ལྷག་དཀར་སྐོར་གྱི་ཤེས་བྱ་འགའ།

 

 


ཀ༽ལྷག་དཀར་ཞེས་པ་ཅི་ཡིན་ནམ

 ལྷག་དཀར་རམ་ལྷག་སྐར་ཞེས་པ་ནི་གཟའ་ལྷག་པའི་ཉིན་སྐར་ལ་གོ་དགོས། དེ་ཡང་བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལྟར་མིའི་བླ་སྲོག་གཤེད་གསུམ་གྱི་གཟའ་སྐར་ལས་སྐབས་འདིར་བླ་གཟའི་སྐར་མ་ལ་གོ་དགོས། དེས་ན་ཐོག་མའི་མིང་གི་དག་ཆ་ནི་དུས་ཀྱི་སྐར་འདི་ཡིན་འོས། ལོ་རྟགས་མི་འདྲ་བའི་དབང་གིས་བླ་གཟའ་སོགས་ཀྱང་མི་གཅིག སྐབས་བབ་གཟའ་ལྷག་པ་ནི་བྱི་ཕག་གཉིས་ཀྱི་བླ་གཟའ་ཡིན།
    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱི་ལོ་༡༩༣༥་ཤིང་ཕག་ལོར་སྐུ་འཁྲུངས་པས་ཁོང་གི་བླ་གཟའ་ལྷག་པར་འཁེལ། འཁྲུངས་ཚེས་བོད་ཟླ་༥་ཚེས་༥ (ཕྱི་ཟླ 6 ཚེས་7 གཟའ་པ་སངས) ཞེས་དང། (ཡང་དུང་དཀར་ཚིག་མཛོད་དུ་སྤྱི་ཟླ་༦་པའི་ཚེས་༥ གཟའ་ལྷག་པ། )ཞེས་བཀོད་ཡོད། (བདུན་པའི་ཚེས་དྲུག་ནི་བཙན་བྱོལ་ནང་གི་སློབ་འགོ་ཚུགས་པའི་སྐབས་དང་བསྟུན་ནས་ཟླ་གཅིག་ཕྱིར་འགྱངས་བཏང་ཞིང་དེ་ཉིད་རིམ་པས་གཅིག་གྱུར་ཡོངས་ཁྱབ་ཀྱི་འཁྲུངས་སྐར་ཉིན་མོར་གྱུར།) གང་ལྟར་སྐབས་དེར་སྐུའི་འཁྲུངས་སྐར་དང་འབྲེལ་ནས་རྟེན་འབྲེལ་གང་ཞུས་ཡོད་པ་དེ་དག་སྐུའི་འཁྲུངས་སྐར་བསུ་སྟོན་ཐོག་མ་ཡིན་ལ་སྲོག་གཟའ་དང་བླ་གཟའ་ཐོག་མའི་དགེ་སྦྱོར་ཡང་ཆགས་ཡོད། དེས་ན་ལྷག་དཀར་གྱི་འགོ་ཁུངས་འདེད་ན་ཡང་དེར་གཏུགས་འོས་པར་མཐོང།

 ཁ༽ བླ་གཟའ་ཞེས་པ་ཅི་ཞིག་ཡིན་ནམ།


    “བླ་དབུགས་སྲོག”གསུམ་དང། “བླ་ཡིད་སེམས”གསུམ་ཞེས་དབྱེ་ཚུལ་མི་འདྲ་བ་དང་དེ་དག་གི་ངོ་བོ་ངོས་འཛིན་ཡང་དཀའ་བའི་གནས་ཤིག་རེད། གང་ལྟར་བླ་ཞེས་པ་མིའི་ཚེ་སྲོག་འཚོ་གནས་ཀྱི་གཟུགས་མེད་ནུས་པ་ཞིག་ལ་ངོས་འཛིན་ཆོག བླ་དེ་གཙོ་བོ་སྙིང་ཁ་དང་རྩ་སོགས་སུ་གནས་པར་མ་ཟད་ལུས་དང་བྲལ་ནས་འཁྱམ་འགྲོ་བ་ ཡོད་ལ་ཕྱིར་འགུགས་ཐབས་ཀྱང་ཡོད་པ་ཞིག་རེད། བླ་ནི་ལུས་དང་ཕྲལ་ནས་ཕྱི་རོལ་གྱི་རི་མཚོ་ནགས་སོགས་ལ་བཅོལ་གནས་ཐུབ་པ་ཞིག་ཏུ་བཤད་དེ། དཔེར་ན། བླ་རི། བླ་མཚོ། བླ་ཤིང་ཟེར་བ་སོགས་ཡོད། “བླ་ནི་ཡིད་ཀྱི་ཆོ་འཕྲུལ་ཡིན། ཡིད་ནི་སེམས་ཀྱི་འཕྲོ་འདུ། སེམས་ནི་ཀུན་གཞི་བདལ་ཁྱབ་ཡིན།”ཞེས་པ་དང། “སེམས་ནི་ནམ་མཁའི་དབྱིངས་སུ་ཡལ། ཡིད་ནི་ཀུན་གཞིའི་བག་ལ་ཞ། བླ་ནི་གཤེད་མ་འདྲེ་ཡིས་ཁྲིད།”ཅེས་གསུངས་པ་དག་གིས་བླ་ཡིད་སེམས་གསུམ་གྱི་བྱེད་ལས་དང་འབྲེལ་བ་བསྟན་ཡོད།


ག༽ བླ་གཟའ་ལ་ཅི་ཞིག་བྱེད་འོས་སམ།


    ཇི་སྐད་དུ། “བླ་གཟའ་དར་ན་བྱ་ལས་འགྲུབ། སྲོག་གཟའ་དགེ་ལ་གཤེད་གཟར་བྱོལ།” ཞེས་གསུངས་པ་ལྟར་ང་ཚོས་མི་སོ་སོའི་བླ་སྲོག་གཤེད་གསུམ་གྱི་གཟའ་གང་ཡིན་ཤེས་ན་ཉིན་དེ་དང་དེ་ལ་ལས་ཅི་ཞིག་བྱ་འོས་དང་མི་འོས་ཀྱི་བསམ་བློ་གཏོང་ཐུབ་ལ་དེ་བཞིན་ལས་འཆར་ཡང་བཟོ་ཐུབ། བླ་གཟའ་དང་སྲོག་གཟའ་ནམ་ཡིན་ལ་དགེ་སྦྱོར་ཅི་ཙམ་མང་བ་བྱེད་ཐུབ་ན་ཚེ་དང་བསོད་ ནམས་དང་ལོངས་སྤྱོད་བཅས་འཕེལ་བར་ཕན་ཐོགས་ཆེ་བར་བཤད། ལྷག་པར་བླ་གཟའ་དར་བར་བྱས་ན་རང་གི་དོན་བྱ་རྣམས་བདེ་བླག་ངང་འགྲུབ་པ་དང་བྱ་གཞག་ཆེན་པོ་སྒྲུབ་པར་ཕན་ནུས་ཐོན་པར་གསུངས་ཡོད། མདོར་ན་བླ་གཟའ་ལ་དཀར་པོ་དགེ་བའི་ལས་རིགས་མང་པོ་སྒྲུབ་ནས་རང་གི་བསོད་ནམས་ཀྱི་མཐུ་བརྟས་པར་བྱེད་དགོས་པ་ཞིག་རེད། ལྷག་པར་དུ་ཡང་རླབས་ཆེའི་བྱ་གཞག་ཅིག་སྒྲུབ་དགོས་ན་བསོད་ནམས་ཀྱི་རྒྱབ་རྟེན་ལ་རག་ལས་པའོ།
    འདི་ལྟར་ན། ལྷག་ནི་གཟའ་ལྷག་པ་དང་དཀར་ནི་དགེ་བའི་ལས་ཏེ། ལྷག་སྐར་དང་ལྷག་དཀར་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་གསལ་ལོ།


ང༽ ལྷག་དཀར་སྲུང་བརྩིའི་དོན་སྙིང་དང་ཁ་ཕྱོགས།


    བོད་ཀྱི་ལས་སྐལ་འདི་༸གོང་ས་མཆོག་གི་མཛད་འཕྲིན་ལ་རག་ལས་ཡོད་པ་ཞིག་ཡིན་ངེས་ན། ཁོང་ཉིད་སྐུ་ཚེ་ཞབས་བརྟན་དང་བཞེད་དོན་ལྷུན་འགྲུབ་ཡོང་རྒྱུར་བོད་མི་རེ་རེའི་ངོས་ནས་ཞབས་ཞུ་གང་ནུས་རེ་སྒྲུབ་དགོས་ངེས་རེད། དེས་ན་ཐུན་མོང་གིས་ལྷག་དཀར་སྲུང་བརྩི་བྱེད་རྒྱུར་ལྷག་པར་དོན་སྙིང་ཆེ་བ་ཡོད། དེ་ཡང་ཡིད་བཞིན་ནོར་བུའི་ལྷག་བསམ་ཐུགས་སྐྱེད་དེ་མིའི་རིགས་ཀྱི་བསམ་སྤྱོད་གོང་འཕེལ་དང་ཆོས་ལུགས་རིས་མེད་དང་མཐུན་སྒྲིལ། བོད་དོན་བདེན་པའི་ཞི་བའི་འཐབ་རྩོད་རྣམ་གསུམ་གྱིས་གཙོས་ཐུགས་བཞེད་ཇི་བཞིན་འགྲུབ་པའི་མཐུན་རྐྱེན་ཁོ་ནར་འགྱུར་བའི་ལས་གཞི་རིགས་མི་སྒེར་དང་ཚོགས་སྡེ་བཅས་ནས་རྒྱུན་འཛིན་དར་སྤེལ་བྱེད་དགོས་པ་ནི་ལྷག་དཀར་སྲུང་བརྩིའི་ཁ་ཕྱོགས་མ་ནོར་བ་དང་བཀའ་བཞིན་སྒྲུབ་པའི་མཉེས་པའི་མཆོད་པ་མཆོག་ཀྱང་ལགས་ཤིང། དེ་བཞིན་བོད་མི་ཞིག་གི་སྐྱེ་བ་བླངས་པའི་དུས་ཀྱི་དགོས་དོན་ཡང་གྲུབ་པར་འདོད།


    ཅ༽ ཁྱོད་ཀྱི་བླ་སྲོག་གཤེད་གསུམ་གྱི་གཟའ་ནི་གང་དག་ཡིན་ནམ།


    ཁྱེད་རང་སྐར་རྩིས་རིག་པར་ཡིད་ཆེས་སམ། ང་ཚོའི་བླ་སྲོག་གཤེད་གསུམ་གྱི་གཟའ་དེ་ནི་རང་རང་གི་ལོ་རྟགས་ཀྱིས་གཏན་འཁེལ་གནང་ཡོད་པ་ཞིག་རེད། སྐར་རྩིས་རིག་པའི་གཞུང་ལྟར་གྱི་ལོ་རྟགས་དང་གཟའ་སྦྱོར་ཚུལ་དེ་སྟབས་བདེའི་རེའུ་མིག་ཅིག་བཟོས་ན། འདི་ལྟ་སྟེ།
ལོ་རྟགས།    བླ་གཟའ།      སྲོག་གཟའ།      གཤེད་གཟའ།
ལུག          པ་སངས།     ཟླ་བ།              ཕུར་བུ།
བྱི་ཕག        ལྷག་པ།      མིག་དམར།        སྤེན་པ།
སྤྲེལ་བྱ།       པ་སངས།    ཕུར་བུ།             མིག་དམར།
སྦྲུལ་རྟ།        མིག་དམར།    པ་སངས།        ལྷག་པ།
སྟག་ཡོས།     ཕུར་བུ།         སྤེན་པ།           པ་སངས།
ཁྱི།             ཟླ།             ལྷག་པ།           ཕུར་བུ།
གླང་།          སྤེན།           ལྷག་པ།        ཕུར་བུ།
འབྲུག          ཉི།              ལྷག་པ།        ཕུར་བུ།


    གལ་ཏེ་ཁྱོད་ཀྱིས་གསང་བ་ལྐོག་གྱུར་གྱི་མན་ངག་འདི་ལ་ཡིད་ཆེས་དང་ཡང་ན་ཚོད་ལྟ་ཅི་རིགས་བྱེད་འདུན་ཡོད་ན། ཐོག་མར་རང་རང་གི་བླ་སྲོག་གཤེད་གསུམ་གྱི་གཟའ་གང་ཡིན་པ་མ་བརྗེད་པར་བླ་གཟའ་དང་སྲོག་གཟའ་ནམ་ཡིན་ལ་དཀར་པོའི་ལས་གང་མང་སྒྲུབ་པ་དང་གཤེད་གཟའ་གང་ཡིན་ཉིན་ སྤྱིར་བྱ་བ་ཚང་མར་ཡིད་གཟབ་དང་ལྷག་པར་ཛ་དྲག་གི་བྱ་བའི་རིགས་ལ་གཡོལ་ཐབས་བྱེད་དགོས།

 

ལྷག་དཀར་ལེགས་བཤད།

 

 

གཟུ་བོར་གནས་པའི་སེམས་ཤིག་དགོས།

ལེགས་ཉེས་འབྱེད་པའི་བློ་ཞིག་དགོས། 

སྤྱི་ལ་ཕན་པའི་དོན་ཞིག་དགོས། 

སོ་སོ་དེ་འདྲ་ཡིན་དང་མིན། 

རང་གིས་རང་ལ་ཞུ་དག་བྱེད།། 

 

 

མ་རྟོགས་ལོག་རྟོག་སྐྱེ་བོའི་ལྕེ་རྩེ་ན།

ཀུན་ལ་ན་ཟུག་བཟོ་བའི་ནད་དུག་མང་།

གཟུར་གནས་བློ་ལྡན་སྐྱེས་བུའི་སྨྲ་སྒོ་ན།

ཡོངས་ལ་སྨན་པའི་གཏམ་གྱི་ན་མེ་ཏོག་མཛེས།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php