཁུངས་མི་གསལ་བའི<<ལོ་པཎ་བཀའི་ཐང་ཡིག>>བཅས་སོ། 

   དེ་ཡང<ལྷ་འདྲེ་བཀའི་ཐང་ཡིག>ནི། སློབ་དཔོན་པད་མ་འབྱུང་གནས་ཀྱིས་སྤྱིར་འགྲོ་དྲུག་གི་དོན་མཛད་ཚུལ་དང༌། སྒོས་སུ་ལྷ་འདྲེ་མང་པོ་དམ་ལ་བཏགས་ཚུལ། བསྟན་པའི་ཞབས་འདེགས་སུ་གཏེར་རིགས་སྦས་ཚུལ་སོགས་གསང་རྣམ་ལེའུ་ཉེར་བཞིའི་བདག་ཉིད་ཅན་ཞིག

   <རྒྱལ་པོ་བཀའི་ཐང་ཡིག>ནི། བོད་ཀྱི་སྣོད་བཅུད་བྱུང་ཚུལ་དང༌། ནང་ཆོས་དར་ཚུལ་སོགས་ཕྱི་ནང་གི་རྣམ་གཞག་མང་པོ་བཀོད་པའི་ཆོས་འབྱུང་དང་རྒྱལ་རབས་ཀྱི་ལོ་རྒྱུས་ལེའུ་བཅུ་དགུའི་བདག་ཉིད་ཅན་ཞིག

   <བཙུན་མོ་བཀའི་ཐང་ཡིག>ནི། གཙོ་བོ་བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་དང་སྲས་མོ་ཁྲོམ་པ་རྒྱན་གཉིས་ཀྱིས་གཙོས་པའི་ཆོས་སྲིད་ཀྱི་ལོ་རྒྱུས་ལེའུ་ཉེར་གཉིས་གྱི་བདག་ཉིད་ཅན་ཞིག

   <བློན་པོ་བཀའི་ཐང་ཡིག>ནི། བློན་པོའི་འབྱུང་ཁུངས་དང་སྟོང་སྡེའི་དམག་རྟ། ཆོས་ཁྲིམས་དང་རྒྱལ་ཁྲིམས།ཡུལ་ཁམས་རྒྱ་བསྐྱེད་དང་མཐའ་དམག་དགྲ་སྡེ་བཏུལ་ཚུལ་སོགས་སྲིད་དོན་ལོ་རྒྱུས་གཙོ་བོར་བཀོད་པའི་ལེའུ་སུམ་ཅུའི་བདག་ཉིད་ཅན་ཞིག

   <ལོ་པཎ་བཀའི་ཐང་ཡིག>ནི། རྒྱ་བོད་ལོ་པཎ་ལྷན་འཛོམས་ཐོག་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བཀའ་མདོ་རྒྱུད་གཉི་གའི་དགོངས་དོན་གྱི་གནད་རྣམས་གོ་བདེར་བསྡུས་ནས་གསུངས་པའི་ཆོས་གཞུང་ལེའུ་སོ་ལྔའི་བདག་ཉིད་ཅན་ཞིག་བཅས་སོ།

   དེ་ལྟར་ལོ་རྒྱུས་ཡིག་ཆ་འདི་རྣམས་སློབ་དཔོན་དང་ཆོས་རྒྱལ་དག་གི་བཀའ་གསུང་རྣམས་དང་བཀའ་བཞིན་བསྒྲུབས་པའི་ལོ་རྒྱུས་གནད་བསྡུས་ཀྱི་ཟིན་ཐོ་ཞིག་ཡིན་པས་བཀའི་ཐང་ཡིག་ཅེས་བཏགས་སྙམ། དེ་ཡང<ལྷ་འདྲེ་བཀའི་ཐང་ཡིག>ནི་ལྷ་ལྕམ་མན་ད་ར་བས་ཡི་གེར་བཏབ་ཚུལ་དང༌། <རྒྱལ་པོའི་དཀར་ཆག་ཐང་ཡིག་ཆེན་མོ>ནི་ལྡན་མ་རྩེ་མང་གིས་དཀར་ཤོག་ལོགས་ལ་བཏབ་ཚུལ་ཐང་ཡིག་སོ་སོའི་མཇུག་བྱང་དུ་གསལ་ལོ།

   མདོར་ན།<<བཀའ་ཐང་སྡེ་ལྔ>>ནི། སློབ་དཔོན་པད་མ་འབྱུང་གནས་ཀྱི་མཛད་རྣམ་དང༌། བོད་ཀྱི་ལོ་རྒྱུས་ཡིག་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། རྩོམ་སྟངས་ཀྱི་རྣམ་པ་ཡང་ཚིགས་བཅད་ཀྱི་སྡེབ་སྦྱོར་ལེགས་ཤིང་རྒྱན་ཡང་གང་འཚམ་འཛོམས་པ། སྒྱུ་རྩལ་གྱི་སྣང་བརྙན་རང་བཞིན་ཡང་ལྡན་པའི་བོད་ཀྱི་གནའ་རབས་རྩོམ་རིག་བརྩམས་ཆོས་ཀྱི་དཔེ་མཚོན་ལེགས་ཤོས་ཤིག་ཀྱང་ངོ༌། 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php