བྱིས་པའི་མནོལ་སྐྲ་ལེན་སྲོལ།

 

 

མནོལ་སྐྲ་ལེན་པ་ཟེར་བ་ནི་བོད་ལུགས་ཀྱི་བྱིས་པའི་སྐྲ་སྟོན་ཞིག་རེད། དེ་ནི་གཅིག་ནས་བྱིས་པ་ལ་ཨ་མའི་མངལ་གྲིབ་གང་ཡོད་བསང་བར་བྱེད་པ་དང་། གཉིས་ནས་བྱིས་པས་གོམ་པ་འདོར་བ་དང་ཅུང་སྨྲ་ཤེས་ནས་མི་གྲལ་ལ་སོན་པར་དགའ་བའི་སྟོན་མོ་ཞིག་གོ།

གཤམ་དུ་འདིའི་གོ་དོན་དང་། ལེན་པའི་དུས་ཚོད། སྐྲ་ཇི་ལྟར་བཞར་ཚུལ་དང་དེ་དག་གི་མཚོན་དོན་བཅས་ནས་མདོར་བསྡུས་ཤིག་བཤད་པར་བྱའོ༎

 

ཀ༽ མནོལ་སྐྲ

འདི་ལ་ཡུལ་སྐད་ལ་ལར་ནུའུ་སྐྲའམ་ནོས་སྐྲ་ཡང་ཟེར། དེ་ནི་བྱིས་པ་སྐྱེས་དུས་ནས་བསགས་པའི་ལོ་གསུམ་རིང་གི་སྐྲ་ལོ་ལ་ཟེར། དེ་ཡང་མནོལ་ཞེས་པ་གྲིབ་བམ་མི་གཙང་བའི་དོན། མནོལ་གྲིབ་ཀྱང་ཟེར། ཡུལ་སྐད་ལ་ནོས་སོང་ཟེར། དེ་ནི་བྱིས་པའི་སྐྲ་དེ་ཨ་མའི་མངལ་ལས་སྐྱེས་པའི་མི་གཙང་བས་གོས་ཡོད་པར་གོ དེ་བས་མནོལ་སྐྲ་ལེན་པ་ནི་མངལ་གྱི་མི་གཙང་བ་སེལ་བའི་ཆོ་ག་ཞིག་ཀུང་ངོ༎

 

ཁ༽ མནོལ་སྐྲ་ལེན་པའི་དུས། 

 

བྱིས་པ་རང་ལོ་གསུམ་ལ་སོན་མ་ཐག་པའི་ལོ་གསར་ཚེས་གཅིག་གམ་གསུམ་དང་ལྔ་སོགས་ཀྱི་ཞོགས་པའི་ཉི་ཤར་གྱི་ཐོག་མ་རྟེན་འབྲེལ་གྱི་དང་པོར་སྐྲ་བཞར་རོ། ། ༼རང་ལོ་གསུམ་ཟེར་བ་ནི་བོད་ལུགས་ཀྱི་བརྩི་སྟངས་ཤིག་སྟེ། བྱིས་པ་དུས་ནམ་སྐྱེས་པ་ནས་ལོ་དང་པོ་གསར་བ་དང་ལོ་གཉིས་ལ་བརྩི། རྒྱུ་མཚན་ཨ་མའི་མངལ་དུ་ཟླ་བཅུ་ལྷག་བསྡད་པས་སོ། །དེས་ན་ཕྱི་ལུགས་ལྟར་ན་རང་ལོ་གསུམ་ཟེར་བ་དེ་དོན་ལ་ལོ་གཉིས་ཙམ་མོ།༽

 

ག༽ མནོལ་སྐྲ་ཇི་ལྟར་ལེན་པའི་ཚུལ།

 

༡༽ མནོལ་སྐྲ་ལེན་མཁན་དེ་བུའི་ཨ་ཁུའམ་བུ་མོའི་ཨ་ཞང་ཞིག་་ཡིན་ན་རབ་དང་། དེ་མེད་ན་གཉེན་ཉེའི་རྒད་པོ་བསོད་ནམས་ཅན་ཞིག་གམ། ཡང་ན། སྡེ་བའི་ནང་གི་བུ་ཚ་མང་ཞིང་ཁྱིམ་མི་འཚམས་པོ་ཨོད་པའི་རྒད་པོ་ཞིག་གིས་ལེན་པའི་ས་ཆ་ཡང་ཡོད་འདུག 

༢༽ ཐོག་མར་མནོལ་སྐྲ་ལེན་མཁན་གྱིས་རང་གི་ལག་པ་ཆུ་དཀར་གྱིས་བཀྲུ་ཞིང་དེ་ནས༼་ཆུ་ནང་ལ་འོ་མ་ཅུང་བསྲེས་པ༽་ཆུ་དཀར་ལ་སྔགས་བཏབ་ནས་བྱིས་པའི་མགོ་གཙང་མར་འཁྲུད་པར་བྱེད། དེ་ནས་ཁེ་གྲི་ཞིག་གི་ཡུ་བར་ལུག་བལ་གྱིས་དཀྲིས་ཏེ་༼ས་ཆ་ལ་ལར་སྐྲ་བཞར་སྤྱད་དེ་རང་གི་ཡུལ་ནས་རུམ་ལ་བཅུག་ནས་ཁྱེར་ཡོང་སྲོལ་ཡང་ཡོད་ཟེར།༽ ཐོག་མར་བྱིས་པའི་སྤྱི་གཙུག་ནས་སྐྲ་ཕུད་ཏོག་ཙམ་ལེན་ཞིང་དེ་ནས་སྐྲ་འདབས་ནས་དལ་གྱིས་ཡར་ལ་འབྲེག་པར་བྱེད། བུ་ཡིན་ན་སྤྱི་བོ་ནས་ར་ལུ་༼རལ་བ་ཆུང་ངུ་སྟེ་སྐྲ་དུམ་བུ་ཞིག་གི་སྣེར་བལ་ཅུང་མཐུད་དེ་བསླའོ།༽ཞིག་བཞག་ནས་མར་ཅུང་སྐུ་ཞིང་ལ་ལས་རལ་སྣེ་ལ་འགྲོན་བུ་འམ་གཡུ་ཆུང་རེ་འདོགས་པ་དང་། ད་དུང་གོས་སྐུད་དམར་པོའི་ཙོར་ལོའམ་ཅ་ལ་འདོགས་སྲོལ་ཡང་འདུག། ཡང་ལ་ལས་བུའི་ཐོད་པར་སྐྲ་ལེབ་མོ་ལྕེ་ལེབ་འདྲ་བ་ཞིག་འཇོག བུ་མོ་མང་ཆེ་བ་མགོ་རིལ་བཟོ་བ་དང་ས་ཆ་ལ་ལར་བུ་མོའི་མགོ་གཡས་གཡོན་ལ་ར་ལུ་གཉིས་འཇོག་སྲོལ་ཡང་ཡོད་འདུག 

༣༽ བྲེགས་ཟིན་པའི་སྐྲ་རྣམས་ལུག་བལ་ཅུང་ཙམ་དང་ལྷན་དུ་རྡོག་པོར་བསྒྲིལ་ཅིང་༼ས་ཆ་ལ་ལར་དེ་དག་གཡས་སུ་བསྒྲིམ་སྟེ་སྒོར་མོར་བཟོ་སྲོལ་འདུག༽བལ་སྐུད་ཀྱིས་དམ་པོར་བཙེམ་ནས་ལེབ་རིལ་བཟོས་ཏེ་བྱིས་པའི་གོན་པ་གསར་བའི་རྒྱབ་ཀྱི་སྟོད་ལ་འདོགས། དེ་དང་ལྷན་དུ་བྱིས་པ་བཙས་དུས་ཀྱི་ལྟེ་བ་གཏུབས་པའི་དུམ་བུ་དེ་ཡང་ཉར་ཚགས་བྱེད།་སྲོལ་འདུག དུས་ཕྱིས་རིམ་བཞིན་འགྲོན་བུ་གཅིག་གམ་གཉིས་གསུམ་རེ་དང་གཡེར་དྲིལ་གཅིག་གཉིས་རེ་ཡང་དེ་དང་ལྷན་དུ་བཙེམ་ནས་འདོགས་སྲོལ་བྱུང་འདུག ར་ལུ་དེ་ཡང་ས་ཆ་ལ་ལར་ཚེ་གང་ལ་བསགས་ཏེ་ཉར་བ་དང་། ས་ཆ་ལ་ལར་ལོ་བཅུའམ་ཉི་ཤུ་ལྷག་རེར་འཇོག་སྲོལ་ཡོད་འདུག 

༤༽ སྐྲ་བཞར་ནས་ར་ལུ་བཞག་ཚར་བ་དང་། སྐྲ་བཞར་དེས་བྱིས་པ་ཚེ་རིང་ནད་མེད་ཡོང་བ་དང་རྒྱུ་འབྱོར་བསོད་ནམས་དབང་ཐང་འཕེལ་བའི་རྟེན་འབྲེལ་ལ་བཀྲ་ཤིས་ཁ་གཡང་སྒྲོག་སྲོལ་མི་འདྲ་བ་རེ་ཡོད་ཚོད་འདུག

དཔེར་ན། 

བུ་ཆུང་བསམ་པའི་དོན་འགྲུབ།

ཕ་མའི་སྙིང་གི་དོན་འགྲུབ།

དོན་འགྲུལ་བང་སྐྲ་དེརིང་བསིལ།

དོན་འགྲུབ་བུ་ཆུངདོན་ལྡན་པོ།།

ཟླ་དགུར་སྐྱེས་པའི་ཁོག་སྐྲ།

ལོ་གསུམ་བཞག་པའི་ལོ་སྐྲ།

དེ་རིང་ཚེས་བཟང་སྐརབཟང་།

སྐྲ་རྩེ་རེ་རེེའི་གྲངས་འདི།

ལོ་དང་ཟླ་བ་ཉི་མས།།

ཁྱོད་རང་སྲུང་པའི་རྟེན་འབྲེལ།།

ཕ་མས་ཁ་གཡང་ཁྱོད་འབོད། །

ཡབ་མེས་བྱིན་རླབས་ཁྱོད་ཞུགས། །” ཞེས་དང་། ཡང་ས་ཆ་ལ་ལར།

བུ་ཆུང་ཚེ་རིང་ལོ་བརྒྱ་ཁྱོད། 

བསྡད་ས་ནས་ཁ་ལས་དགེ་ཡ།

འགྲོ་ས་ནས་འདོད་དོན་འགྲུབ་ཡ

རྟ་ར་གོང་མ་རྟ་ཡིས་གང་ང་།།

ལུག་ར་བར་མ་ལུག་གིས་གང་ང་།།

ནོར་ར་ཞོལ་མ་ནོར་གྱིས་གང་ང་།།

མི་བརྒྱའི་མགོ་ནས་གཏམ་བཤད་ལ།

རྟ་བརྒྱའི་མགོ་ནས་དུང་འབུད་ལ།

ཁ་ལས་རླུང་རྟ་དར་ཡ།

ཅི་བྱས་བསམ་དོན་འགྲུབ་ཡ། །” ཞེས་དང་གཞན་ཡང་འདི་ལྟར།

ཁྱོད་བཙན་གྱི་རྩེ་མོ་དགུང་དང་མཉམ།

ཕྱུགས་ཀྱི་རུ་མ་ས་ལ་ཁྱབ།

རླུང་རྟ་རྟ་རྒོད་རྒྱུག་རྒྱུག

 ཁ་ལས་མེ་ལྕེ་འབར་འབར།

དགྲ་ལྷ་བུ་ཡུག་འཚུབ་འཚུབ།

ཆོས་སྐྱོང་སེར་བ་འབབ་འབབ།

མི་བརྒྱའི་མགོ་ནས་འདུག་ཅིང་།

 ཆོས་བརྒྱའི་གླེགས་བམ་འདོན་ན།

བཅ་པའི་བྱ་ལམ་ལ་འགྲོ། 

དྲན་པའི་བློ་ལམ་ལ་འགྲོ །” ཞེས་དང་། གཞན་ཡང་།

བུ་ཆུང་ཚེ་རིང་ལོ་བརྒྱ་སྐུ་བསོད་དར།།

རླུང་རྟ་སྡེ་བཞིས་བུ་ཡི་མཐུ་དཔུང་སྐྱེད།།

མཐུན་པ་སྤུན་བཞིས་དུས་ཀྱི་ཆ་མཐུན་སྲུང་།

འཇམ་དབྱངས་རིག་ལྔས་རྣམ་དཔྱོད་ཤེས་རབ་སྩོལ།།

དུས་ཀྱི་བུ་ཁྱོད་བོད་པའི་རྒྱུད་འཛིན་ཡིན། ལྟ་བུ་སོགས་ཅུང་མི་འདྲ་བའི་བཤད་པ་གསར་རྙིང་འགའ་རེ་ཡོད་ཚོད་འདུག དེ་ལྟར་མནོལ་སྐྲ་ལེན་པའི་ཆོ་ག་གྲུབ་རྗེས་གཉེན་ཉེ་དང་མགྲོན་པོ་ཚོས་རང་རང་སོ་སོའི་ལེགས་སྐྱེས་སྟེར་བ་དང་། བཟའ་བཏུང་ལ་ཅི་དགར་རོལ་བཞིན་གླུ་ལེན་གར་རྩེད་སོགས་བྱེད་པའོ༎

 

ང༽ མནོལ་སྟོན་ལག་རྟགས། ༼རལ་རྔན་ཡང་ཟེར།༽

 

མནོལ་སྟོན་དེ་བོད་ཀྱི་ལོ་གསར་དང་སྟབས་འཁེལ་བས་སྟོན་མོ་ཅུང་སྟབས་བདེ་ཞིག་ཡིན་མོད། ཁྱིམ་ཚང་ལ་ལས་ཉིན་དེར་སྡེར་ཁ་ལྔ་འཇོག་དང་བཅུ་འཇོག་སོགས་ཀྱི་སྟོན་མོ་གཟབ་རྒྱས་བྱས་ཏེ་གཉེན་ཉེ་རྣམས་ཀྱིས་གཙོས་སྡེ་མི་ཚང་མ་མགྲོན་དུ་འབོད། ༼ས་ཆ་མང་ཆེ་བ་ནས་བུ་ལས་བུ་མོར་དགའ་སྟོན་རྒྱས་པ་བྱེད་སྲོལ་མེད་ཚོད།༽

དེ་ཉིན་བྱིས་པར་གོན་པ་ཆ་ཚང་གསར་བ་ཞིག་སྐོན་ཞིང། སྟོན་མོར་ཡོང་བའི་མགྲོན་པོ་ལ་ལས་དཀར་ཡོལ་ཆུང་ཆུང་ཁ་གཙང་ནང་མར་རམ་ནས་འབྲས་དང་། ཡང་ན་ཀ་ར་སིལ་ཏོག་གི་རིགས་བླུགས་ནས་སྟེར་བ་དང་། ལ་ལས་རས་ཡུག་དང་ལྭ་བ། རྩེ་སྤྱད་རིགས་སོགས་སྟེར་མཁན་ཡང་ཡོད། གཉེན་ཉེ་ལ་ལས་རྟའམ་གཡག ཡང་ན་ལུག་རེ་ཡང་སྟེར་བར་འདུག ཁྱིམ་ཚང་དེས་ཀྱང་མགྲོན་དུ་འོང་བའི་བྱིས་པ་རྣམས་ལཀ་ར་སིལ་ཏོག་སོགས་ཀྱི་སྐལ་བྱིན་ནས་དགའ་རུ་འཇུག

 ས་ཆ་ལ་ལར་ཉིན་དེར་ཁྱིམ་ཚང་དེའི་སྒོ་ཁར་ཐབ་ཀ་ཆུང་ངུ་ཞིག་བཙུགས་ཏེ་འབྱུང་འགྱུར་ཁྱིམ་གཞི་གསར་འཛུགས་ཐུབ་པའི་རྟེན་འབྲེལ་ཡང་སྒྲིག་པར་བྱེད་དོ༎

 

ཅ༽ མནོལ་སྐྲ་དང་འབྲེལ་བའི་མཚོན་དོན་འགའ་ཞིག

 

༡༽ མནོལ་སྐྲ་ལོ་གཉིས་གསུམ་རིང་བཞག་པ་དེས་གཅིག་ནས་བྱིས་པའི་མགོ་ལ་དྲོད་སྟེར་བ་དང་། སྤྱི་བོ་སྲུང་སྐྱོབ་ལ་ཕན་ཟེར། རང་ལོ་གསུམ་ནས་མིའི་ཤ་ཚུགས་ཆགས་པས་སྐྲ་བཞར་ན་མགོ་ལ་མི་གནོད་ཟེར། 

༢༽ མནོལ་སྐྲ་རྡོག་བསྒྲིལ་གྱིས་རྒྱབ་ལ་འདོགས་པ་དེ་སྐྲ་ཉག་གི་གྲངས་ལྟར་ཚེ་ཐག་རིང་བ་དང་རྒྱུ་ནོར་འཕེལ་བའི་སྨོན་འདུན་མཚོན་པ་དང་། རྗེས་སུ་རང་ཉིད་ཀྱི་བྱིས་དུས་དྲན་གསོ་ཆེད་སོགས་ཀྱི་དགོས་པ་རེ་ཡོད་ཚོད་འདུག

༣༽ མནོལ་སྐྲ་དང་ལྷན་དུ་ཉར་བའི་ལྟེ་དུམ་དེས་རྗེས་སུ་བྱིས་པར་ཁ་ལངས་པ་ཞེས་རྨ་ནད་ཅིག་འབྱུང་དུས་དེ་ཆུར་སྦངས་ཏེ་རྨ་ལ་བྱུགས་ན་ནད་དེ་དྲག་པར་འགྱུར་ཟེར། 

༤༽ འགྲོན་བུ་དང་གཡུ་ནི་གནའ་སྔ་མོར་སྒོར་མོའི་ཚབ་ལ་བཀོལ་བས་དེ་རྒྱུ་འབྱོར་དར་བའི་རྟེན་འབྲེལ་ཡིན་ཟེར་བ་དང་། ནད་གདོན་དང་བར་ཆད་རིགས་ཤིག་སེལ་ནུས་པར་ཡང་བཤད་དོ༎

༥༽ཆོ་རིལ་ལམ་གཡེར་དྲིལ་ཆུང་ངུ་དེའི་སྒྲ་གྲག་ན་བྱིས་པ་དགའ་ནས་འགུལ་སྤྱོད་མང་ཙམ་བྱེད་པར་སྐུལ་ལྕག་བྱེད་ལ། ཕ་མས་རང་གི་བྱིས་པ་གང་དུ་འགྲོ་བ་ཚོར་ཆེད་དང་དྲིལ་སྒྲས་ཕོ་རོག་སོགས་འདྲོགས་ནས་བྱིས་པར་གནོད་མི་ནུས་པར་ཡང་བཤད། 

༦༽ རལ་རྔ་ལ་བལ་དཀར་མཐུད་པ་དེ་གཅིག་ནས་རལ་བ་བསླ་བདེ་བ་དང་དམ་པོར་སྡོད་པར་ཕན་ཞིང་། གཉིས་ནས་ཁ་དོག་དཀར་པོས་བྱ་བ་ལམ་འགྲོ་སོགས་ཀྱི་རྟེན་འབྲེལ་ཡང་ཡིན་འདུག 

༧༽ ཆུ་དཀར་ལ་སྔགས་བཏབ་སྟེ་བཀྲུས་ནས་སྐྲ་བཞར་བ་དེས་ཉིན་མོ་དེ་ནས་བྱིས་པ་དེའི་མངལ་གྲིབ་ཡོངས་སུ་བསངས་པར་ངོས་འཛིན། 

༨༽ མདོར་ན་མནོལ་སྐྲ་ལེན་རན་དུས་བྱིས་པའི་གཉོམ་ལག་ཅུང་རྒྱས་ཤིང་སྨྲ་ཤེས་པ་དང་གོམ་པ་འདོར་ཐུབ་ཙམ་བཅས་གཞི་ནས་མི་གྲལ་ལ་སླེབས་པའམ་མི་མཚན་ཉིད་པར་གྱུར་བས་ྦྱིས་པ་དེ་ཉིད་བདེ་བླག་ངང་འཚར་ལོང་འབྱུང་རྒྱུར་ཕ་མ་རྦ་ཏུ་དགའ་བ་དང་ལྷན་ཅིག་འབྱུང་འགྱུར་བྱིས་པའི་བསམ་དོན་ལེགས་འགྲུབ་ཡོང་བར་རྟེན་འབྲེལ་བསྒྲིགས་པའི་དགའ་སྟོན་ཞིག་ཡིན་པར་མ་ཟད། སྤྱིར་མི་ལུས་རིན་པོ་ཆེར་ཆེ་མཐོང་དང་སྒོས་སུ་བྱིས་པ་ལ་རེ་བ་དང་བདག་གཅེས་གལ་ཆེར་བརྩིས་པའི་འདུ་ཤེས་ཤིག་ཡིན་པར་འདོད་དོ༎

 

བྱིས་པ་མི་གྲལ་སོན་པའི་རྟེན་འབྲེལ་གྱི། །

མནོལ་སྐྲ་ལེན་པའི་གནའ་སྲོལ་བཟང་པོ་ཡང་། །

དེང་གི་དུས་ན་སྟབས་བདེའི་ཆོ་ག་ཙམ། །

འདི་ལ་ཞིབ་འཇུག་པ་ཡང་ཕྱི་གླིང་ཙམ། །

ཚུལ་འདིར་བསམ་ཡང་ཅི་ཞིག་བོར་བ་འདྲ། །

ངོ་སྤྲོད་ས་བོན་འདི་ཡང་དཀའ་བས་རྙེད། ། ཅེས་པ་འདི་ཡང་རྒྱལ་སྤྱིའི་སྐད་ཡིག་སློབ་གླིང་ཆེན་མོ་འདིའི་དགེ་ཆེ་ཆོས་ཉིད་དབང་མོ་ལགས་ཀྱིས་ཡང་དང་བསྐྱར་དུ་བསྐུལ་བར་བརྟེན་སྙོམ་ལས་པ་ནོ་ཡོན་ཚང་ལྷ་མོ་སྐྱབས་ཀྱིས་དྲ་ལམ་དང་སྐད་འཕྲིན་སོགས་ནས་ལ་བཏུས་ལུང་བཏུས་ཀྱིས་གོ་རིམ་ཙམ་བསྒྲིགས་པའོ༎ ༎

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php