ངུ་ངག་གི་རོལ་དབྱངས་ཐུང་ངུ་ཞིག

 

 

 

༡༽ 

ཁྱེད་ནི་ངུ་ངག་གི་ལོ་ཟླའི་ཁྲོད་ནས་འཁྲུངས་ཤིང་བཞུད་པ་ཡིན་པས། སུས་ཀྱང་མིག་མཐའ་སྐམ་པོས་ཁྱེད་ཀྱི་རྣམ་ཐར་གླེང་མི་སྲིད་ལ། འོན་ཏེ། གསང་གསུམ་ཀྱི་འཕྲིན་ལས་ནི་བདག་གི་སྨོན་ཡུལ་ཁོ་ན་ལས་ཅི་ཡང་མ་ཡིན་པས་འཇམ་དབྱངས་དང་དབྱངས་ཅན་མའི་སྐལ་བར་བཞག་ན་འཚམས། བདག་གིས་བདག་རང་གི་ངུ་ངག་ཙམ་སྟེ། ཁྱེད་ལས་ཐོབ་ཅིང་ཁྱེད་ལ་ཕུལ་བའི་རོལ་དབྱངས་ཐུང་ངུ་འདིར་གསན་འཚལ་ཀྱེ། 

༢༽ 

མཇལ་མ་མྱོང་བའི་བྱིས་དུས་སུའང་། གང་གི་མཚན་སྙན་གྱིས་དགེ་བའི་བག་ཆགས་བཞག དུས་ནམ་ཞིག་ལ་གསེར་ཞལ་མཐོང་བའི་རེ་སྨོན་སྙིང་ལ་སྦྲུམ། ཀྱེ། བདག་དང་ཁྱེད་ལ་ཅི་ཞིག་གི་འབྲེལ་བ་ཡོད།འོན་ཀྱང་ཐོག་མའི་བྱིས་བློ་དེར་བདག་ད་དུང་ཡང་དུང།

༣༽ 

ཁྱེད་རང་བཙོན་ར་ལྟ་བུའི་འཇིག་རྟེན་འདིར་བསམ་བཞིན་སྐྱེ་བ་བཞེས་པས། ཁྱེད་རང་དངོས་སུ་བཙོན་ཁང་གི་བཙོན་མར་གྱུར། ཡིན་ན་ཡང་ཁྱེད་ཀྱིས་རྟག་ཏུ་བདག་ལ་འཛུམ་ཞལ་ངོམ་ཞིང། ང་ཚོ་རྟག་ཏུ་ཁྱེད་ཀྱི་ཕྱག་འོག་ནས་ངུས། ངུ་སྒྲ་དང་དགོད་སྒྲ་གཉིས་ཀྱི་བར་ན་གསང་བའི་འབྲེལ་བ་གང་ཞིག་ཡོད་པ་མི་ཤེས་ཀྱང་། བདག་ནམ་ཡང་ཁྱེད་ཀྱི་ཕྱག་འོག་ནས་འཚོ་བར་སྨོན།

༤༽ 

ཁྱེད་ཉིད་བཙོན་ཁང་ལས་གྲོལ་རྗེས། སླར་ཡང་ཆེས་ཐོག་མའི་ཞབས་ཟུང་གི་རི་མོ་རྩྭ་ཐང་དུ་བཀོད་ཅིང། ཆེས་ཐོག་མའི་སྙིང་གཏམ་རྩྭ་ཐང་དུ་བསྒྲགས། བདག་གི་ཨ་མྱེས་ཀྱི་དགའ་དད་ཉག་གཅིག་གིས་ཁྱེད་ཉིད་ངེད་ཚང་གི་སྦྲ་གུར་དུའང་སྤྱན་འདྲེན་ཐུབ། ཡིན་ན་ཡང་ཁོ་བོས་རྒྱང་རིང་གི་རྫ་མགོ་ནས་གཡག་རོག་གི་རྒྱབ་ལ་ཞོན་ཏེ་ཡིད་སྨོན་ཁོ་ན་བྱས། ཁྱེད་ཀྱིས་ཆིབས་ཁ་ཕྱིར་ལ་སྒྱུར་སྐབས་བདག་གིས་ཀྱང་ཕེབས་ལམ་གྱི་འགྲམ་དུ་བཅར་ནས་མི་ཚོགས་ཁྲི་སྟོང་དང་མཉམ་དུ་རྨི་ལམ་ནང་གི་ཁྱེད་ཀྱི་གསེར་ཞལ་དེ་མངོན་སུམ་ཐེངས་གཅིག་མཇལ་བའི་སྐལ་བཟང་ཐོབ། ང་ལ་ཅི་ཞིག་ཐོབ་མིན་མེ་ཤེས་ཏེ། ཐ་ན་ཁྱེད་ཀྱི་གསུང་ཚིག་གཅིག་ཀྱང་ཐོས་ཐུབ་མེད་མོད། ཁྱེད་ཀྱི་དགྱེས་འཛུམ་གྲོལ་བའི་གཟིགས་སྣང་དེས་བདག་ལ་ཡོངས་སུ་ཚིམ་པའི་ཚོར་བ་ཞིག་སྦྱིན།

༥༽ 

བདག་ཁྱེད་ལ་ལྷག་པར་དགའ་བ་ཞིག་གམ། ཁྱེད་ཀྱི་བདག་ལ་དངོས་གྲུབ་ཆེན་པོ་ཞིག་གནང་བ་ནི། ཨ་མྱེས་ནོ་ཡོན་ལགས་ཀྱིས་བདག་གི་དེབ་དང་སྙུ་གུ་དོར་ནས་སྔར་བཞིན་ལྕག་དང་འུར་ཆ་ཐོགས་དགོས་ཟེར་བའི་བར་ཆད་བཟློག་པ་དེ་ཁོ་ན་ལགས། གལ་ཏེ་དེ་དུས་ཁྱེད་ཀྱིས་ཁོ་བོར་མདུན་ལམ་འདི་གནང་མེད་ན་ངས་ཁྱེད་ལ་དད་པའི་ནུས་པའང་ཉམས་ཡོད་སྲིད། ད་དུང་ཁྱེད་ཀྱིས་བདག་ལ་ཡི་གེ་ཀ་གཅིག་ཁྲིད་པའི་དགེ་མཚན་གསུངས་ཤིང་། མུ་མཐུད་དེ་ཀ་ཁ་སློབ་དགོས་པ་དང། ས་ཐག་རིང་པོ་གང་དུ་སོང་ཡང་ལྷག་བསམ་བཟང་པོའི་ཀ་ཁ་མ་བོར་ན་མདུན་ལམ་བཟང་པོ་ཡོད་ཅེས་གསུངས་པའི་ལུང་བསྟན་གྱི་བསླབ་བྱ་དེ་དག་བདག་གིས་སེམས་གཏིང་ལ་རྟག་ཏུ་ཉར་ ཡོད་ལགས། དེ་བས་ཁོ་བོའི་ད་ལྟའི་མདུན་ལམ་འདི་དག་ཁྱེད་ཀྱིས་གནང་བའི་གསོལ་རས་ཁོ་ན་ལགས།

༦༽ 

དེ་ནས་བཟུང་། ཁྱེད་ཀྱིས་ལུང་བསྟན་གནང་བ་དེ་ནས་བཟུང་། བདག་ གིས་སྐུ་ཉིད་ཀྱི་སྐུ་པར་ཆུང་ངུ་སྲུང་འཁོར་བཞིན་ཉར་ནས་རྒྱང་རིང་གི་ཡུལ་འདིར་ ལྷགས་ཤིང་ཁྱེད་ཀྱི་ལུང་བསྟན་ཀྱི་ལམ་སྣེ་མནན་ནས་ཀ་ཁ་བསླབས། མི་ཚེ་ཀ་ཁས་སྐྱེལ། ད་དུང་མུ་མཐུད་དེ། ཁྱེད་ཀྱིས་ང་ཚོར་སླར་ཡང་མཇལ་ཡོང་ཞེས་གསུངས་པ་བཞིན་ངས་ཀྱང་སླར་ཡང་མཇའ་འདོད་ཀྱི་རེ་བ་ཡིད་ལ་བརྣགས། འོན་ཀྱང་ཁྱེད་ཀྱི་ཞལ་རྫུན་གསུངས་འདུག གཅིག་བྱས་ན་སྐུ་ཚེ་རྗེས་མར། གང་ལྟར་དེ་ནི་སྤྱིར་བཏང་གི་གསུང་ཞིག་ཡིནའང་འདྲ་སྟེ། བདག་ཁྱེད་ལ་སྔར་ལས་དད་གུས་ཆེ་ཞིང་སྔར་ལས་དྲན་གདུང་ལྕི།

༧༽ 

ཀྱེ། རྩ་བའི་བླ་མ་ལགས། ཁྱེད་ཀྱིས་བདག་ལ་བདེ་སྐྱེད་ཀྱི་མི་ཚེའི་མདུན་ལམ་ཞིག་གནང་མོད། ཁོ་བོས་ཁྱེད་ཀྱི་དགོངས་རྫོགས་མཆོད་འབུལ་དུ་ཟླ་ཕོགས་ཀྱི་སུམ་ཆ་གཅིག་ལས་འབུལ་ཐུབ་མ་སོང། ཡིན་ན་ཡང་ངས་ཁྱེད་ཀྱི་གསུང་བརྩིས་ཡོད། ཁ་ལ་ཉན་པའི་བུ་ཕྲུག་ཅིག་ཡིན་པས་ཁྱེད་ཀྱིས་ཐུགས་ཁྲེལ་གནང་མི་སྲིད། མ་གཞི་ཁྱེད་ནི་ཡོད་ཚད་ཀྱི་དོན་དུ་ཡོད་ཚད་བློས་གཏོང་བའི་འགྲོ་བའི་སྐྱབས་གནས་དམ་པ་ཞིག་ལགས་པས་ཁྱེད་ཀྱིས་ཕྱི་མ་ན་བར་དོ་འགྲིམས་པའི་བླ་སྤྲུལ་ཕལ་བ་རྣམས་བཞིན་བདག་གི་ལག་པར་གཟིགས་མེད་ལ། གཟིགས་དགོས་དོན་ཡང་ཅི།

༨༽ 

བདག་ནི་ཁྱེད་དྲུང་ལན་གཅིག་བཅར་བའི་མི་ཚེའི་སློང་མོ་བ་ཆུང་ངུ་ཞིག་སྟེ། བདག་དང་བདག་འདྲ་གྲངས་མེད་མེད་ཅིག་དང། གཞན་དང་གཞན་དག་མཐའ་ཡས་ཤིག་ལ། ཁྱེད་ཀྱིས་མིོ་ཆེའི་ལམ་སྟོན་དང། ཕྱི་མའི་ལམ་འཇུག མགོན་དང་སྐྱབས། དཔུང་དང་གཉེན་ག་ཚོད་ཅིག་གནང་ཡོད་མེད་མིག་སྟོང་ཅན་གྱིས་གཟིགས་མིན་ལ་ཚངས་པའི་བློ་ཡིས་དཔོག་མ་ཡིན། བདག་གིས་དད་འདུན་གྱི་ལྷ་དར་གཙང་མ་ཞིག་བཏེགས་ཏེ་ཁྱེད་ཀྱི་ཁྱེའུ་ཆུང་ཞིག་ལ་ངང་སྒུག་བྱས་ཡོད་པས། མྱུར་དུ་ཕེབས་རོགས། གངས་རི་ནི་ཁྱེད་ཀྱི་ཕ་ས་ཡིན་ལ། ཁྱེད་ཉིད་ནི་གངས་ཀྱི་སེང་གི་ཡིན་པས། ང་ཚོ་ཚེ་རབས་ནས་ཚེ་རབས་སུ་མི་འབྲལ་ཐག་གིས་ཆོད།

 

མྱུར་དུ་ཕེབས་དང་། ཀྱེ་ཀྱེ་བདག་གི་རྩ་བའི་བླ་མ་ལགས།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php