༄།གཅན་གཟན་ཞིག་གི་གདམས་ངག

 

 

    དེང་སང་གང་སར་དམར་ཟས་སྤོང་དགོས་པའི་ལས་འགུལ་རབས་དང་རིམ་པ་ཞིག་ཡོང་བཞིན་པ་འདི་ང་རང་ཚོར་མཚོན་ན་སྡིག་སྤོང་གི་བྱ་བ་བཟང་པོའམ། ཡང་ན་ཡ་རབས་སྤྱོད་བཟང་ངམ་སེམས་བཟང་གི་སྐྱེ་བོ་ཞིག་གི་ཁྱད་ཆོས་སུའང་འདོད་མཁན་མང་བས་ལས་འགུལ་འདི་ལ་དགའ་བས་ཞུགས་མཁན་དང་ཡི་རང་དང་བསྟོད་པ་བྱེད་མཁན་ཤིན་ཏུ་མང༌། ཡིན་ཡང༌། ལས་འགུལ་སྤེལ་མཁན་ཚོའི་ནང་དུའང་དམར་ཟས་ལ་དགའ་མཁན་ཤིན་ཏུ་མང༌། ཐ་ན་ལ་ལ་ཞིག་རང་ཉིད་ཀྱིས་ཚེས་བཟང་དུས་བཟང་ཙམ་ལའང་དམར་ཟས་སྤོང་ཐུབ་ཀྱིན་མེད་ན་ཡང༌། གཞན་ལ་སློབ་སྟོན་བྱེད་པའི་ལས་འགུལ་འདིའི་ཁྲོད་དུ་ཞུགས་ཀྱིན་ཡོད། དེ་ནི་སློབ་སྟོན་པ་རྫུན་མ་ཞིག་མིན་ནམ། དེ་དག་ཅི་ཞིག་ཡིན་ན་ཡང་ཡིན། གང་ལྟར་ངས་ངན་བཤད་བྱེད་ན་མི་འདོད། ང་རང་ནི་ཤ་ཟ་བར་དགའ་ཡང་སྡིག་པ་ཡོད་པར་བསམ་མཁན་ཞིག་ཡིན། ཡིན་ཡང་ངའི་སྐྱེ་བ་འདི་ཤ་དད་ཅན་གྱི་སྤྱི་ཚོགས་ཤིག་ནང་སྐྱེས་ཤིང་འཚར་ལོངས་བྱུང་བས་ངས་ནམ་ཡང་ཤ་སྤོང་དཀའ།

    ང་ཇི་ལྟར་ཤ་གཟན་གྱི་མི་གཟུགས་འཆང་བའི་གཅན་གཟན་ཞིག་ཏུ་གྱུར་ཚུལ་ལ་བསམས་ན། འབྲོག་པ་སྟེ་དོན་ལ་ཤན་པ་དང་གཉིས་སུ་མེད་ལ་ཤ་གཟན་གཅན་གཟན་དང་ཆོས་མཐུན་པའི་འབྲོག་པའི་བུ་ཕྲུག་ཅིག་གི་སྐྱེ་བ་བླངས་པས། ངའི་བཟའ་བའི་སྙིང་པོ་དམར་ཟས་ཡིན། དེ་བས་ང་རང་སྐྱེས་ནས་ཨ་མའི་ནུ་མ་འཐུངས་པའི་ཟླ་ཤས་རྗེས། ངའི་ཨ་མེས་ཀྱིས་རྔོན་པ་ཞིག་ལ་རི་བོང་ཞིག་གསོད་བཅུག་ནས་ང་ལ་རི་བོང་གི་ཤ་བཙོས་ནས་བྱིན་པ་རེད་ཟེར། དེ་ནི་ཕྱོགས་གཅིག་ནས་རིག་པ་འཕེལ་བ་དང་ཕྱོགས་གཞན་ཞིག་ནས་ཉམ་ཆུང་བག་ཡོད་ཀྱི་རི་བོང་གི་ཁྱད་ཆོས་དག་གི་བག་ཆགས་ཤིག་ཀྱང་འོང་རེ་ཡིན་སྐད། གང་ལྟར་ལོ་གཅིག་མ་ལོངས་གོང་ནས་ང་ཤ་གཟན་གྱི་གཅན་གཟན་ཆུང་ཆུང་ཞིག་ཏུ་གྱུར།

    འོན་ཀྱང༌། དུས་ཀྱི་དབང་གྀིས་ང་མེས་པོ་ཚོ་ནང་བཞིན་ཕོ་ལོ་བཅོ་ལྔ་མ་ལོན་གོང་ནས་ཇག་ལ་ཆས་ཤིང་གཟན་ལ་འདུར་བའི་རི་སྤྱང་སྔོན་མོའམ་ཤན་པ་ཞིག་ཏུ་འགྱུར་མ་དགོས་པ་ནི་སྐལ་བ་བཟང་སྙམ། ཡིན་ནའང་ངས་གཞོན་དུས་སུ་བྱ་བྱིའི་འབའ་འབུ་བསད་མྱོང་ལ་ཐ་ན་སྐམས་གཅིག་དང་ལུག་གསུམ་གྱི་མཆུ་ཏོ་ཡང་བསྡམས་མྱོང༌། ཡིན་ཡང་འབྲོག་པ་ལ་མཚོན་ན་འདི་ནི་ཅི་ཡང་མིན། 

 

    ངའི་ཕ་མེས་ཚོས་སྡིག་པ་མིག་བཙུམ་བྱེད་པ་ནི་སྙིང་རྗེ་མེད་པ་དང་བསམ་བཞིན་སྲོག་གཅོད་ལ་དགའ་བ་ཞིག་མིན་གཏན་ནས་མིན། ཁོ་ཚོས་རྟག་ཏུ་སྒོ་ཕྱུགས་རེ་རེའི་མཆུ་ཏོ་སྡོམ་ན་ཡང་མ་ཎིའ་དབྱངས་རྟར་བྱམས་དང་སྙིང་རྗེའི་སྙིང་པོས་གཏམས། མཐུ་བཙན་པའི་གཟུངས་སྔགས་དང་དད་པའི་སྟོབས་གཉིས་བསྡེབས་པའི་གསོལ་འདེབས་སྨོན་ལམ་དག་ནི་བསམ་གྱིས་མི་ཁྱབ། གལ་ཏེ་སེམས་ཅན་དེ་དག་དག་པའི་ཞིང་དུ་འདྲེན་གྱིན་མེད་ནའང་རང་གི་སྡིག་པ་འདག་གིན་ཡོད་པར་ཡིད་ཆེས་བྱེད་ཆོག་སྟེ། རྨོངས་རྒན་གཡག་དང་འདྲ་བའི་ངའི་ཨ་མྱེས་བཤན་པ་དེས་ཀྱང་སྒོ་ཕྱུགས་ཅི་ཙམ་ཞིག་བསད་པ་བཤད་དཀའ་ཡང་མ་ཎི་དུང་ཕྱུག་བཏོན་ནས་དུང་སོ་དཀར་མོ་སྐྱེས་པ་ངས་ཀྱང་དྲན། དེས་ན་ཁོ་ཚོ་ནི་དོན་ངོ་མར་ཤན་པ་ཡིན་ནམ་ཆོས་པ་ཞིག་ཡིན་དཀོན་མཆོག་གིས་མཁྱེན་ངེས།

    ད་ལྟ་བདག་ལ་སྔོ་ཚལ་དང་དཀར་ཟས་རིགས་དབྱར་དགུན་སྟོན་དཔྱིད་མེད་པར་བདེ་བ་ཅན་གྱི་འཕགས་ཞིང་འདི་ནས་ཅི་དགར་ལོངས་སུ་སྤྱོད་ཀྱིན་ཡོད་ནའང༌།  གལ་ཏེ་ཤ་ཟ་རྒྱུ་མེད་ན་ངའི་བཟའ་བཏུང་ཚང་མར་བྲོ་བ་མེད་ལ། ལྟོ་བ་འགྲངས་པ་ཞིག་ཀྱང་ཟ་མི་ཐུབ། དེ་བས་རང་གྀ་འཕྲོད་བསྟེན་ལའང་གནོད་ངེས། ང་ལ་ཐོག་མར་རི་བོང་གི་ཤ་བྱིན་ནས་གསོས་ནའང་ངས་ནམ་ཡང་རི་བོང་བཞིན་དུ་རྩྭ་ཆུ་ཁོ་ནས་འཚོ་བ་རོལ་དཀའ།

    ཡིན་ན་ཡང༌། ང་ནི་སྲོག་གཅོད་སྤངས་པའི་གཅན་གཟན་ཞིག་ཡིན་པས་ང་ནམ་ཡང་རི་སྤྱང་སྔོན་མོ་དང་མི་འདྲ། ཡིན་ཡང་ངའི་དགེ་བ་འདི་ངའི་ཨ་མྱེས་ལགས་ཀྱི་དུང་སོ་དཀར་མོ་དང་བསྡུར་ཐབས་ག་ལ་ཡོད།

 

    ང་རང་ཉིད་ཀྱིས་དམར་ཟས་སྤང་དཀའ་བ་འདི་རྒྱུ་མཚན་དུ་བྱས་ནས་འབྲོག་ཕྲུག་ཚོས་ནམ་ཡང་ཤ་སྤང་མི་ཐུབ་པར་ངོས་འཛིན་གྱིན་མེད་ལ། དེ་བས་ཀྱང་འབྲོག་པས་མུ་མཐུད་དེ་ཤ་ཟ་དགོས་ཟེར་བ་ག་ལ་ཡིན། མཐུན་རྐྱེན་འཛོམས་ན་སྔོ་ཚལ་དང་དཀར་ཟས་མངར་ཟས་རིགས་མང་དུ་བཏང་ནས་དམར་ཟས་ཉུང་དུ་གཏོང་དགོས་ལ། ལྷག་པར་རང་གི་དགའ་སྟོན་གང་ཞིག་གི་ཆེད་དུ་སྒོ་ཕྱུགས་མང་པོའི་དབུགས་མི་གཅོད་པའི་རེ་བ་ཞུ།

 

    གལ་ཏེ་ཁྱོད་ཀྱིས་ཤ་ཟ་བ་དེ་སྡིག་པ་ཚབས་ཆེན་དང༌། འཚེ་བ་དང་འབྲེལ་བའི་འཚོ་བ་ཞིག་ཡིན་པར་ཡིད་ཆེས་གཙང་མ་ཞིག་ཡོད་ན། ཁྱོད་རང་ཉིད་ཀྱིས་ཤ་སྤོང་མ་ཐུབ་ཀྱང་རང་གི་ཕྲུ་གུ་ཚོར་དམར་ཟས་རིགས་ཟ་རུ་མ་བཅུག་ན་གོམས་པའི་དབང་གིས་ཤ་ལ་མི་དགའ་བ་མ་ཟད། དམར་དྲི་ཚོར་ནའང་སྐྱུག་མེར་ལངས་རྒྱུ་རེད།

    ཕ་མས་ཕྲུ་གུར་ཤ་ཚ་སྙིང་རྗེ་སྐྱེས་ནས་ཆུང་དུས་ནས་ཨུ་ཚུགས་ཀྱིས་ཤ་སྟེར་བ་དེ་མི་ལེགས། བྱིས་པ་ལ་ལ་ཞིག་ཆུང་དུས་ནས་ཤ་ལ་མི་དགའ་ནའང་ཕ་མས་སེམས་ངང་ཨུ་ཚུགས་ཀྱིས་ཤ་ཟ་བའི་ཐབས་ཤེས་བྱེད་པ་དེ་དག་ལྷག་པར་མི་འོས། གལ་ཏེ་ཕ་མ་གཉིས་ཀྱིས་དཀར་ཟས་ཁོ་ན་ལོངས་སུ་སྤྱད་ན་ཁྱེད་ཀྱི་ཕྲུ་གུའང་དེ་ལྟར་ཆགས་ངེས།

    དེས་ན། སྔོ་ཚལ་སོགས་བཟའ་བཏུང་གི་ཆ་རྐྱེན་འདང་ངེས་ཀྱི་ཁྱིམ་ཚང་དག་གིས་ཀྱང་ཕྲུ་གུར་ཆུང་དུས་ནས་ཤ་མང་པོ་མ་སྤྲད་ན་ལེགས། ང་ཚོ་ཆེན་པོ་ཆགས་རྗེས་དམར་ཟས་སྤོང་དཀའ་བ་འདི་ཆུང་དུས་ནས་གོམས་པའི་དབང་གིས་ཡིན། དཔེར་ན། བོད་ནང་ལས་བཙན་བྱོལ་ནང་གི་བྱིས་པ་ཚོ་ཤ་དད་ཧ་ཅང་ཆུང༌། དེ་ཁོར་ཡུག་གི་ཆ་རྐྱེན་དབང་གིས་ཆུང་དུས་ནས་སྔོ་ཚལ་རིགས་ལ་གོམས་པས་རེད།

 

    མདོར་ན། དམར་ཟས་ནི་འཚེ་བ་དང་འབྲེལ་ཞིང་སྡིག་པའི་རྒྱུ་ཞིག་ཡིན་ཐོག་ང་ཚོའི་འཕྲོད་བསྟེན་ལའང་མེད་ཐབས་མེད་པ་ཞིག་མིན་པ་དང༌། དཀར་ཟས་ནི་དགེ་བའི་རྒྱུ་ཞིག་མ་ཡིན་ནའང་འཚེ་བ་དང་བྲལ་ཞིང་འཕྲོད་བསྟེན་ལའང་ཕན་ཐོགས་ཆེ་བའི་བཟའ་བཏུང་ཞིག་ཡིན་པས། སེམས་ཅན་སྤྱི་དང་ལྷག་པར་རང་གི་བྱིས་པར་ཤ་ཞེན་དང་བྱམས་བརྩེ་ཆེ་བའི་ཕ་མ་བསམ་ཤེས་ཚོས་ལྷ་རབ་བྱུང་ན་བྱིས་པར་དམར་ཟས་རིགས་འགོག་པ་དང༌། མ་མཐར་ཡང་ཕྲུ་གུ་ལོ་ལྔ་ལ་མ་སླེབས་བར་དམར་ཟས་མ་སྤྲད་ན་བཟང༌། དེ་ལྟར་མི་རབས་གཅིག་གཉིས་ཤིག་འདས་རྗེས་རང་བཞིན་གྱིས་དམར་དད་ཆུང་བར་འགྱུར་ངེས། འདི་ནི་གཅན་གཟན་ངའི་རེ་སྨོན་ཞིག་ཡིན་ལ་ཁྱོད་ལ་བརྩེ་བའི་མན་ངག་ཅིག་ཀྱང་ངོ།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php