༄།དམག་འཁྲུག

 

 

          "དམག་འཁྲུག" མི་ཁག་ཅིག་ལ། ཐ་སྙད་འདི་གོ་དུས་ནས་རྣ་བར་གཟན་པ་དང༌། ཡི་གེ་འདི་གཉིས་མཐོང་དུས་ནས་མིག་ལ་དུག་ཏུ་གྱུར་པ་ཞིག་ཡིན་ལས་ཆེ་ལ། ཡང་མི་ཁག་ཅིག་ལ། དེ་ལས་ལྡོག་སྟེ། ཐ་སྙད་འདི་སྙན་ཞིང་ཡིད་དུ་འོང་བ་ཞིག་ཀྱང་ཡིན་སྲིད། དཔེར་ན་དམག་རྩེད་ལ་དགའ་བའི་བྱིས་པ་དང༌། ཐ་ན་མི་རྒན་ཚོ་ཡང་དམག་འཁྲུག་གི་ལྟད་མོར་ལྟ་རྒྱུར་དགའ་བས། གཞན་ཡང་མི་ཁག་ཅིག་ལ་མཚོན་ན། བྱདམག་འཁྲུགབྱནི་རྒྱུན་གོམས་སུ་སོང་བའི་འཚོ་བ་ཞིག་དང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ལས་ཅིཡང་མིན་ཡང་སྲིད། དེས་ན། ཚོར་བ་བདེ་སྡུག་བཏང་སྙོམ་གསུམ་གྱིས་མི་རྣམས་མི་འདྲ་བར་གྱུར་བ་ཡིན་ནམ།

          ཡིན་ཡང་ཁྱད་ཆོས་དེ་ཙམ་གྱིས་རིགས་མི་འདྲ་བའི་མི་དེ་ཚོ་ཞི་བ་དང་དྲག་པོ། ཡང་ན་བཟང་པོ་དང་ངན་པའི་ཤན་འབྱེད་འོས་སམ། ང་ཚོས་དེ་བས་ཀྱང་དམག་འཁྲུག་གི་མཇུག་འབྲས་དང༌། སྣོད་བཅུད་ལ་ཇི་ལྟར་སེམས་ཁུར་བྱེད་དམ།

 

          བདག་གིས་ཉིན་ཞིག་གྲོག་མའི་དམག་འཁྲུག་ཅིག་མཐོང། དེ་ནི་རྒྱ་གྲོག་ཆེན་པོའི་ཁྱུ་ཞིག་དང་གྲོག་མ་ནག་ཆུང་མའི་ཁྱུ་གཉིས་དམར་གསོད་ཆེན་མོ་ཞིག་རེད། ཁོ་ཚོས་དམག་རྒྱག་ས་ཡང་ཨར་འདམ་གྱིས་བཟོས་པའི་ཆུ་རྐ་ཞིག་ནང་སྟེ། སུ་ཞིག་ཤི་ན་ཡང་བེམ་རོ་གཡུག་ཆོག་ཆོག་ཡོད་ས་ཞིག་རེད། ཆུ་རྐ་དེའི་གོམ་པ་བཞི་བཅུ་ལྷག་གི་རིང་ཐུང་ནང་དུ་གྲོག་མ་སྟོང་ཕྲག་མང་པོས་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱེད་ཀྱིན་འདུག

          ཁོ་ཚོ་ནི་ངོ་མ་དཔའ་རྒོད་ཤ་སྟག་ཅིག་སྟེ། གྲོག་མ་རེ་རེ་ཁེར་ཐུག་རྒྱག་མཁན་འདུག་ལ། གྲོག་མ་གཉིས་གསུམ་རེས་གཅིག་རུབ་རྒྱག་མཁན་ཡང་འདུག ལ་ལ་ལུས་པོ་ཕྱེད་ཀ་རྨ་བཟོས་ནས་འགྲོ་རྒྱུ་མེད་ན་ཡང་ད་དུང་ངོ་ཡ་བྱེད་རྒྱུར་ཐེ་ཚོམ་ཅི་ཡང་མི་འདུག

          སྐབས་ཤིག་ལ་རྒྱ་གྲོག་གསུམ་གྱིས་གྲོག་མ་ནག་ཆུང་ཞིག་བསྐོར་བྱུང༌། ངའི་སེམས་ལ་ཁོ་ཕལ་ཆེར་འབྲོ་རྩིས་བྱེད་རྒྱུ་རེད་སྙམ་མོད། ཁོ་ལྷག་པར་ངར་ཅིག་ལངས་ནས་ར་གཉིས་མདུན་ལ་བཙུགས་ཏེ་འཐབ་སོང༌། རྒྱ་གྲོག་གཅིག་གིས་ཁོའི་མགོ་ནས་སོ་བཏབ་ཅིང་མཉན་པ་དང་གཅིག་གིས་མཇུག་ནས་སོ་བཏབ་ནས་འཐེན། ཡང་གཅིག་གིས་ཁོའི་སྐེད་པ་ནས་སོ་བརྒྱབ་སྟེ་ཕར་འཐེན་ཚུར་འཐེན་དང་ཡར་འདྲུད་མར་འདྲུད་བྱས་ཏེ་གཏན་ནས་གློད་གཏན་ནས་གློད་ཀྱིན་མི་འདུག མཚམས་ཤིག་ལ་གྲོག་མ་ནག་ཆུང་དུམ་བུ་གཉིས་སུ་ཆད་པ་སོང༌། ངའི་སེམས་ལ་ཨ་ཁ་འགྲིག་མ་སོང་ཙམ་ཞིག་སྙམ་ན་ཡང་དོན་དངོས་སུ་དེ་གཉིས་ལ་ཆགས་སྡང་བྱེད་དགོས་པ་མེད་ན་ཡང་ཆུང་བ་དེར་ཕྱོགས་ཞེན་ཙམ་སྐྱེས་སོང༌། རྒྱ་གྲོག་གཉིས་ཀྱིས་ཕྱེད་ཀ་རེ་ཁུར་ནས་ཕར་ཙམ་སོང་རྗེས་བསྐྱུར་སོང༌།

          དེ་མ་ཐག་གྲོག་མ་ནག་ཆུང་གཞན་ཞིག་འོང་ནས་རྒྱ་གྲོག་གཅིག་ལ་འཐབ་སོང༌། ཁོ་གཉིས་ཀྱི་ཤེད་རྒྱ་གྲོག་ལ་ཆེ་ན་ཡང་དཔའ་བློ་ཁོག་ལ་ཆེ་ཆུང་ཞིག་མི་འདུག ངས་ལྟད་མོ་དེ་ལྟ་ཞོར་ང་སྲོག་གཅོད་སྤངས་པའི་མི་ཞིག་གིས་འདི་ལྟར་སྙིང་རྗེ་མེད་པར་བལྟས་ནས་བསྡད་ན་དེ་ནི་ཁྲེལ་མེད་ཅིག་རེད་ལ། སྡིག་པ་ཞིག་ཀྱང་ལོས་ཡིན་སྙམ་བཞིན་རྩི་ཐུར་ཅིག་བླངས་ཏེ་ཁོ་གཉི་གའི་བར་ལ་ཇི་ལྟར་བཙུགས་ཀྱང་དེ་ནི་གཡག་རྒོད་གཉིས་ཀྱི་རྡུང་ཁ་རྒྱག་པ་ནང་བཞིན་སུ་གཅིག་གིས་ཀྱང་གློད་ཀྱིན་མི་འདུག ངས་རྩི་ཤིང་ཤུགས་ཀྱིས་བཙུགས་ན་ཁོ་གཉིས་ལ་རྨ་བཟོས་ནས་ལྷག་པར་གནོད་པ་ལས་མི་འདུག

          བདུན་ཕྲག་གཉིས་ལྷག་ལ་ཆུ་རྐ་དེ་གྲོག་མའི་བེམ་རོས་གང་པའི་ནང་དུ་རྒྱ་གྲོག་རྨས་མ་འགའ་ཞིག་ཁྱར་ཁྱོར་འགྲོ་བ་ལས་ཅི་ཡང་མ་ལྷག ཕལ་ཆེར་ཐམས་ཅད་ཤི་སོང་ན་ཤུལ་དུ་མྱ་ངན་གྱིས་འཚོ་དགོས་མཁན་ཡང་མེད་པས། གཅིག་བྱས་ན་དེ་ནི་དམག་འཐབ་གཙང་མ་ཞིག་རེད།

 

          སྐྱོབ་ཐབས་མེད་ལ་རང་ཉིད་ཀྱིས་ཀྱང་ཐར་འདོད་མེད་པའི་འཁོན་འཛིང་གི་སྙིང་སྟོབས་དེས་ངའི་སེམས་ལ་ཅི་ཞིག་གི་གཡོ་འགུལ་བཏང་ཞིང༌།ང་ཚོ་མིའི་རིགས་ཀྱིས་འདི་འདྲའི་དམག་ཆེན་ཞིག་བརྒྱབ་ན་འཛམ་གླིང་འདི་བདུན་ཕྲག་གཅིག་ནང་ལ་ཕྱི་ནང་བསློགས་ངེས་སྙམ་པའི་འཇིགས་སྣང་ཞིག་ཀྱང་ངང་གིས་སླེབས་བྱུང༌།

 

          ང་ཆུང་དུས། སྲོག་ཆགས་གྲོག་མ་མིག་མེད་ཀྱང༌། མིག་ལྡན་གཞན་ལས་ལྷག་པར་མགྱོགས། ཞེས་པའི་ལེགས་བཤད་དེས་ངོ་མཚར་སྐྱེ་བཅུག་མྱོང་ལ། གྲོག་མ་ལས་ཤེད་ཆེན་སུ་ཡང་མེད་ཅེས་པའི་ཤོད་རྒྱུན་དང་དངོས་སུ་གྲོག་མས་རང་གི་ལུས་ཚད་ལས་ལྷག་པའི་དངོས་པོ་དབོར་འདྲེན་བྱེད་པ་དག་མཐོང་ནས་ཀྱང་ངོ་མཚར་སྐྱེས་མྱོང༌། རྗེས་སུ་བསམ་ཅུང་ཟད་ཤེས་དུས། གྲོག་ཚང་གཅིག་གི་གྲོག་མ་སྟོང་ཕྲག་མང་པོས་ལྷན་ཅིག་ལས་ཀ་བྱེད་དུས་ཚ་ཚ་འུར་འུར་ངང་གཅིག་ལས་གཅིག་མགྱོགས་འགྲན་པ་ལས། སྒྱིད་ལུག་དང་ལེ་ལོ། གཡོ་སྒྱུ་སྤུ་ཙམ་བྱེད་མཁན་མེད་པ་དེས་ང་ལ་ལྷག་པར་མཚར་སྣང་དང༌། ངོ་མ་སྤྱི་ཚོགས་ཤིག་གི་འཚོ་བ་ནི་འདི་ལྟར་སྒྲུབ་ན་མི་འགྲུབ་པའི་བྱ་བ་ཅི་ཡང་ཡོད་རྒྱུ་མ་རེད་སྙམ་པའི་ཚོར་ཤུགས་ཆེན་པོ་སྤྲད་མྱོང་བས། བདག་གིས་གྲོག་མ་ལ་མིག་དཔེར་བལྟས་ནས་ཀྱང་རང་གི་འོས་འགན་ལེགས་སྒྲུབ་བྱ་དགོས་པའི་དྲན་སྐུལ་དང་ངར་ཤུགས་བསྐྱེད་མྱོང༌།

 

          འོན་ཀྱང་ངས་གྲོག་མ་ཆུང་ཆུང་ཚོ་འདི་འདྲའི་དཔའ་ངར་རྟུལ་ཕོད་ཀྱི་དམག་དཔུང་འཇིགས་ཆེན་ཞིག་ཡིན་པ་བསམ་མ་མྱོང། ད་དུང་དེ་ལས་འཇིགས་ཡེར་བ་ཞིག་ནི། ང་ཚོ་འགྲོ་བ་མིའི་དམག་དཔུང་མ་ཡིན་ནམ། འཛམ་གླིང་དམག་འཁྲུག་དང་པོ་དང་གཉིས་པ། ཉེ་རབས་ལོ་རྒྱུས་ནང་རྒྱ་གུང་དམག་གིས་བདག་གི་ཕ་ས་ཞི་བའི་ལྗོངས་སུ་དྲག་པོས་བཙན་འཛུལ་སྐབས་ཀྱི་རྒྱ་བོད"དམག་འཁྲུག"གི་དམར་གསོད་ཆེན་མོ་དག་བསམ་ཚེ་ཆེས་སྐྱི་གཡའ་བ་ཞིག་རེད་ཨང། གལ་ཏེ་འཛམ་གླིང་དམག་འཁྲུག་གསུམ་པ་ཞིག་བྱུང་ན་སའི་གོ་ལའི་སྣོད་བཅུད་ཧྲིལ་པོར་གོད་ཆག་ཡ་ང་ཅི་འདྲ་ཞིག་འབྱུང་རྒྱུ་ནི་བསམ་ཡང་བསམ་མི་ཕོད་པ་ཞིག་རེད་ཨང། །

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php