བདུན་དྲུག་དང་

བདུན་གཅིག་གི་ཉིན་མོ།

 

 

     ༡༽ 

བདུན་དྲུག་སྟེ། ༡༩༣༥ ལོའི་ཟླ་བདུན་པའི་ཚེས་དྲུག འདི་ནི་གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་སྨད་རྟ་ཡི་ཆོལ་ཁའི་སྟག་འཚེར་གྲོང་ཚོའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན། དེ་ཡང་རིམ་བཞིན་དུ་རྒྱལ་ས་ལྷ་སའི་ཁུལ་དང།  དེ་ནས་འཕགས་ཡུལ་བཙན་བྱོལ་བོད་གཞུང་དམངས་དང་། དེ་ནས་ཕྱིར་གཞིས་ལུས་ཆོལ་གསུམ་བོད་མི་ཡོངས་དང། ད་ལྟ་རྒྱལ་སྤྱིའི་ཐོག་གི་ཆེས་བཀྲ་ཤིས་ཉིན་མོ་ཞིག་ཏུ་འགྱུར་བཞིན་ཡོད།  དེ་རིང་གི་ཉིན་མོ་འདི། ལྷ་མོ་དོན་ཀུན་གྲུབ་པའི་བཀྲ་ཤིས་འཁྲུངས་སྐར་གྱི་བདུན་དྲུག་ཡིན་ལ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་དགུང་ལོ་དོན་དྲུག་ལ་ཕེབས་པའི་བཀྲ་ཤིས་བདུན་དྲུག་ཀྱང་ལགས། གང་ཟག་ཅིག་གི་འཁྲུངས་སྐར་གྱི་ཉིན་མོ་ཞིག་འདི་ལྟར་རྒྱལ་སྤྱིའི་དུས་ཆེན་ཞིག་ལ་འགྱུར་ཚུལ་འདི་འདྲ་ཧ་ཅང་དཀོན། འདི་ཁོ་ནས་ཀྱང་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་ཀྱི་ཐུན་མོང་མ་ཡིན་པའི་རླབས་ཆེན་མཛད་འཕྲིན་རྣམ་པར་རྒྱས་པ་མཚོན་ཡོད།

བདུན་དྲུག་གི་ཉིན་མོ་འདིར། དགའ་དད་སྤྲོ་གསུམ་གྱི་བདེ་དགར་རོལ་མཁན་མང་ལ། དགའ་སྐྱོ་ཟུང་འབྲེལ་གྱིས་རྟེན་འབྲེལ་ཞུ་མཁན་ཡང་མང། ད་དུང་རེ་སྨོན་ཤུགས་དྲག་ཅིག་གིས་གསོལ་འདེབས་དང་སྨོན་ལམ་འདེབས་མཁན་ཡང་ཧ་ཅང་མང། འཛམ་གླིང་འདིར་ཆེས་ཆེར་དཀོན་ཞིང་ཕན་རླབས་བླ་ན་མེད་པའི་དངོས་པོ་ཞིག་ལ་ཡིད་བཞིན་ནོར་བུ་ཟེར། དེ་ཐོབ་ན་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར། དེ་ནི་གནའ་སྔ་མོ་ཞིག་ལ་རྒྱ་མཚོ་ཆེན་པོའི་གཏིང་ནས་ལས་སྨོན་བསོད་ནམས་ཅན་གྱི་ཆོས་རྒྱལ་དྲི་མེད་ཀུན་ལྡན་ལྟ་བུ་ལས་རྙེད་ཐབས་མེད་པ་ཞིག་རེད། ད་ལྟ་ང་ཚོ་འཛམ་གླིང་མི་དམངས་ཡོངས་ལ་གནའ་བོས་ཡིད་བཞིན་ནོར་བུས་ཀྱང་མཚོན་ཐབས་བྲལ་བའི་༸གོང་ས༸སྐྱབས་མགོན༸རྒྱལ་བ་ཡིད་བཞིན་ནོར་བུ་ཁོང་བསོད་ནམས་ཀྱི་སྐལ་དུ་ཐོབ་ཡོད། ཡིད་བཞིན་ནོར་བུ། ཁྱེད་ཕེབས་ལམ་རེ་རེ་ན། ཞི་བདེའི་ལམ་བུ་རེ་རེ། དགེ་བའི་ས་བོན་རེ་རེ། ཡིད་བཞིན་ནོར་བུ། ཁྱེད་བཞུགས་སའི་ཁོར་ཡུག་རེ་རེ་ན། ལྷིང་འཇགས་ཀྱི་གནས་མལ་རེ་རེ། ཞི་བདེ་ཡི་བསྟི་གནས་རེ་རེ། ཡིད་བཞིན་ནོར་བུ། ཁྱེད་ཀྱི་འཛུམ་ལྷུག་ལྷུག་གི་བཞད་མོ་རེ་རེ། རིས་མེད་ཀུན་ཡིད་འགུགས་པའི་བདེ་སྣང་རེ་རེ། ཡིད་བཞིན་ནོར་བུ། ཁྱེད་ཀྱི་ཕྱག་ཟུང་ཐལ་མོ་སྦྱར་བའི་ཕྱག་རྒྱ་རེ་རེ། ཀུན་ལ་བཀའ་དྲིན་ཆེ་ཞུའི་བླ་མེད་གུས་འདུད་རེ་རེ།

      ༢༽ 

བདུན་གཅིག་སྟེ། ༡༩༢༡ ལོའི་ཟླ་བདུན་པའི་ཚེས་གཅིག རྒྱ་ནག་དམར་ཤོག་ཚོགས་པའི་སྐྱེས་སྐར། སྤྱིར་ཡིན་ན་དེ་ནི་འཛམ་གླིང་མི་དམངས་ཡར་ལངས་ཀྱི་དབུ་ཁྲིད་དམ་པ་མར་ལེ་རིང་ལུགས་དགོངས་དོན་ལག་བསྟར་གྱི་རྩ་འཛུགས་ཤིག་གི་ཉིན་མོ་ཡིན་པས། དེ་ཡང་བཀྲ་ཤིས་པའི་ཉིན་མོ་ཞིག་ལ་བརྩི་ཆོག་མོད། འོན་ཀྱང་དམར་པོ་ཁྲག་གི་འཁོར་ཆེན་བསྐོར་བ་ཐལ་དྲགས་ཤིང་མི་རིགས་མང་པོར་མགོ་བསྐོར་བཏང་བ་མང་དྲགས་པས་ང་ཚོས་ཉིན་མོ་འདི་ལ་བཀྲ་ཤིས་བདེ་ལེགས་ཤིག་ཇི་ལྟར་ཞུ་ཐུབ་བམ།

བདུན་གཅིག ད་ལྟ་ལོ་ངོ་དགུ་བཅུ་འཁོར་ན་ཡང་ད་དུང་བྱ་ཁྭ་ཏས་སྒྲོ་བསྟོད་ལྟར་རང་གིས་རང་ལ་བསྟོད་དེ་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱིས་གཙོས་རྒྱ་ནག་མི་དམངས་ཡོངས་ལ་ཏང་གི་བཀའ་དྲིན་རྗེས་དྲན་དང་ཏང་ལ་དགའ་ཞེན་བྱེད་དགོས་པའི་རིག་རྩལ་ལས་རིགས་ཀྱི་ཆབ་སྲིད་རྩེད་སྟོན་བསྐྱར་དུ་བཟློས་ན་ཡང། རྒྱ་ཆེའི་མི་དམངས་རང་ངོས་ནས་དང་བླང་གི་དུས་ཆེན་སྲུང་བརྩི་བྱེད་མཁན་ཧ་ཅང་ཉུང།  ཡིད་བཞིན་ནོར་བུ། རྒྱ་ནག་དམར་པོའི་གཞུང་གིས་ཁྱེད་ཉིད་གཡོ་སྒྱུས་འགུགས་མ་ཐུབ་པའི་དུས་དེ་ནས་བཟུང། ཁྱེད་ལ་སྡིགས་མཛུབ་ཅི་ཙམ་གཏད་ཡོད། དམོད་མོ་ཅི་ཙམ་བྱས་ཡོད། ནག་ཞྭ་ཅི་འདྲ་བསྐོན་ཡོད། དམའ་འབེབས་ཅི་ཙམ་བྱས་པ་འཛམ་གླིང་ཡོངས་ལ་གསལ། འོན་ཀྱང་ཁྱེད་ཀྱིས་རྟག་ཏུ་འཛུམ་གྱིས་བསུས་ཏེ་བདེན་པའི་གནས་ལུགས་ཁོ་ནས་ངོ་ཡ་གནངས། ཐ་ན་རྒྱལ་ཁབ་ཅིག་གི་ཐོབ་ཐང་ཡང་བློས་གཏོང་གིས་འཛམ་གླིང་ཞི་བདེར་ཕན་པའི་བོད་རྒྱ་གཉིས་སྨན་གྱི་གསེར་ཟམ་གསར་དུ་བསྐྲུན། ཁོང་ཚོས་ད་དུང་ཡང་ཧམ་སེམས་གཞན་ཞིག་དང་ཁེ་ཕན་གཞན་ཞིག་གི་ཆེད་དུ་དམག་དཔུང་དང་གཡོ་རྫུན་གྱི་མཁར་རྫོང་ལ་སྐྱབས་བཅོལ་ནས་ཁྱེད་ལ་ངོ་ཡ་བྱེད་ཁུལ་བྱེད་ཀྱིན་ཡོད། དོན་ལ་ཁས་ལེན་མི་བྱེད་ཀ་མེད་དང་ལག་པ་མི་གཏོང་ཐབས་མེད་ཅིག་ཆགས་ཡོད། བདུན་དྲུག་གི་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་འདིར་བོད་མི་རིགས་ཙམ་མ་ཟད་འཛམ་གླིང་མི་རིགས་མང་པོའི་ནང་ལ་དགའ་དད་སྤྲོ་གསུམ་གྱིས་དང་བླང་བརྩི་སྲུང་བྱེད་ཀྱིན་ཡོད། དེས་ན་མི་གྲངས་བྱེ་བ་བདུན་གྱི་རྒྱ་ནག་དམར་ཤོག་ལས་ཁྱེད་ཉིད་གཅིག་པུའི་འཁྲུངས་སྐར་ལ་གཟི་བརྗིད་ཆེ་བའི་དོན་སྙིང་ཡོད་པ་མིན་ནམ། སུ་ཞིག་སྐྱེས་པ་རླབས་ཆེ་ཞིང་གསོན་པ་གཟི་བརྗིད་ལྡན་པ་རྣམ་པ་འདིས་ཀྱང་གསལ་བོར་མཚོན་ཐུབ། མི་དམངས་མི་དགའ་ཞིང་མི་དམངས་ལ་མི་ཕན་པའི་སྐྱེ་བོ་དང་ཚོགས་སྡེ་ཁག་ཡུན་རིང་གནས་དཀའ་ལ། ཐ་ན་ངོ་རྒོལ་གྱིས་མེད་པར་གཏོང་ཡང་སྲིད། དེ་ལས་ལྡོག་སྟེ་མི་དམངས་ལ་ཕན་ཞིང་མི་དམངས་དགའ་བའི་སྐྱེ་བོ་སུ་ཞིག་དང་ཚོགས་སྡེ་གང་དག་ནི་མི་དམངས་ཀྱིས་ནམ་ཡང་སྲུང་སྐྱོབ་དང་ཇི་སྲིད་དུ་རྗེས་དྲན་ཞུ་ངེས་ཡིན། མིའི་རིགས་ཀྱི་མགོན་དཔུང་དུ་བཀུར་ངེས་ཡིན།

ཡིད་བཞིན་ནོར་བུ། ཁྱེད་ཀྱི་མཉེས་གཤིན་གྱི་ཐུགས་དགོངས་ཟབ་མོ་ན་ཚད་མེད་ཀྱི་སྙིང་རྗེ་དང།  ཚད་མེད་ཀྱི་བཏང་སྙོམས་ཆེན་པོ་མངའ།  ཡིད་བཞིན་ནོར་བུ། ཁྱེད་ཀྱི་འཇམ་ཞིང་སྙན་པའི་གསུང་དབྱངས་རེ་རེ་ལས་བདེ་བའི་དབུགས་དབྱུང་འཐོབ་ཅིང་བླང་དོར་གྱི་ལམ་བཟང་མཐོང་། ཡིད་བཞིན་ནོར་བུ། ཁྱེད་ཀྱི་རང་བཞིན་གཤིས་ཀྱིས་གཤེར་བའི་འཛུམ་མདངས་་རེ་རེ་ལས་ཚད་མེད་ཀྱི་དགའ་བ་དང་་ཚད་མེད་ཀྱི་བྱམས་བརྩེ་མཐོང་ཐུབ། ཀྱེ་ཀྱེ། ཡིད་བཞིན་ནོར་བུ། ཨེ་མ་མཐོང་བ་དོན་ལྡན་ལགས།

     ༣༽ 

ཡིད་བཞིན་ནོར་བུ། ད་ལྟ་ཁྱེད་ཀྱིས་བོད་ཀྱི་རྒྱལ་སྲིད་དམངས་ལ་གནངས་ཏེ། ཡོངས་སུ་བགྲེས་ཡོལ་ལ་ཕེབས་པར་བཞེད་ན་ཡང། རང་རིགས་མི་ཉུང་བ་ཞིག་གིས་བློ་ཕམ་དང་འཁང་ར་བྱེད་མོད། དོན་དངོས་སུ་ཁྱེད་ནི་སྔར་ལྷག་གི་བསྟན་འགྲོའི་བདེ་སྐྱིད་ཀྱི་དོན་ཆེན་སྒྲུབ་པར་གཞོལ་བ་ལས་སྐུ་ངལ་གསོ་བའི་ཉི་མ་གཅིག་ཀྱང་མེད། ད་ནི་གང་ཁྱེད་བོད་གངས་ཅན་པ་ཁོ་ནའི་བླ་མ་མིན་འཛམ་གླིང་མི་དམངས་ཀྱི་བླ་མ་ཡིན། ཁྱེད་ཀྱིས་དེ་རིང་ཡང་ཨ་རིའི་རྒྱལ་ས་ན་དཔལ་དུས་ཀྱི་འཁོར་ལོ་ཐེངས་༣༡་པའི་དབང་སྐུར་བཞིན་པ་མིན་ནམ།  ཡིད་བཞིན་ནོར་བུ། ཉི་མ་ཀུན་གྱི་ཉི་མ་དང། བླ་མ་ཀུན་གྱི་བླ་མ། ཞེས་པ་འདི་ཁྱེད་ཉིད་ལུང་བསྟན་གྱི་གཏམ་དཔེ་ཞིག་མ་ཡིན་ནམ།

གཅིག་བྱས་ན་དེ་སྔ་ཞིག་ནས་ཀྱང་ཉི་མ་ལྟར་གྱི་བླ་མ་ཡང་བྱོན་ཡོད་མོད། ད་ལྟ་ཡོངས་གྲགས་སུ་བླ་མ་ཀུན་གྱི་བླ་མའི་མཚན་གཞི་ཁྱད་འཕགས་པ་ཞིག་འཚོ་ཞིང་གཞེས་པ་ནི་ཡིད་བཞིན་ནོར་བུ་ཁྱེད་ཉིད་དེ། ཁྱེད་ནི་ང་ཚོའི་ཆེས་གཟི་བརྗིད་དང་ཆེས་རླབས་ཆེན་གྱི་མི་རིགས་ཀྱི་མཚོན་རྟགས་ཉིད་ལགས་སོ།

དེ་ལྟ་ན་ཡང། ཁྱེད་ཉིད་རླབས་ཆེན་གྱི་སྐྱེས་བུར་བཀུར་འདོད་མཁན་གྱི་རང་རིགས་མི་ཉུང་བ་ཞིག་གིས། བསམ་བློ་མ་སྨིན་པའི་དབང་གིས། མི་རིགས་ཀྱི་ལར་ཞེན་ཐལ་དྲགས་པའིདབང་གིས། རིན་པོ་ཆེའི་རིན་ཐང་མི་མཐོང་ལ། རིན་པོ་ཆེ་ཇི་ལྟར་ལོངས་སུ་སྤྱོད་ཚུལ་མི་ཤེས་པ་ནི་ངའི་བློ་ཕམ་དང་སེམས་ཁྲལ་ཆེ་ཤོས་ཤིག་ཡིན།

  ཀྭ་ཡེ། རིགས་མཐུན་དང་བློ་མཐུན་གྱི་གྲོགས་པོ་ཚོ། འཛམ་གླིང་མི་དམངས་ཀྱིས་ཞི་བདེའི་དེད་དཔོན་དམ་པར་བཀུར་བཞིན་པའི་ཡིད་བཞིན་ནོར་བུའི་ཆོས་སྲིད་ལུགས་གཉིས་ཀྱི་རླབས་ཆེན་དགོངས་གཞི་དེ་ང་ཚོས་ཡོངས་སུ་རྟོགས་རན་རེད། འཁྲུལ་མེད་ལམ་སྟོན་དེར་ང་ཚོ་ལྷན་དུ་ཆས་རན་རེད། མ་མཐར་ཡང་ང་ཚོས་ཁོང་གི་ལེགས་པར་བསྟན་གང་ཞིག་ལོག་པར་མི་མཐོང་བའི་གོ་རྟོགས་ཤིག་ངེས་པར་སྐྱེད་དགོས།

གལ་ཏེ་ནམ་ཞིག་ང་ཚོ་ཡིད་བཞིན་ནོར་བུའི་བཀའ་གསུང་ལས་ལོག་པར་སྐྱོད་མཁན་ཞིག་ཆགས་ཚེ་དེ་ནས་བཟུང་ང་ཚོའི་བར་གྱི་དམ་ཚིག་གཙང་མ་ཟེར་བ་རི་བོང་རྭ་དང། དེ་ནས་བཟུང་ང་ཚོའི་བར་ལ་ལས་དང་སྨོན་ལམ་གྱི་མཚམས་སྦྱོར་ཟེར་བ་ཡང་ནམ་མཁའི་མེ་ཏོག་ཡིན། བསོད་ནམས་མེད་པའི་མི་ལ། གསེར་ཡང་རྡོ་རུ་འགྱུར། ཟེར་བའི་དཔེ་དེ་འདྲ་ཡང་མི་ཡོང་བའི་ངེས་པ་ཅི་ལ་ཡོད། དེ་བས། ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ངོ་ཆོད་དགོས། ནོར་བུའི་ལོངས་སྤྱོད་རྟོགས་དགོས། ནོར་བུའི་དངོས་གྲུབ་མྱོང་དགོས།

      ༤༽

བདག་གིས་དེ་རིང་འདིར་ནན་ཏན་གྱིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་རེ་སྐུལ་གཅིག་ཞུ་འདོད་པ་ཡང་། བདུན་དྲུག་གི་ཉིན་མོ་འདི་ལོ་རེ་བཞིན་དུ་ཁྱབ་རྒྱ་ཇེ་ཆེར་བཏང་ནས་འཛམ་གླིང་མི་དམངས་ཡོངས་ཀྱི་གུས་བརྩིའི་བོད་ཀྱི་ཉིན་མོ་ཞིག་ཆགས་རྒྱུར་ད་དུང་ཡང་ཐབས་ཤེས་འབད་བརྩོན་མུ་མཐུད་དུ་གནང་དགོས་རྒྱུ་དེ་ཡིན། འཛམ་གླིང་འདིར་ཡོངས་གྲགས་རྒྱལ་སྤྱིའི་བོད་ཀྱི་ཉིན་མོ་ཞིག་ཆགས་ཐུབ་མིན་དེ་ཡང་གཙོ་བོ་ཡིད་བཞིན་ནོར་ཁོང་ཉིད་ཀྱི་མཛད་འཕྲིན་ད་དུང་ཅི་ཙམ་རྒྱས་མིན་ལ་ཐུག་ཡོད་མོད། དེའི་མཚུངས་ཁོང་གི་རྗེས་འབྲང་བ་ང་ཚོས་འཁྲུངས་སྐར་འདི་ཉིད་ཇི་ལྟར་བརྩི་སྲུང་ཐུབ་མིན་དང། ཇི་ལྟར་ཡིད་བཞིན་ནོར་བུ་ལ་གོང་བཀུར་དང་གཞོགས་འདེགས་ཞུ་ཐུབ་མིན་ལ་རག་ལས་ཡོད།

 

མཐར། བདུན་དྲུག་གི་ཉིན་མོ་འདི་འཛམ་གླིང་གི་བོད་ཀྱི་ཉིན་མོ་ཞིག་ཏུ་འགྱུར་བར་སྨོན། འཇིག་རྟེན་འདི་ཇི་སྲིད་དུ་གནས་པ་དེ་སྲིད་དུ་ཡིད་བཞིན་ནོར་བུ་དང་འཛམ་གླིང་མི་དམངས་ནམ་ཡང་མི་འབྲལ་བར་སྨོན། ༸རྒྱལ་བ་ཡིད་བཞིན་ནོར་བུའི་རླབས་ཆེན་དགོངས་པ་བསྐལ་པ་ནས་བསྐལ་པར་གནས་བར་ཤོག གནམ་འོག་འདི་ཇི་སྲིད་དོན་དམ་གྱི་ཞི་བདེ་ཞིག་ཏུ་འགྱུར་བར་སྨོན།།

 

 

འདི་ནི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འཁྲུངས་སྐར་ཉིན་མོར། ཡིད་བཞིན་ནོར་བུ་དང་འཛམ་གླིང་མི་དམངས་ཞེས་པའི་སྙན་དངགས་གྱེར་འདོན་ཞིག་གོ་སྒྲིག་ཞུས་པའི་ཐོག་གི་བདག་གི་གཏམ་བཤད་སྒྲོག་སྦྱང་ཡིན།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php