ཧི་མ་ལ་ཡའི་དབུ་འཕང་མཐོ་བར་ཤོག
འདི་ནས་རྒྱང་རིང་གི་ཤར་ཕྱོགས་གནམ་མཐའ་ཞིག་ན། གནམ་འདེགས་ཀྱི་ཀ་བ་ཆེན་པོ་ཞིག་ཡོད། དེའི་མིང་ལ་གངས་མཐོན་མཐིང་རྒྱལ་མོ་ཟེར། དེ་ཡི་རི་རྒྱུད་ནི་གངས་ཅན་བོད་ཀྱི་ནུབ་མཐའི་ལྕགས་རི་སྟེ། བོད་སྲིད་པ་ཆགས་པའི་གངས་རི། འཛམ་གླིང་རི་ཡི་རྒྱལ་པོ་ཧི་མ་ལ་ཡ་ཡིན། དེ་ནི་ལྷ་དང་ཀླུ་ཡི་བསྟི་གནས་ཡིན། དེ་ནི་མི་རིགས་དུ་མའམ་རིག་གནས་སྣ་ཚོགས་ཤིག་གི་གར་སྟེགས་མཐོན་པོ་ཞིག་ཡིན། ཞི་བདེའི་བླ་རི་ཡིན། དེ་བས་ཁྱེད་ཀྱི་དབུ་འཕང་ཇི་སྲིད་མཐོ་བར་སྨོན།
ཧི་མ་ལ་ཡ་ལགས། ཁྱེད་ནི་གནའ་སྔ་མོ་ཞིག་ལ་མཐའ་ཡས་མཚོ་མོ་ཞིག་ཡིན་སྐད། དེང་སང་ད་དུང་ཡང་འཛམ་གླིང་ཆུ་ཡི་འགོ་ཁུངས་ཡིན་པས་ཀླུ་ཡི་རྒྱལ་པོ་ཟེར་བའང་ཁྱེད་ཡིན་ལ་བདུད་རྩིའི་གཏེར་མཛོད་ཟེར་བའང་ཁྱེད་ཉིད་ལགས་སོ། དེ་བས་ཁྱེད་ནི་འཛམ་གླིང་སྣོད་བཅུད་གཉིས་ཀྱི་ཡིད་བཞིན་གྱི་ནོར་བུ་ཡིན། ནམ་ཡང་གངས་དཀར་པོའི་དབུ་རྒྱན་བཞེས་ཏེ་གངས་ཆབ་བསིལ་མའི་དངོས་གྲུབ་སྩོལ་བར་མཛོད་ཅིག
ཀྱཻ་ཧི་མ་ལ་ཡ། ང་ཚོ་ཚང་མ་ཁྱེད་ཀྱི་འདབས་རོལ་ནས་ཡུལ་གྱར་བའི་སྤུན་ཟླ་མི་རིགས་ཡིན། གངས་རིའི་གཅེས་ཕྲུག་ཡིན། ང་ཚོ་ལོ་རྒྱུས་ཀྱི་ལྷ་སྒྲུང་གཅིག་ལས་མཆེད། ཆོས་ལུགས་ཀྱི་དད་མོས་གཅིག་ལ་ཐིམ། རིག་གནས་ཀྱི་སྲོག་ཤིང་གཅིག་གིས་སྦྲེལ་བའི་ཧི་མ་ལ་ཡའི་མི་ཡིན། མི་ཡི་བྱམས་བརྩེའི་བདག་པོ་ཡིན། དེ་བས་ངས་དེ་རིང་འུ་ཚོའི་མཛའ་བརྩེ་ཧི་མ་ལ་ཡི་རི་རྒྱུད་ལས་བརྟན་ཅིང་ཇོ་མོ་གླང་མའི་དབུ་རྩེ་ལས་མཐོ་བ། གངས་ཀླུང་རིང་མོའི་བཞུར་རྒྱུན་ལས་རིང་བའི་སྨོན་འདུན་ཞུ།
རི་བོ་ཧི་མ་ལ། རྒྱལ་མཚམས་ཤིག་གི་ལྕགས་རི་ཡིན། སུས་ཀྱང་བརྒལ་མི་ཐུབ།
རི་བོ་ཧི་མ་ལ་ཡ། ལོ་རྒྱུས་ཤིག་གི་རྡོ་རིང་ཡིན། སུས་ཀྱང་གཏོར་མི་ཐུབ།
རི་བོ་ཧི་མ་ལ་ཡ། མི་རིགས་དང་རིག་གནས་དུ་མའི་ལ་རྒྱའི་དར་ཆ་ཡིན། ནམ་ཡང་མཐོ་རུ་སྒྲེང་།
རི་བོ་ཧི་མ་ལ་ཡ། ས་ཡི་གོ་ལའི་སྤྱི་གཙུག་ཡིན། འཛམ་གླིང་བླ་མའི་བཞུགས་ཁྲི་ཡིན། བསྐལ་པའི་བར་དུ་གཡོ་བ་མེད་གྱུར་ཅིག། ༎
༢༠༡༦ ༦