མར་ལེའི་དར་དམར་འོག་གི་གླུ་དབྱངས།

 

རྒྱུན་འཁྱོངས་བཞི་ཡི་དར་དམར་ཕྱར།

གུང་ཁྲན་རིང་ལུགས་མངོན་བསུ་བྱེད།

ཁ་བྱང་གི་འགྲེལ།

 

དུས་རབས་མི་འདྲ་བ་དང་སྤྱི་ཚོགས་མི་འདྲ་བའི་རླབས་རྒྱུན་ཁྲོད་མིའི་རིགས་ཀྱི་བསམ་བློ་ཡང་ཡར་འཕྱོ་མར་འཇགས་མཚམས་མི་ཆད་པ་ཞིག་བྱེད་ཀྱིན་ཡོད། དེ་ནི་ཆོས་ཉིད་ཅིག་ཡིན་ལ་ཆོས་ཉིད་འདི་ནམ་ཡང་མ་ནུབ་པར་གསོན་པོར་གནས་ཐབས་བྱེད་པ་ནི་རྩོམ་རིག་ཁོ་ན་ཡིན། ང་ཚོས་རྩོམ་རིག་མེ་ལོང་ལ་བལྟས་ཏེ་ཁ་སང་གི་བྱུང་བ་དང་དེ་རིང་གི་རང་གཟུགས་མཐོང་ཐུབ་ལ་སང་ཉིན་ལ་ཁ་ཕྱོགས་ཀྱང་བསྒྱུར་ཐུབ། རྩོམ་རིག་གི་ལོ་རྒྱུས་ལ་བཟང་ངན་བཤད་པ་མང་ཡང་གཙོ་བོ་སྲོག་དབང་ཡིན། རྩོམ་རིག་གི་སྲོག་དབང་སྟེ་མིའི་རིགས་ཀྱི་བསམ་བློ་དེ་ནི་ནམ་ཡང་དུས་རབས་དེ་ལ་དཔག་ཚོད་ཀྱིས་སྔོན་ཐོན་ཡིན་པ་མ་ཟད།   བསམ་བློ་རླབས་ཆེན་ཁ་ཤས་དེ་རིང་དང་མ་འོངས་པའི་དེད་དཔོན་ཡང་ཡིན། དེ་བས་ཁོ་བོས་འདིར་དེང་རབས་རང་རེའི་རྩོམ་རིག་ལ་ཅུང་ཟད་བལྟས་བའི་མཐོང་རྒྱ་ཆུང་ངུ་དེ་ལས་རྩོམ་རིག་གི་བསམ་བློའི་གནད་དོན་འགའ་ཞིག་རྩོམ་རིག་གི་བརྗོད་ཚུལ་ལས་དྲངས་ཏེ་སྙུག་ཐོགས་པ་སྤྱི་དང་ལྷག་པར་བོད་ནང་གི་རྩོམ་མཁན་གྲོགས་པོ་ཚོར་དམིགས་ནས་གླེང་མོལ་ཞིག་བྱེད་ན་འདོད།

 

   དེང་རབས་རྩོམ་རིག་གི་རྒྱབ་ལྗོངས་དམར་པོ།

 

རྩོམ་རིག་སྟེ་སྤྱི་ཚོགས་དང་བསམ་བློའི་ཐོན་དངོས་གསར་བ་འདིའི་བཟོ་བཀོད་དང༌། ནང་གི་རྒྱུ་སྤུས། བེད་སྤྱོད་ཀྱི་རིན་ཐང་སོགས་གླེང་དུས་ཐོག་མར་དེའི་རྒྱབ་ལྗོངས་ལ་ཕྱི་མིག་ཅིག་ལྟ་དགོས། ལྟོས་དང་ང་ཚོའི་མིག་ལམ་དུ་ཁྲག་གིས་ཚོས་པའི་རི་རབ་ལྷུན་པོ་ཞིག་མི་སྣང་ངམ། དེ་ནི་ཁ་སང་གི་རྒྱབ་ལྗོངས་ཏེ་དེའི་མིང་ལ་མར་ལེ་རིང་ ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་ཞེས་མི་ཟེར་རམ། ང་ཚོ་ནི་དཀར་སིང་སིང་གི་གངས་རིའི་པང་ནས་འཚར་ལོངས་བྱུང་བས་ན། ང་ཚོའི་བསམ་བློ་ཡང་གངས་རི་བཞིན་ཏུ་དཀར་ཅིང་རང་གི་མགུལ་ལ་འཕངས་བའི་ཁ་བཏགས་བཞིན་ཏུ་གཙང་ཞིང་འཇམ་པ་ཞིག་མ་ཡིན་ནམ། གློ་བུར་ཏུ་ཁྱེད་ལ་ཁྲག་མདོག་གི་དར་ཆ་ཞིག་གིས་ ཡོངས་སུ་བཏུམས་པའི་དུས་དེར་ཁྱེད་རང་གཤིན་རྗེའི་ཁ་ནང་དུ་ལྷུང་བ་ལྟ་བུའི་འཇིགས་སྣང་ཞིག་མ་བྱུང་ངམ། ཁྱེད་ཀྱི་ཨ་མ་ལ དྲིས་དང༌། ཁྱེད་ཀྱི་ཨ་ཕ་ཁྱེད་ཀྱི་ཨ་མྱེས་སོགས་སུ་ཞིག་གིས་ཟོས་སོང་ངམ། ཁྱེད་ཀྱི་ལྷ་ཁང་དང་མཆོད་རྟེན་ཁྲི་སྟོང་མང་པོ་དེ་སུ་ཞིག་གིས་བཤིག་སོང་ངམ། དེ་དག་གི་ནང་གི་ཡང་མེས་ནས་བརྒྱུད་པའི་ལོ་རྒྱུས་ཀྱི་རིན་ཐང་ཆེ་བའི་རྩ་ཆེའི་བྱིན་རྟེན་སོགས་རིན་པོ་ཆེ་ཀླུ་རྒྱལ་བང་མཛོད་ལྟ་བུ་དེ་དག་སུ་ཞིག་གིས་འཕྲོགས་སོང་ངམ། ད་དུང་ཁྱེད་ཀྱིས་ཀྱང་ལོས་དྲན། དམར་སྲུང་དམག་ཅེས་པའི་གཤིན་རྗེའི་ལས་མཁན་ཁྲི་མ་འབུམ་གྱིས་ཁྱོད་ཀྱི་བྱམས་བརྩེ་སྙིང་རྗེ་ཅན་གྱི་ཨ་མའི་ཡིད་ལ་ལྷ་འདྲེ་གདོན་བགེགས་ཞུགས་འདུག་ཅེས་འཐབ་རྩོད་ དང༌། ཁྱེད་ཀྱི་ཕུ་བོ་རྣམས་ལ་གསར་བརྗེ་ངོ་ལོག་ཅེས་པའི་ལྕགས་སྒྲོག་བརྒྱབ་པ་སོགས་ང་ཚོས་ནམ་རྒྱུན་དམྱལ་བ་ཞེས་སྐྲག་སྣང་བྱེད་པའི་རྨི་ལམ་དེ་མངོན་སུམ་བྱུང་བའི་ལོ་རྒྱུས་ནག་པོ་དེ་བརྗེད་ག་ལ་ཡོད།     དེ་ལྟར་དྲག་རྩུབ་གང་གིས་ཀྱང་ཁྱེད་ཀྱི་གཉེན་ཉེ་མགོ་ནག་རྩམ་གཟན་པ་རྣམས་ཀྱི་སེམས་ཁམས་དཀར་པོ་དེ་གཞན་དུ་བསྒྱུར་མ་ཐུབ་པས། དཀར་འདོན་དག་སེལ་དང་དབུལ་བཅོས་ཕྱུག་བསྒྱུར་སོགས་ཀྱི་ཁ་གཡང་སྙན་མོ་ཞིག་ཁྱེད་ཀྱི་ཁ་སྣ་མེད་པར་བླུགས་པས་ད་ལྟ་ཁྱོད་རང་བརྗེད་ཆུ་གང་ཞིག་འཐུང་བ་བཞིན་རབ་རིབ་མི་གསལ་བའི་ངང་ལུས་ཤིང༌། སྐབས་རེར་རང་རློམ་ཆེན་པོ་ཞིག་གིས་རང་ས་རང་རྩོད་ཀྱིས་ནང་དམེ་བྱེད་པ་སོགས་ཅི་འདྲའི་ཕ་རྒོད་པོ་ཤ་གཟན་ཞིག་ལ་བུ་ཁྭ་ཏ་སྐྱག་གཟན་ཞིག་གི་ངང་ཚུལ་འཛིན་ཨང༌།

རྩོམ་པ་པོ་ལགས། ཁྱེད་ཀྱི་སྙུག་རྩེ་ན་བཞུར་བ་ནི། ཁྱེད་ཀྱི་གངས་རི་དང༌། ཁྱེད་ཀྱི་ཆུ་བོ། ཁྱེད་ཀྱི་ཕ་མེས་ཀྱི་ཟུངས་ཁྲག ཁྱེད་ཀྱི་མ་ཡུམ་གྱི་མིག་ཆུ། ཁྱེད་ཀྱི་་་་་་་ཁྱེད་ཀྱི་མི་རིགས་འདིའི་སེམས་གཏིང་ན་འབབ་པའི་དྭངས་གཙང་གི་ཆུ་མིག་རྣམས་ཡིན་ནམ།

རྩོམ་པ་པོ་ལགས། ཁྱེད་ཀྱི་དེ་རིང་གི་དགོད་སྒྲ་དེ་དག་གང་ནས་བྱུང་ངམ། ཁྱེད་ཀྱི་འཛུམ་མདངས་སྟོན་སའི་བདག་པོ་དེ་སུ་ཡིན་ནམ། ཁྱེད་ཀྱི་ཁ་སང་གི་རྒྱབ་ལྗོངས་འདི་དེ་རིང་གི་སྐྱེས་རི་ལ་བསྟེན་གྱིན་མེད་དམ། ཁྱེད་ཀྱིས་མ་འོངས་པའི་བླ་རི་དེ་ཡང་གང་འདྲ་ཞིག་ཆགས་ཀྱི་ཡོད་ལགས།   ང་ལ་སེམས་ཁྲལ་ཆེ།

ངས་དཔྱད་བརྗོད་ཐུང་ངུ་ཞིག་སྤེལ་དུས་ཀྱང་ངུ་ངག་གི་སྙན་ངག་རེ་ངང་གིས་བཞུར་འོང་པ་འདི་ཅི་ཡིན་ནམ།   མ་གཞི་ངས་རྩོམ་སྟངས་འདི་རྩོམ་རིགས་གང་ཞིག་ལ་གཏོགས་ཀྱི་ཡོད་དམ། གང་ལ་མ་གཏོགས་ཀྱང་མ་གཏོགས། གང་ལྟར་ང་རང་ཞེ་མེར་བའི་ཟས་དུག་འདི་སྐྱུགས་ཚར་ན་དེས་འགྲིགས། གནས་སྐབས་བདེ་སྣང་ཙམ་གྱི་སླད་དུ།      

རྩོམ་པ་པོ་ལགས། ཁྱེད་ཀྱིས་ཞི་བའི་བཅིངས་འགྲོལ་ཐོབ་ཞེས་པའི་ཚིག་དེ་ཐོས་ཡོད་ལ། ཕལ་ཆེར་ཁྱེད་ཀྱིས་དེ་ལ་ཡིད་ཆེས་ཀྱང་བྱེད་ཀྱིན་ཡོད། ཁྱེད་ཀྱིས་ཁ་སང་གི་ཨ་མ་རྒན་མོ་ལ་དྲིས་དང༌།འདི་ནི་གནའ་སྔ་མོའི་གནའ་གཏམ་ཞིག་མ་རེད་ཡ།   ཁྱེད་རང་ཨ་མ་ལགས་ལ་ཡིད་ཆེས་སམ།

རྩོམ་པ་པོ་ལགས། མེ་མདའི་ཁ་ནས་སྲིད་དབང་ཐོབ་པ་ཞེས་པ་འདི་ཡང་ཁྱེད་ཀྱིས་ལོས་དྲན།     དེའི་བདེན་དཔང་ནི་ཁྲག་གི་དར་དམར་དེས་ཀྱང་གསལ་བོ་བྱེད་ཀྱིན་ཡོད།   ཁྲག་དེ་དག་ཁྱེད་ཀྱི་དོན་དུ་བཞུར་བའི་ཁྲག་རྒྱུན་ཞིག་ཡིན་ནམ།   ཁྱེད་ལ་ཅི་འདྲའི་གོ་སྐོན་བློ་འགུགས་མང་པོ་ཞིག་བྱས་ཡོད་པ་ངས་ཀྱང་ཤེས། མ་གཞི་ང་ཡང་ཐོག་མར་སློབ་སྟོན་དེའི་འོག་ཏུ་རང་གི་སྐེ་ལ་ཡང་དར་ཆ་དེའི་ཟུར་སྣེ་ཞིག་དཀྲིས་ཏེ་ཅི་འདྲ་ཞིག་དགའ་མྱོང་ཨང༌།   ང་ཆེན་པོ་ཆགས་དུས། ངའི་ཨ་མེས་ཀྱིས་ལོག་འཁྲུག་ཐེངས་གསུམ་གྱི་གཏམ་རྒྱུད་བཤད་པ་གོ་མྱོང་ལ། ང་བརྒྱད་ལོའི་མུ་གེ་སྟེ་ཡི་དྭགས་ཀྱི་འཚོ་བ་དང༌། རིག་གནས་གསར་བརྗེའི་དམྱལ་ཁམས་ཀྱི་ལོ་རྒྱུས་ངོ་མ་ཡང་གོ་མྱོང༌། ཨ་མྱེས་ཀྱིས་ངུ་བཞིན་གདོང་དམར་བོད་ཀྱི་སྟག་ཤར་ཏེ་ཁྱེད་ཀྱི་གཉེན་ཉེ་རྩ་ལག་ཁྲི་ཚོ་བཅུ་ལྷག་གི་ཟུངས་ཁྲག་བོད་གངས་ཅན་པའི་བསྟན་སྲིད་ཀྱི་དོན་དུ་བཞུར་སོང་བ་རེད་ཅེས་གསུངས་མྱོང༌།   དེ་དུས་རང་གི་མགུལ་རྒྱན་དུ་ངོམ་མྱོང་བའི་སྔོན་ཆད་ཀྱི་སྐེ་དཀྲིས་དམར་པོ་དེ་ནི་ང་རང་གི་ཨ་མེས་ཀྱི་ཟུངས་ཁྲག་ འཇིབས་མཁན་ཞིག་གམ་དགྲ་ཁྲག་ཅིག་ཡིན་པའི་ཚོར་བ་དང་པོ་སྐྱེས་ཤིང༌། ངའི་མིག་ལམ་དུ་དར་ཆ་དམར་པོ་དེ་ནི་གཤིན་རྗིའི་ལྕེ་ཞགས་ལྷབ་ལྷུབ་ཏུ་བསྐྱོད་པ་ཞིག་ཏུ་སྣང་བས་ང་རང་ཁ་བཏགས་དཀར་པོ་དང་གངས་རི་དཀར་པོ་ལ་ངང་ངམ་ཤུགས་ཀྱིས་དགའ་དད་ཅིག་སྐྱེས་མྱོང་ཡ།

རྩོམ་པ་པོ་ལགས། ཁྱེད་ཀྱིས་མེ་མདའི་ཁ་ནས་སྲིད་དབང་ཐོབ་པ་ཟེར་བ་དེར་ཡིད་ཆེས་

གཙང་མ་བྱེད་ཆོག       སྐབས་དེར་འཛམ་གླིང་ཧྲིལ་བོ་འདི་ཉིད་རྨས་མ་ཞིག་ཏུ་ཞིག་ཏུ་གྱུར་བ་རེད། དེའི་མཚུངས་ཁྱེད་ཀྱི་གངས་རི་དཀར་པོ་ལས་ཀྱང་ཟུངས་ཁྲག་དམར་པོ་བཞུར་བ་རེད་ཡ། རྒྱ་དམག་གིས་དམག་འཁྲུག་བརྒྱབ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བཟུང་རྗེས་མི་དམངས་ཀྱིས་མུ་མཐུད་ངོ་རྒོད་བྱས་པས་རྒྱ་མིའི་དམག་དཔོན་ཚོས། རྒྱ་བོད་འབྲེལ་ལམ་ཡག་པོ་འཛིན་དགོས་སྐོར་བཤད་པར་ང་ཚོས་མེས་པོ་དམ་པ་དཔའ་བོ་སྲིད་བློན་ཀླུ་ཁང་པས། བོད་ལ་རྒྱ་མིས་བཙན་འཛུལ་བྱས་བར་བརྟེན། འབྲེལ་ལམ་བཟང་བོ་བྱེད་དགོས་བ་དེར་སྙིང་བོ་མེད་པ་ཞིག་རེད། མི་ཞིག་གི་མགོ་ལ་བརྡུངས་ཏེ་ཀ་ལི་བཅག་ནས་ཁྲག་མ་བསྐམ་པར་ཡོད་མུས་སུ། དེ་དང་ལམ་སེང་གྲོགས་པོ་ཡོང་ཐབས་མེད་པ་ལྟར་རེད་ཅེས་དགག་རྒྱག་ཤུགས་ཆེན་གནང་བ་སོགས་ནི་ཁྱེད་ཀྱིས་གོ་མྱོང་མེད་ལ་ཡིད་ཆེས་དཀའ། ད་དུང་ཞི་བའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་ཁྱེད་ཀྱིས་གོ་མྱོང་ཡོད་ངེས། དེ་ནི་རྒྱ་དམར་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་ལུགས་ཀྱི་གཞི་འཛིན་ས་དེ་བྱེད་ཀྱིན་ཡོད། འོན་ཀྱང་དེ་ཚུལ་ཇི་ལྟར་བཅུག་པ་དང་རྫུན་བཟོ་ཅི་འདྲ་ཞིག་བྱས་ཡོད་མེད། རྗེས་སུ་ལག་ལེན་གང་འདྲ་ཞིག་བྱས་ཡོད་མེད་སོགས་ཁྱེད་ཀྱིས་ཅི་ཡང་མི་ཤེས། དེ་ཤེས་ན་ཁྱེད་རང་ཧ་ལས་ཧོན་འཐོར་འཇིགས་སྣང་སྐྱེ་དགོས་བ་ཞིག་ཡོང་ངེས་རེད།

བོད་ཤར་ཕྱོགས་ནས་ཆབ་མདོ་བར་རྒྱ་དམག་གིས་བཙན་འཛུལ་བྱས་དང་བྱེད་བཞིན་དུ་པེ་ཅིན་དུ་ང་ཕོད་སོགས་བཙན་འཁྲིད་ཀྱིས་ཞི་བའི་གྲོས་མཐུན་བཅུ་བདུན་ཟེར་བ་ཞིག་རྒྱ་གཞུང་ནས་གང་འདོད་དུ་བྲིས་ཏེ་བོད་གཞུང་གི་ཐམ་ག་རྫུན་མ་ཞིག་བཟོས་ནས་བརྒྱབ་ཅིང་མེ་མདའི་ཁ་ནས་མིང་རྟགས་བཀོད་དུ་བཅུག་པ་རེད། དེ་ཡང་ཁྱེད་ཀྱིས་ཡིད་ཆེས་བྱེད་ཆོག་སྟེ། ང་ཚོའི་ཆོས་སྲིད་ཀྱི་བདག་པོ་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་དང༌། ངའི་གཞུང་ལ་གྲོས་མཐུན་མིང་རྟགས་བཀོད་ཚུལ་མ་བརྗོད་ཀྱང་པེ་ཅིན་ནས་རླུང་འཕྲིན་ནང་ང་ཕོད་ཀྱིས་དྲིལ་ བསྒྲགས་བྱས་བ་ཞིག་ནས་ང་ཚོས་ཐོག་མར་གོ་ཐོས་ཤེས་རྟོགས་བྱུང་སྟེ་ཧ་ལས་བྱུང༌། རྒྱ་ནག་གི་ཆ་ཤས་ཡིན་པ་གཞི་རྩར་བཟུང་སྟེ་བཞག་པའི་གྲོས་མཐུན་དེ་ནི་བདེན་འབྲེལ་ནམ་ཡང་མིན། ཁོང་ཚོ་གཞན་གྱི་དབང་འཛིན་འོག་མ་ཚུད་ན་ང་དང༌། ངའི་གཞུང་ལ་དྲི་བསྡུར་མ་བྱས་པར་ཁས་ལེན་འདི་ལྟར་བྱེད་མི་སྲིད་ཅེས་བའི་གསུང་ རློན་པ་འདི་རྣམས་ལ་ཁྱོད་ཀྱིས་ཡིད་ཆེས་གནང་རོགས། འདི་ནི་ཁྱེད་ལ་གོ་སྐོན་བློ་འགུགས་བྱེད་པའི་དམར་པོའི་སྲིད་དོན་པ་དེ་དག་དང་རྦད་དེ་མི་འདྲ་བའི་མི་ཡུལ་གྱི་དྲང་སྲོང་ཆེན་པོ་ཞིག་གི་གསུང་ཚད་མ་ཡིན་ཡ།

རྩོམ་པ་པོ་ལགས། ཁྱེད་ཀྱི་མུ་མཐུད་དུ་ཉོན་དང༌། སྐབས་དེར་ང་ཚོའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་དང་བླངས་དཔའ་དམག་རྣམས་ཚོ་ཚོ་བྱས་ཏེ་ས་ཆ་གང་ས་ནས་དམག་འཐབ་དྲག་པོ་བྱས་ཡོད། དེ་ལ་རྒྱ་དམག་གིས་གསར་བརྗེ་ངོ་ལོག་པ་དང་ཇག་པ་ཞེས་བསྒྲགས་ཏེ་ཟིང་འཁྲུག་ཞོད་འཇགས་ཞེས་པའི་མིང་ཐོག་ནས་བོད་མི་ཕོ་མོ་མེད་པར་སྡེབ་གསོད་དང་དམར་གསོད་བཏང་བ་དེ་འདྲ་ང་ཚོའི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་ལ་སླད་འབྱུང་མི་སྲིད་པའི་ཚོད་ཡིན་ཡ། དེ་ཡང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གསུང་ཞིག་ཁྱོད་ལ་བདེན་དཔང་དུ་དྲངས་ན། དཔེར་ན་ཟིང་འཁྲུག་ཞོད་འཇགས་གཏོང་བའི་ལས་དོན་ནང༌། མཚོ་སྔོན་སོགས་ས་གནས་གང་སར་བྱུང་བའི་གནས་ཚུལ་དེ་རིགས་གློག་བརྙན་ཞིག་བཟོས་ཏེ་བལྟས་བ་ཡིན་ན་ཚང་མ་ཧ་ལས་དགོས་པ་ཡོང་རྒྱུ་རེད། མགོ་ལོག་ཁུལ་ཏུ་མི་མང་པོ་དམར་གསོད་བཏང་པ་དང༌། བསད་པའི་རོ་རྣམས་རིའི་སྟེང་ནས་རྦབ་རིལ་བཏང་དེ་འོག་ཏུ་ས་དོང་ཆེན་པོ་བྲུས་ཡོད་པ་དེའི་ནང་སྦས་ཡོད་པ་རེད། ད་དུང་འདས་བོ་ཚོའི་ཉེ་འབྲེལ་རྣམས་བསྐོངས་ཏེ་ཁོང་ཚོ་ང་ཚོའི་ངོ་ལོག་ཟིང་འཁྲུག་པ་རྩ་མེད་བཏང་བ་ཡིནཔས། དེ་རིང་ཁྱེད་ཚོས་དགའ་སྤྲོའི་དུས་ཆེན་གཏོང་དགོས་ཞེས་བཤད་དེ་འདས་བོ་ཚོའི་རོའི་སྟེང་ལ་ཞབས་བྲོ་རྒྱག་ཏུ་བཅུག་པ་དང༌། དེ་རྗེས་མེ་མདའ་སྦག་སྦག་ཁ་བསྒྲིགས་ནས་དེ་གར་འཛོམས་པའི་མི་མང་རྣམས་སྡེབ་གསོད་བཏང་ཡོད་པ་རེད། སོམས་དང་ལག་ལེན་དང་ཁ་བཤད་གོ་ལྡོག་པའི་གདུག་སྤྱོད་རྩུབ་པོ་འདི་ང་ཚོས་ཐོས་བ་ཙམ་ནས་ཀྱང་ཁ་སང་གི་མེས་པོ་རྣམས་ལ་གདུང་སེམས་མཉམ་སྐྱེའི་མཆི་མ་དབང་མེད་དུ་འཁྲུགས་པ་དང་མཉམ་དུ་རྒྱ་དམར་ལ་ཞེ་སྡང་འཁོན་སེམས་ཤིག་མི་སྐྱེའམ། ང་ཚོ་མང་པོ་ཞིག་གུང་ཁྲན་ཏང་གི་གཡོ་སྒྱུའི་དར་དམར་འོག་ན་བྱིས་པའི་རྩེད་མོ་རྩེད་བསྡད་ཡོད་པ་རེད་ཡ། ཁྱེད་ལ་དཔའ་སྐད་ཅིག་སྒྲོག་རྒྱུ་མེད་ན་ཡང་ངུ་སྐད་ཅིག་འདོན་རྒྱུ་ལོས་ཡོང༌།

རྩོམ་པ་པོ་ལགས། མེ་མདའི་ཁ་ནས་སྲིད་དབང་ཐོབ་པ་དེ་ནི་འཇིགས་སྣང་གི་རྒྱལ་ཁ་ཞིག་དང་ཉེན་ཁ་ཆེ་བའི་གནས་ཚུལ་ཞིག་མིན་ནམ། མའོ་ཙེ་ཏུང་གིས་ཕྱིའི་བཙན་འཛུལ་ཙམ་གཏོར་ཆེད་མེ་སྒྱོགས་འཕངས་པ་ག་ལ་ཡིན། ཁྱོད་ཀྱིས་ཁོ་ལ་ཁ་མི་གྲག་པའི་མེ་མདའ་གཞན་ཞིག་ཡང་ཡོད་པ་ཤེས་ཡོད་དམ། དེའི་མིང་ལ་རིག་རྩལ་ཟེར། ༡༩༤༢ལོའི་ཡན་ཨན་རིག་རྩལ་བཞུགས་མོད་ཟེར་བའི་ཐོག མའོ་ཡིས། ང་ཚོ་དགྲ་བོ་ལས་རྣམ་ པར་རྒྱལ་བ་བྱེད་བསམ་ན་ཐོག་མར་ལག་ཏུ་མེ་མདའ་བཟུང་ཡོད་པའི་དམག་དཔུང་ལ་བརྟེན་དགོས། ཡིན་ནའང་དམག་དཔུང་དེ་ལྟ་བུ་ཡོད་པ་ཙམ་གྱིས་མི་འགྲིག ང་ཚོར་ད་དུང་རིག་གནས་ཀྱི་དམག་དཔུང་ཞིག་ཀྱང་དགོས། དེ་ནི་རང་ཕྱོགས་ལ་མཐུན་སྒྲིལ་བྱ་རྒྱུ་དང་དགྲ་བོ་ཕམ་ཏུ་འཇུག་རྒྱུར་མེད་ན་གཏན་ནས་མི་འགྲིག་པའི་དམག་དཔུང་ཞིག་ཡིན།” སོམས་དང་སྐབས་དེ་ནས་བཟུང་རང་དབང་དང་ཐུན་མོང་གི་རིག་རྩལ་དེ་ཡང་གསར་བརྗེའི་འཕྲུལ་འཁོར་ཧྲིལ་བོའི་ལྷུ་ལག་ཅིག་ཏུ་བཙན་གྱིས་བསྒྱུར་བ་མ ཡིན་ནམ། ཁོའི་ཁ་གཡང་དེ་ནི་ཧ་ཅང་སྙན་ཏེ། རིག་རྩལ་གྱིས་ངལ་རྩོལ་མི་དམངས་ཁྲི་སྟོང་མང་པོ་ལ་ཞབས་འདེགས་ཞུ་དགོས”ཟེར་བའི་དར་ཆ་དེ་ཕྱར་བ་རེད། སྐབས་དེའི་རིག་རྩལ་བགྲོ་གླེང་སྐབས། རྩོམ་རིག་པ་འགའ་རེས་མར་ཁེ་སིའི་རིང་ལུགས་སློབ་སྦྱོང་བྱ་རྒྱུ་དར་སྤེལ་བྱེད་པ་ནི་རྩོད་སྒྲུབ་ཀྱི་དངོས་གཙོ་སྨྲ་བའི་གསར་རྩོམ་བྱེད་ཐབས་ཀྱི་ནོར་འཁྲུལ་བསྐྱར་ཟློས་བྱེད་པ་རང་རེད། དེས་གསར་རྩོམ་བྱེད་པའི་སེམས་ཤུགས་ལ་གནོད་ཀྱི་འདུག ཅེས་དང༌།   རིག་རྩལ་གྱི་གཞི་རྩ་འི་གཞི་འཛིན་ས་ནི་དགའ་ཞེན་དང༌། མིའི་རིགས་ཀྱི་དགའ་ཞེན་དེ་རེད། ཅེས་སོགས་ཁོ་ཚོའི་དམངས་གཙོའི་ཁེ་དབང་སྤྱད་དེ་ལྟ་ཚུལ་ཡང་དག་པ་མང་པོ་བཏོན་ཡོད། འོན་ཀྱང་མའོ་ཙེ་ཏུང་གིས།   རིག་རྩལ་གྱི་སྐོར་གྱི་སྐྱོན་ཡོན་བརྗོད་པར་ཨང་དང་པོ་ཆབ་སྲིད་ཀྱི་ཚད་གཞི་དང༌། ཨང་གཉིས་བ་སྒྱུ་རྩལ་གྱི་ཚད་གཞི་ཡིན་ཚུལ་རྩ་དོན་དུ་བཟུང་ནས། ལྟ་ཚུལ་དེ་དག་རེ་རེ་བཞིན་དགག་སྒྲུབ་བྱས་ནས་མཐར་གཅིག་གཅོད་ཀྱི་སྡོམ་ཚིག་བཀོད་དེ་སྐབས་དེའི་རྩོམ་རིག་པ་མང་པོ་ཞིག་ལ་བསམ་བློའི་རྡུང་རྡེག་ཕོག་ཡོད། མའོ་ཡིས་བློ་འཚབ་དང་བཅས་ཏེ། ང་ཚོ་ཡན་ཨན་རིག་རྩལ་ལས་རིགས་ཀྱི་ནང་དུ་གོང་གསལ་གྱི་གནད་དོན་རྣམས་བསྡད་ཡོད་པའི་ཐོག་ནས་དོན་དངོས་ག་འདྲ་ཞིག་མཚོན་པ་རེད་ཅེ་ན། དོན་དངོས་འདི་འདྲ་ཞིག་མཚོན་ཡོད་པ་སྟེ། རིག་རྩལ་ལས་རིགས་ཀྱི་ནང་དུ་ད་དུང་སྤྱོད་ཚུལ་ཡང་མ་དག་པ་ཚབས་ཆེན་བསྡད་ཡོད་པ་དང༌། བློ་མཐུན་རྣམས་ཀྱི་ནང་དུ་ད་དུང་སེམས་གཙོ་སྨྲ་བ་དང༌། ལུང་འཛིན་རིང་ལུགས། སྟོང་བསམ། སྟོང་བཤད། ལག་ལེན་ལ་སྣང་ཆུང༌། མང་ཚོགས་དང་ཁ་བྲལ་བ་སོགས་ཀྱི་སྐྱོན་ཆ་མང་བོ་བསྡད་ ཡོད་པར་བརྟེན་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་གནད་འཁེལ་བ་དང་གཟབ་ནན་ཆེ་བ་ཞིག་སྤེལ་དགོས་བ་དེ་མཚོན་ཡོད། ཅེས་སྡུག་སྐད་ཤོར་བ་དང༌། ད་ལྟ་ཡན་ཨན་རིག་རྩལ་ལས་རིགས་ཀྱིས་བསམ་བློའི་འཐབ་རྩོད་བྱེད་མགོ་བཙུགས་ཚར་བ་དེ་དགོས་གལ་ཧ་ཅང་ཆེན་པོ་ཞིག་རེད། ཅེས་ཞི་བའི་མེ་མདའ་དེ་ཐོག་མར་ལག་ཏུ་མེ་མདའ་དང་སྙུ་གུ་ཐོགས་པའི་ཏང་ཡོན་དང་བློ་མཐུན་ཚོའི་བསམ་བློར་གཏད་པ་རེད། ཕྱི་ཚུལ་ནས་མཁས་བའི་བགྲོ་གླེང་གི་དམངས་གཙོའི་རྣམ་པ་ཙམ་ཞིག་བསྟན་པ་ལས་དམངས་གཙོའི་བསམ་ཚུལ་གང་ཡང་སྡུད་ལེན་བྱས་མེད་པས། དེ་འདྲའི་མང་གཙོ་ཡང་ཡོད་ལ་གཅིག་སྡུད་ཀྱང་ཡོད་པའི་ལམ་ལུགས་ཤིག་ལ་སྙིང་བོ་ཞིག་ཡོད་དམ། དུས་དེ་ནས་བཟུང་ཀྲུང་གོའི་དམངས་གཙོ་ལམ་ལུགས་ཀྱི་ངོ་བོ་ནི་དེ་ག་རང་མ་ཡིན་ནམ། ཚོགས་འདུ་དེ་ནི་མའོ་ཡིས་བློ་མཐུན་ཚོའི་བསམ་བློ་དྲོད་ཅིག་ཉུལ་བ་ཡིན་ལ་དེའི་མཚུངས་བསམ་བློའི་དམག་འཁྲུག་གམ་བཙན་འཛུལ་ཞིག་གི་གཞི་བཏིང་བ་ཡང་ཡིན།

སྐབས་དེ་དག་ཏུ་ཕྱི་རི་འགོག་བཙན་འཛུལ་དང་ནང་གོ་མིན་ཏང་བར་གྱི་འགལ་འཐབ་དམག་འཁྲུག་གཉིས་ཡོད་པས་མའོ་ཙེ་ཏུང་ལ་མཚོན་ན་སེམས་ཁྲལ་དང་ཉེན་ཁ་ཆེ་བའི་སྐབས་ཤིག་རེད། དེ་བས་ནང་བསམ་བློ་གཅིག་འགྱུར་གྱི་སྟོབས་ཤུགས་དེ་ཕྱི་ནང་གཉིས་ལས་རྣམ་པར་རྒྱལ་བྱེད་ཀྱི་ཆ་རྐྱེན་གཙོ་བོ་ཞིག་ལ་ཐུག་ཡོད་པས་མའོ་ཡིས་ཐོག་མཐའ་བར་གསུམ་ཏུ་ཏང་ནང་གི་ཀུན་སྤྱོད་ལ་དག་ཐེར་བྱ་དགོས་ཟེར་བ་དང༌། ཏང་ནང་གི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་ལ་ངོ་རྒོལ་བྱ་དགོས་ཞེས་བཙན་གཏམ་ རང་བཞིན་གྱི་གནས་ལུགས་མང་བོ་བཤད་དགོས་བྱུང་ཡོད་ལ་དེས་གོ་སྐོན་བློ་འགུགས་ཀྱང་བྱེད་ཐུབ་ཡོད་པ་སྨོས་ཅི་དགོས། འོན་ཀྱང་དེ་ནི་སྐབས་འཕྲལ་གྱི་དགོས་པ་ཙམ་ཞིག་གི་ཆེད་དུ་མིན་པར་ཕུགས་ལ་གཏད་པའི་དམིགས་ཡུལ་ཞིག་ཀྱང་ཡིན། མར་ལེ་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་སོགས་རྒྱུན་འཁྱོངས་བཞི་བོ་དེ་ནི་སྟོན་པའི་བདེན་པ་བཞི་ལྟ་བུར་ཆབ་སྲིད་ཀྱི་ཐོག་མཐའ་བར་གསུམ་གྱི་རྩ་དོན་ཉག་གཅིག་བྱས་པས་དེང་སང་ད་དུང་དར་ཆ་བཞི་བོ་དེ་ལྷབ་ལྷུབ་སྒྲེང་བཞིན་པ་མ་ཡིན་ནམ། མདོར་ན། རྩ་དོན་དེར་མར་མེ་རིང་ལུགས་དང་གུང་ཁྲན་ཏང༌། གསར་བརྗེ་བཅས་ལ་ཆེ་བསྟོད་ཚད་མེད་བྱེད་བཅུག་ནས་མི་ཡག་ཉེས་ལ་མ་བལྟས་པར་འབྱོར་ལྡན་གྲལ་རིམ་ཞེས་བའི་རིགས་ཀྱི་ཡོན་ཏན་པ་དམ་པ་མང་བོ་ཞིག་མགོ་འཇོག་ས་མེད་ པར་བྱས་ཏེ། མི་དམངས་ཚང་མ་རང་གི་མངའ་འོག་ཏུ་མགོ་སྒུར་བཅུག་ནས་མེ་མདའི་ཁ་ཡི་སྲིད་དབང་དེ་ལ་རྒྱལ་ཁ་ཐོབ་པ་དང་བརྟན་པོ་ཡོང་བ་ཞིག་བཟོས་པའི་སྲིད་དོན་གཡོ་ཐབས་ཆེན་པོ་ཞིག་བརྩམས་པ་རེད།

         རྩོམ་པ་པོ་ལགས། ཞི་དྲག་གི་དམག་དཔུང་དེ་གཉིས་ནི་རྒྱ་ནག་རང་ལ་མཚོན་ན་དགྲ་འདུལ་གཉེན་སྐྱོང་གི་ཐབས་ཚུལ་ཞིག་ཡིན་ཞེས་འགྲེལ་བྱེད་བྱས་ཀྱང་ཆོག་མོད། རྒྱ་མཚོ་ལས་རིང་དུ་གར་བའི་འཛམ་གླིང་མཐོ་སྒང་གི་གངས་རིའི་ཞིང་ཁམས་འདིར་དམག་དཔུང་དེ་ཅི་ལྟར་མཆོངས་ཡོང་ངམ། ཁོ་ཚོས་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་བོད་ནས་མཐར་སྐྲོད་གཏོང་རྒྱུ་ཞེས་བའི་ཁ་གཡང་སྒྲོག་བཞིན་དོན་ལ་ཁོ་ཚོས་བཙན་འཛུལ་བྱས་ཏེ་སྟག་བཞིན་དུ་མཆོངས་ཡོང་བ་རེད། དེ་ཡང་རྒྱལ་དབང་རིན་པོ་ཆེའི་ཞལ་ནས། གྲོས་མཐུན་དེའི་གླེང་གཞིའི་ནང༌། ལོ་བརྒྱ་ཕྲག་ལྷག་ཙམ་ནང་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་རྒྱ་ནག་དང་བོད་ནང་འཛུལ་ཏེ་མགོ་གཡོག་དང༌། སྡུག་བསྔལ་དུ་ཚུད་ལུགས་ཁུངས་མེད་ཀྱི་བརྗོད་ཚིག་བཀོད་ཡོད་པ་རེད། རྒྱ་ནག་གཞུང་ནས་བཅིངས་འགྲོལ་དམག་བོད་དུ་བཏང་ལུགས༌། དེའི་རྒྱུ་མཚན་ནི་བཙན་རྒྱལ་རིང་ལུགས་པའི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་ཆེད་དང༌། བོད་མི་དམངས་བཙན་དབང་ལས་གྲོལ་ཏེ་རྒྱ་ནག་མི་མང་ཁྱིམ་ཚང་ཆེན་པོའི་ནང་དུ་ ལོག་ཆེད་བཅས་ཡིན་ཚུལ་བརྗོད་ཅིང་སྤྱི་ལོ་༡༩༡༢ལོ་བོད་ནས་རྒྱ་མི་མཐར་བསྐྲོད་བཏང་བ་ནས་བཟུང་བོད་ནང་ཕྱི་རྒྱལ་གྱི་བཙན་ཤུགས་རྩ་བ་ནས་མེད་སྟབས་གནས་ཚུལ་ཏེ་ཀློག་དུས་ང་ཚོ་བློ་ཕམ་ཆེན་པོ་བྱུང༌། ཞེས་གསུངས། རེད་ཡ་ཞི་དྲག་གི་དམག་དཔུང་དེ་གཉིས་ནི་ང་ཚོ་མཚོན་ཅི་འདྲའི་བློ་ཕམ་དང་འཇིགས་སྣང་གི་བཙན་འཛུལ་དྲག་པོ་ ཞིག་མ་རེད་དམ།   དུས་༡༩༥༡ལོ་དེ་ནས་བཟུང་ཞོ་བཞིན་ཏུ་ཆགས་ཡོད་པའི་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད་ཁྲག་བཞིན་ཏུ་དཀྲུགས་ཤིང་ཆབ་སྲིད་ཀྱི་དབང་བསྒྱུར་ དང༌། དཔལ་འབྱོར་བཤུ་གཞོག རིག་གནས་ལ་གཏོར་བཤིག མདོར་ན་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཆབ་དཔལ་རིག་གསུམ་གྱི་བཙན་འཛུལ་ཆེན་པོ་ཞིག་ཐེབས་པ་རེད་ཡ།

རྩོམ་པ་པོ་ལགས། དུས་དེ་ནས་བཟུང་དེ་རིང་གི་བར་དུ་ད་དུང་ཡང་མི་མཐུད་དུ་ཐབས་ཚུལ་གཞན་ཞིག་གིས་གངས་རིའི་ཟུངས་ཁྲག་འཇིབས་ཀྱིན་པ་ཁྱེད་ཀྱི་ཚོར་དཀའ་ཡ། ཁྱེོད་ཀྱིས་ཀྱང་ཞི་བའི་མེ་མདའ་དེའི་ཁ་ནས་ཅི་འདྲའི་དོན་མེད་ཀྱི་བསྟོད་གླུ་མང་བོ་ཞིག་བླངས་ཏེ་རང་གཞན་གྱི་མགོ་བོ་སྐོར་གིན་ཡོད་ཨང༌། ངོ་མ་ཁྱེད་ཀྱི་སྙུག་རྩེ་ནས་མར་ལེ་རང་ལུགས་ཀྱི་ལྟ་བ་ཁོ་ན་ལས་མཐའ་མེད་པའི་གནམ་སའི་འཇིག་རྟེན་གྱི་སྣང་ ཚུལ་རྣམས་རང་དབང་རང་མོས་ཀྱིས་འབྲི་མི་ཆོག་པ་དང༌། ལྷག་པར་རང་གི་མི་རིགས་ཀྱི་དོན་དངོས་ལོ་རྒྱུས་དང་འཚོ་བ། རེ་སྨོན་རྣམས་གླུ་རུ་ལེན་མི་ཆོག་ན་ཁྱོད་ཀྱིས་གསེར་གྱི་སྨྱུ་གུ་ཞིག་བཟུང་ནས་དངུལ་ཤོག་དཀར་པོ་ཞིག་གདན་ཏུ་བཏིང་ཡང་སྙིང་བོ་གང་ཞིག་ཡོད་དམ། རྩོམ་རིག་ནི་ཆབ་སྲིད་ཀྱི་ལག་ཆ་ཞིག་མིན་ཡང་དུས་དེ་ནས་ད་དུང་ཡང་ལག་ཆ་འདིའི་གཟས་ཕྱོགས་ལ་རྩ་བའི་འགྱུར་བ་གང་ཡང་སོང་མེད། གལ་ཏེ་སྨྲ་བརྗོད་རང་དབང་ཆ་ཚང་ཞིག་སྤྲད་ན་ཞི་བའི་མེ་མདའ་དེའི་ཁ་ཕྱོགས་གང་ཞིག་ལ་གཏད་རྒྱུ་ཡིན་པ་མའོ་ཡི་རིང་ལུགས་རྒྱུད་འཛིན་པ་རྣམས་ཀྱིས་ཚོད་དཔག་གསལ་བོ་ཐུབ་ཀྱིན་ཡོད།   དེས་ན་ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་མི་བླ་སྲོག་མེད་པ་དང་འདྲ་ཞེས་པ་དེར་ཁྱོད་ཀྱིས་ངོས་ཟིན་གསལ་བོ་ཞིག་ཐུབ་དགོས། ཁྱོད་རང་གུང་ཁྲན་རིང་ལུགས་ཞེས་བའི་ལྷ་ཡུལ་དུ་བསྐྱོད་འདོད་དང་སླེབས་ཐུབ་པའི་རེ་བ་ཡོད་དམ། རྨི་ལམ་སྐྱིད་པོ་དེ་འདྲ་ཞིག་ཁྱོད་ལ་སུས་གནང་གི་ཡིན་ནམ། ངོ་མ་རེ་སྙེགས་དེ་འདྲ་ཞིག་བྱེད་འདོད་ཡོད་ན་བོད་དང་སོག་པོ་སོགས་རང་བཙན་གྱི་རྒྱལ་ཁབ་རྣམས་ལ་གུ་ཡང་རང་དབང་་མི་སྟེར་པར་རྒྱ་ནག་རིང་ལུགས་ཆེན་པོའི་ལྟ་བ་བཙན་ཤུགས་ཀྱིས་རྒྱ་ནག་རྒྱ་ཁབ་ཁོ་ན་མཁྲེགས་འཛིན་བྱེད་དོན་ཅི་རེད། ཁྱོད་ཀྱིས་སོམས་དང་ཁྱོད་རང་གུང་ཁྲན་རིང་ལུགས་དང་བར་ཐག་ཇེ་ཉེ་སོང་འདུག་གམ་ཇེ་རིང་དུ་འགྲོ་གིན་འདུག རྨི་ལམ་སྐྱིད་པོ་དེ་ཕར་ཞོག དོན་དངོས་ཀྱི་དམངས་གཙོ་རིང་ལུགས་ཀྱི་རྒྱ་སྒོ་ལའང་སླེབས་ཀྱིན་མེད་པའི་ཀྲུང་གོ་དེ་ད་ལྟ་འཛམ་གླིང་ལོ་རྒྱུས་ཀྱི་ལྟ་བ་མཁྲེགས་འཛིན་གྱི་མཇུག་མ་དེ་ཆགས་ཀྱིན་ཡོད།

         རྩོམ་པ་པོ་ལགས། མ་གཞི་མར་ལེ་རིང་ལུགས་དང་གུང་ཁྲན་ཏང་ནི་འཇིག་རྟེན་ལས་འདས་བའི་ལྷ་ཞིག་མིན་ཞིང༌། འབྱོར་མེད་པ་ཐམས་ཅད་མི་ཡག་པོ་ཡ་རབས་དག་དག་མིན་ལ། འབྱོར་ལྡན་པ་ཚང་མ་མི་དམངས་ཀྱི་གདོན་འདྲེ་མིན་པ། བོད་ནི་རང་བཙན་གྱི་རྒྱབ་ཁབ་ཡིན་སོགས་ལོ་རྒྱུས་རྣམས་ངས་མ་སྨྲས་ཀྱང་ཁྱོད་ཚོས་ལོས་ཤེས། ཡིན་ན་ཡང༌། དེང་སང་ད་དུང་ཡང་ཏང་ཀྲུང་དབྱང་ངམ་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་འདུ་ཤེས་བཟུང་སྟེ་བསྟོད་གླུ་ལེན་ཞིང་སྐྱབས་སུ་འགྲོ་བའི་སྙུག་ཐོགས་པ་མི་ཉུང་ཡ། ང་ཚོའི་མིག་གཉིས་ཡོད་པ་འདིས་ཕྱོགས་གཉིས་རེ་དང་རྣ་གཉིས་ཡོད་པ་འདིས་ཕྱོགས་གཉིས་རེ་ཚང་མ་མཐོང་ཐོས་ཐུབ་དགོས། དེ་མ་ཐུབ་ན་དཀོན་མཆོག་གིས་ཁྱོད་ལ་གཉིས་རེ་གནང་བ་འཕྲོ་བརླག་རེད་ལ། གུ་ཡངས་བའི་བློ་ཁོག་དང་རྒྱ་ཆེ་བའི་མཐོང་རྒྱ། གཏིང་ཟབ་པའི་བསམ་བློ། གཡོ་ཟོལ་མེད་པའི་དྲང་བདེན་དང་སྨྲ་བརྗོད་ཀྱི་རང་དབང་བཅས་མ་འཛོམས་ན། ཁྱོད་ལ་སྒྱུ་རྩལ་གྱི་འཕྲུལ་རྩལ་ཇི་འདྲ་ཆེ་ཡང༌། རླབས་ཆེན་གྱི་རྩོམ་པ་པོའམ་ལྷག་པར་རླབས་ཆེན་གྱི་བསམ་བློ་བ་ཞིག་ཏུ་ནམ་ཡང་འགྱུར་ཐབས་མེད།

རྩོམ་པ་པོ་ལགས། གང་ལྟར་ཁྱོད་ཀྱི་ཁ་སང་གི་རྒྱབ་ལྗོངས་དམར་པོ་དེ་དང་དེ་རིང་གི་མདུན་གྱི་དར་ཆ་དམར་པོ་གཉིས་ཀྱི་གསང་བའི་འབྲེལ་བ་ཞིག་དང་གནས་ལུགས་གསར་བ་ཞིག་གི་ཟུར་ཙམ་རྟོགས་ནས་གངས་རི་དཀར་པོའི་སང་ཉིན་གྱི་ཆག་འཇིག་ལ་བསམ་བློ་རེ་གཏོང་ཐུབ་པའམ་གཏོང་འདོད་ཙམ་ཞིག་བྱུང་ན་དེ་ཡིས་འགྲིགས། ཁོར་ཡུག་དེར་རང་གི་འཕག་འཚག་རྒྱག་ས་མེད་པས་ངས་ཁྱོད་ལ་འཁང་ར་བྱེད་དོན་མེད། དོན་དངོས་ཀྱི་འོད་སྣང་དང་དཔྱིད་དཔལ་དང་ཞིག་བསུ་ན་རང་གི་དམངས་གཙོ་མཚན་ཉིད་པའམ་རང་གི་རྒྱབ་ཁབ་གསར་བ་ཞིག་དགོས་བ་ཡིན།

རྒྱབ་ལྗོངས་དམར་པོ་དེ་འདྲ་ཞིག་ལ་བརྟེན་པའི་དེང་རབས་ཀྱི་རྩོམ་རིག་འདིར་ད་དུང་ཡང་ཁ་ཕྱོགས་ཡང་དག་དང༌། ནང་དོན་གཏིང་ཟབ། བདེན་པའི་སྙིང་ཁུ། ཁ་གཏད་ཀྱི་བསམ་བློ་སོགས་ང་ཚོའི་སྙུག་རྩེ་ནས་འབྲི་དཀའ། བྲིས་ཟིན་པ་རྣམས་ཀྱང་མར་ལེ་རིང་ལུགས་ཀྱི་མཛེས་དཔྱོད་ཕུགས་འདུན་ཁོ་ན་རེ་བསྙེགས་བྱེད་མཁན་ཞིག་མིན་ནམ། ངོ་མ་རྩོམ་པ་པོ་ཁྲི་སྟོང་མང་པོའི་སྙུག་རྩེ་དེ་རྩ་བའི་ཕུགས་འདུན་གཅིག་གི་སྟེང་དུ་འཛུགས་དགོས་བ་འདི་ཅི་འདྲའི་མི་འདོད་པའི་གཞན་དབང་ཞིག་མ་ཡིན་ནམ།

 

ཁ།   སྲོལ་རྒྱུན་རྩོམ་རིག་རྗེས་ལུས་དང་བེད་མེད་ཡིན་ནམ།

 

བོད་གངས་ཅན་ལྗོངས་ཀྱི་གཙུག་ལག་རིག་པའི་མཆོད་རྟེན་ཆེན་པོའི་ལོ་རྒྱུས་ནི་རྨ་ཆེན་གངས་རི་དང་རྨ་ཀླུང་རིང་མོ་བཞིན་དུ་ཁུངས་བཙན་ལ་རྒྱུནརིང་བ། ཀུན་ལ་ཕན་ཞིང་ཀུན་གྱིས་སྤྱོད་པའི་བོད་མི་རིགས་ཀྱི་བསམ་བློའི་འཚོ་བཅུད་བླ་ན་མེད་ཅིང་མེད་དུ་མི་རུང་བ་ཞིག་ཡིན་པས། ད་ལྟ་དང་མ་འོངས་པའི་ལོངས་སྤྱོད་མཆོག་གྱུར་ཅིག་ཀྱང་ཡིན་པར་དེ་རིང་འཚོ་བ་འདིས་ཀྱང་ང་ཚོར་ར་སྤྲོད་བྱེད་ཀྱིན་ཡོད། དེ་ཡང་རང་རེའི་བསམ་བློའི་འཚོ་བཅུད་འདིའི་རིགས་ཀྱི་ཉིང་ཁུ་དེ་ནི་ནང་དོན་རིག་པའི་སྨན་མཆོག་ འདི་ཉིད་ཆགས་ཡོད། ད་ལྟ་ཚན་རིག་པ་སོགས་མཁས་བ་མི་ཉུང་བ་ཞིག་གིས་སྨན་མཆོག་འདིར་འགྲམ་ཆུ་ལྡང་ནས་བོད་ཀྱི་སྐད་ཡིག་ལ་འཇུག་མཁན་ཡང་རང་བཞིན་གྱི་མང་དུ་འགྲོ་བཞིན་ཡོད།

ངས་རྩོམ་རིག་འཆད་དུས་ཀྱང་ནང་དོན་རིག་པ་གླེང་དགོས་དོན་ཅི། ཁྱོད་ཀྱི་གཙུག་ལག་མཆོད་རྟེན་ཆེན་མོའི་ཕྱི་ནང་བང་རིམ་ཀུན་ལ་སྤྱན་ཟུར་རེ་ཕོངས་དང༌། ནང་ཆོས་ཀྱི་དྲི་བསུང་འཐུལ་བའི་ཅི་འདྲའི་སྙན་ངག་གི་མེ་ཏོག་ངོ་མཚར་མཛེས་སྡུག་ བཀྲ་བ་མང་བོ་ཞིག་བཞད་འདུག་ཨང༌། ཆོས་ཀྱི་ཚིགས་སུ་བཅད་པའི་མེ་ཏོག རྣམ་ཐར་དང་རྟོགས་བརྗོད་ཀྱི་མེ་ཏོག   ལེགས་བཤད་དང་གཏམ་དཔེའི་མེ་ཏོག རོ་སྒྲུང་དང་གཏམ་རྒྱུད་ཀྱི་མེ་ཏོག   ཐོལ་བྱུང་ཉམས་མགུར་གྱི་མེ་ཏོག   སྣ་ཚོགས་བསྟོད་སྨོན་གྱི་མེཏོག འདྲ་མིན་གླུ་གཞས་ཀྱི་མེ་ཏོག་སོགས་ཅི་འདྲའི་རང་བྱུང་ལྷུན་གྲུབ་གྱི་མེ་ཏོག་མང་པོ་ཞིག ཁ་བ་ཅན་ནི་དེ་འདྲའི་མེ་ཏོག་གི་ཞིང་ཁམས་ཤིག་ཡིན་ལ་གངས་ཅན་པ་རྣམས་ནི་གླུ་གར་གྱི་རྒྱ་མཚོ་ལ་རོལ་བའི་ཞི་བདེ་བག་ཕེབས་ཀྱི་མི་ཡུལ་འདིའི་ལྷ་དང་ལྷ་མོ་ཡིན་ཡ། ཡིན་ན་ཡང་ལྷ་ཡུལ་ཡང་དག་པའི་ཞིང་ཁམས་མིན་པས། གང་ན་ཡང་མུན་ནག་ཡོད་ལ། གང་ན་ཡང་འོད་ཟེར་ཡོད།

དེ་བས་འཇིག་རྟེན་ན་སུ་ཡང་བདེ་སྡུག་གི་དུས་ཚིགས་དང་མ་འགྲོགས་པ་ཞིག་མེད་པས། ང་ཚོས་དེ་རིང་གི་ཉི་འོད་འདིའི་འོག་ནས་ཁ་སང་གི་ཟླ་འོད་ལ་འཕྱ་དམོད་དང་འཁང་ར་བྱེད་དོན་མེད།     སང་ཉིན་གྱི་འོད་ཟེར་ཞིག་གིས་ང་ཚོ་ཡང་ཟིལ་ཀྱིས་གནོན་སྲིད། ངས་འདི་ལྟར་བསམ་དུས་ངའི་དེ་རིང་གི་འོད་ཟེར་འདིའི་འབྱུང་ཁུངས་ཁ་སང་ལ་ཐུག་ཅིང་ཁ་སང་གི་མུན་པ་དེ་རིང་ཡང་ལྕི་བར་མཐོང༌། ལྷག་པར་དུ་ཉོན་མོངས་ཀྱི་མུན་པ་སྟུག

རྩོམ་པ་པོ་ལགས། ཁ་སང་གི་རྩོམ་རིག་གི་མེ་ཏོག་ཚལ་ན་ཁ་སང་གི་མི་རིགས་དེར་ཕན་པའི་མཛེས་སྡུག་གི་འཚོ་བཅུད་ཡིད་ཚིམ་པ་ཞིག་ཡོད་པར་ཁྱོད་རང་ཐེ་ཚོམ་མི་དགོས། བདག་ལ་མཚོན་ན་དེ་རིང་ཡང་མཛེས་ཤིང་ཞིམ་ཡ། ལོས་ཡིན། རྙིང་བ་ཐམས་ཅད་བེད་མེད་མིན་ལ་ལྷག་པར་རྩོམ་རིག་གི་ཚེ་སྲོག་ནམ་ཡང་གསོན་པོ་ཡིན། དེ་འདྲ་མིན་ན་གནའ་བོའི་རྩོམ་དེབ་འདི་དག་སྔ་ས་ནས་ཁོ་ཚོ་མཉམ་ཏུ་དུར་སར་མི་འཐིམ་པ་ཅི།   ང་ཚོའི་གསར་རྙིང་གི་རིན་ཐང་དང་དགེ་སྐྱོན་བཤད་དུས་ལག་ལེན་གྱི་དོན་དངོས་དང་འབྲལ་མི་རུང༌། གལ་ཏེ་དེ་དང་བྲལ་བའི་སྐད་ཆ་ཅི་འདྲའི་འཕྱོར་པོ་ཞིག་ཡིན་ཡང་སྙིང་བོ་ཅི་ཡང་མེད།

ཁ་ཅིག་གིས། སྲོལ་རྒྱུན་སྙན་ངག་ནི་མཁས་བའི་རོལ་རྩེད་ཙམ་ཆོས་ཀྱི་ཕྱི་གོས་ཙམ་དུ་བསམས་པ་དང༌། དེ་ནི་ང་ཚོའི་ཡུལ་སྐད་དང་རྒྱང་ཐག་རིང་བས་མི་དམངས་ཀྱིས་མི་གོ་སྤྱི་ཚོགས་ཀྱི་ནུས་པ་གང་ཡང་མེད་པར་འདོད་ཅིང༌། རྩོང་རིག་ནི་མང་ཚོགས་རང་བཞིན་ཅན་ཏུ་འགྱུར་དགོས་པས་སྔོན་གྱི་སྙན་ངག་དེ་རིགས་གད་སྙིགས་ཁྲོད་དུ་དེད་དེ་སྙན་ངག་གསར་བ་སོགས་སྤེལ་དགོས་ཞེས་བྱིས་པའི་གོག་འགྲོས་བྱེད། ཡང་ལ་ལས། སྙན་དངགས་ནི་སྒྱུ་རྩོམ་གྱི་ཚད་མཐོ་ཤོས་ཤིག་ཡིན་པས་ཅི་ཙམ་གྱིས་བརྗིད་ཅིང་ཟབ་པ། དམ་པོ་ཡིན་ན་དེ་ཙམ་གྱིས་རིན་ཐང་ཆེ་བར་འདོད་དེ་རྐང་པ་ས་ལ་མི་ཐུག དེ་གཉིས་ལའང་རྒྱུ་མཚན་མེད་པ་ཞིག་མིན་མོད། མཐའ་ཅིག་ལ་ཕྱོགས་ན་མི་འགྲིགས། གལ་ཏེ་དམའ་ས་ཁོ་ནར་བབས་ན་རྩོམ་རིག་གི་སྒྱུ་རྩལ་འཕེལ་རྒྱས་ལ་གནོད་པ་དང༌། གལ་ཏེ་མཐོ་སྙེགས་ཁོ་ན་བྱས་ན་རྩོམ་རིག་གིས་མི་མང་ལ་ཁེ་ཕན་སྒྲུབ་པའི་སྤྱི་ཚོགས་ཀྱི་ནུས་བ་མི་ཐོན། དེས་ན་རྩོམ་རིག་ནི་གཞན་གྱི་ཆེད་དུ་ཡིན་ཡང༌།    གཞན་གྱི་བློ་ཚོད་ལ་མཐའ་གཅིག་ཏུ་བསྟུན་དགོས་པ་མིན་ལ་བསྟུན་མི་དགོས་པའང་མིན་པའི་གནས་ལུགས་དེ་རྟོགས་དགོས།   གསལ་བོ་བཤད་ན་ཁྱོད་ཀྱིས་མཁས་པའི་ཀློག་རྒྱུའི་སྙན་དངགས་རྩོམ་དགོས་ལ། མང་ཚོགས་ལ་འཚམས་པའི་རྩོམ་རིགས་ཀྱང་འབྲི་དགོས་བ་ཡིན། དེ་ནི་བྱིས་པར་བྱིས་པར་འཚམས་པའི་རྩེད་མོ་དང་དར་མར་དར་མར་འཚམས་པའི་རྩེད་འཇོ་ཡོད་ལ་ཡོད་ཀྱང་དགོས་བ་ཡིན་ནོ།།

ང་ཚོའི་ཕྱིར་འཁོར་ནས་ཁ་སང་ལ་བལྟས་ན། ཁ་སང་གི་མཁས་བའི་སྙན་དངགས་རྣམས་དང་དེ་རིང་གི་མི་དམངས་བར་ན་རྒྱང་ཐག་རིང་བ་བདེན་མོད། ཐ་ན་དེ་རིང་གི་སྙན་ངག་དང་དེ་རིང་གི་མི་དམངས་ཀྱི་བར་རྒྱང་ཡང་མི་ཉེ། དེས་ན་མེས་པོ་དང་ཚ་བོ་གཉིས་ལ་དགེ་སྐྱོན་འདི་མཉམ་འཇུག་ལས་ཅིག་ཤོས་བཟང་བའི་བསྔགས་པ་བརྗོད་དཀའ་འོ།།

གསལ་བོ་བཤད་ན་སྙན་དངགས་གང་ཞིག་ཁ་དམ་ལྷོད་གང་འདྲ་ཞིག་ཡིན་རུང་དེའི་ཆ་ནས་དེ་ལ་དགེ་སྐྱོན་བརྗོད་པ་འདི་དེ་འདྲའི་ཡང་དག་ཅིག་མིན་པར་འདོད། དེ་ནི་ཀློག་མཁན་གྱི་ཆུ་ཚད་ལ་རག་ལུས་ཡོད། ནམ་ཞིག་ཀློག་མཁན་རྣམས་ཀྱི་ཤེས་ཚད་སྙན་ངག་པའི་གོ་སར་སླེབས་ན་དེ་དུས་སྙན་ངག་ཐམས་ཅད་སྙན་དངགས་རང་ཡིན་ངེས་ལ་ད་དུང་དེས་ཀྱང་ཡིད་ཚིམ་པར་དཀའ། མ་གཞི་སྙན་དངགས་ནི་མིའི་རིགས་ཀྱི་སྒྱུ་རྩལ་དང་མཛེས་སྡུག་སོགས་ཀྱི་ལོངས་སྤྱོད་ཐུན་མོང་པ་ཞིག་ལོས་ཡིན་མོད། དམིགས་གསལ་གྱི་ཁྱོད་དང་བདག་འདྲ་ཀྱི་དགའ་སྐྱིད་ཡིན། དེ་མིན་ན། མཚུངས་མེད་རྒྱས་བའི་སྙན་ངག་མེད་ན་མཁས་བ་རྣམས་ནི་ནེ་ཙོའི་ཀློག་དང་འདྲ་ཞེས་གསུངས་དོན་མེད་ལ། མཁས་བ་རྣམས་ཀྱིས་ཀྱང་རིགས་མཐུན་ཁོ་ནའི་ཆེད་ཡིན་ན། མཁས་རྣམས་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། ཞེས་ག་ལ་གསུངས། དེས་ན་སྙན་ངག་ནི་མི་དམངས་ཀྱི་ཁ་བརྡའི་ས་ལ་དམའ་རུ་མི་འབེབ་པར་མི་རྣམས་ཁྱོད་ཀྱི་སྙན་ངག་གི་ཁང་བཟང་དུ་ཡར་ལ་འདྲེན་ཐབས་བྱོས། དེང་སང་མི་དམངས་ཀྱི་ཤེས་ཡོན་གོང་འཕེལ་ཡོང་གིན་ཡོད་པས་ནམ་ཞིག་ཁྱོད་ཀྱི་བརྩམས་ཆོས་ཡོད་ཚད་ལ་ཁོང་ཚོའི་བྲོ་བ་མྱོང་ཐུབ་ངེས་ཡིན། བྱ་བ་འདི་གཙོ་བོ་རིག་གནས་སློབ་གསོའི་བྱ་བའི་ལས་སྐལ་ལ་ཐུག་པས་ཐད་ཀར་དུ་རྩོམ་པ་པོ་དང་འབྲེལ་མེད་ན་ཡང༌། རྩོམ་པ་པོས་དོ་ཁུར་དང་འདེགས་སྐྱོར་བྱེད་འོས་པ་ཞིག་ཡིན་ལ། མི་རྣམས་ཀྱིས་ཀྱང་རྩོམ་པ་པོ་ཞེས་པ་དེ་མཚན་སྙན་ཅན་ཞིག་དང་གཟི་བརྗིད་ཅན་ཞིག་ཡིན་པ་ངེས་པར་ཤེས་དགོས་པའི་ནང་གི་འབྲེལ་ལམ་འདི་གལ་འགངས་ཆེ། ཐོག་མར་ངོས་འཛིན་འདི་བྱུང་བ་ཡིན་ན་ཀློག་མཁན་ཇེ་མང་དང་ཇེ་མཁས་སུ་གྱུར་ནས་རྩོམ་པ་པོའི་ཁྲིམས་དཔོན་གྱི་གོ་སར་འཕགས་པའི་ལམ་རྙེད་ཐུབ།

འོ་ན་སྲོལ་རྒྱུན་རྩོམ་རིག་ལ་རྗེས་ལུས་ཀྱི་རྣམ་པ་གང་ཡང་མེད་དམ། ད་དུང་ཡང་དེ་བཞིན་སོང་ན་འགྲིག་གམ་ཟེར་ན་གཏན་ནས་མི་འགྲིགས། རྩོམ་རིག་རང་ངོས་ན་རྗེས་ལུས་ཀྱི་ཆ་ཡོད་ལ་ལྷག་པར་རྩོམ་མཁན་ཚོའི་ངོས་ན་གནད་དོན་མེད་པ་མིན། དཔེར་ན་ཚིགས་བཅད་སྙན་ངག་གི་སྒྲིག་གཞི་གཏན་ཚིགས་ཅན་དེས་རྩོམ་མཁན་ལ་ཚད་འཛིན་ཚོད་བཀག་གི་སྐྱོན་ཆེ་ཞིང༌།   ལྷ་སྒྲུང་དང་གཏམ་རྒྱུད་བྲིས་ནས་དེ་རིང་གི་འཚོ་བའི་དགོས་མཁོ་སྐོང་མི་ནུས། ང་ཚོའི་སྔོན་བྱོན་སྙན་ངག་པ་ཚོའི་མེ་ལོང་མའི་དངོས་བསྟན་དཔེ་བརྗོད་ཀྱི་འགྲོས་ཙམ་ལས་དེ་ལས་བརྒལ་བའི་དབྱུག་པ་ཅན་གྱི་དགོངས་པ་བཞིན་རྣམ་རྟོག་གསར་བའི་གསར་གཏོད་ཀྱི་རྒྱན་ཆ་བཟོ་མ་ཐུབ་པ་དང༌། མེ་ལོང་མ་སྙན་ངག་ཡོད་ཚད་ཀྱི་ཚད་གཞི་བྱས་ཏེ་དེ་ལ་དགེ་སྐྱོན་གྱི་དཔྱད་པ་བྱེད་མ་ཐུབ་པར་རྒྱུན་འཛིན་བྱས་པ་དེ་ཞན་ཆ་ཆུང་ཆུང་ཞིག་མིན། དབྱུག་པ་ཅན་ནི་འཕགས་པ་གང་ཞིག་མིན་ལ་ལྷག་པར་སྙན་ངག་ནི་གང་ཟག་གི་རྟོག་འཆར་རང་བཞིན་གྱི་སྒྱུ་རྩལ་རིགས་ཤིག་ཡིན་པས་དེ་ལ་དུས་རབས་དང་མི་འདྲ་བས་སྒྱུར་བཅོས་ལེགས་སྒྲིག་བྱེད་རྒྱུ་ཡོད་པ་ཞིག་ལས་གྲུབ་མཐའ་བཞིན་འགྱུར་མེད་གཏན་ཚིགས་ཀྱི་ཆོས་ཤིག་ག་ལ་ཡིན། བོད་མཁས་པ་སོགས་ཀྱིས་དཔྱད་བརྗོད་མང་ཙམ་གནང་ཡོད་མོད་དེ་དག་ཚང་མ་ དབྱུག་པ་ཅན་གྱི་དགོངས་པ་གང་ཡིན་བརྩད་པ་ཙམ་ལས་དེ་ལས་འདས་བའི་སྒྱུ་རྩལ་གང་ཡང་འཚོལ་སྙེགས་ཐུབ་མེད་པ་གསལ་བོ་རེད། འོན་ཀྱང་སྐབས་དེའི་སྙན་ངག་པ་རྣམས་ནི་ཕལ་ཆེ་བ་སེར་མོ་བ་ཡིན་པས་ཁོ་ཚོའི་རྩོམ་ཡིག་གི་ནང་དོན་ལ་མི་དམངས་ཀྱི་འཚོ་བ་སོགས་བྲིས་མེད་པའམ་ཧ་ཅང་ཉུང་བ་དེ་ཆོས་བྱེད་པ་ཞིག་གི་བསམ་བློའི་ ངོས་ནས་བལྟས་ན་སྐྱོན་དེ་ཙམ་མིའཇུག གཙོ་བོ་སྐབས་དེར་སྤྱི་ཚོགས་ཀྱི་སློབ་གསོ་སྤྲོད་སྟངས་དང་མི་དམངས་རང་ངོས་ནས་རིག་གནས་ལ་སྦྱང་བརྩོན་མ་ཐུབ་པའི་གནད་དོན་ཞིག་ཡིན་སྙམ་མོ།།

 

   རྩོམ་རིག་གཏོར་བཤིག་དང་གསར་གཏོད།

 

གཏོར་བཤིག་ཅེས་བའི་ཐ་སྙད་འདི་ཐོས་ཙམ་ནས་ཀྱང་ང་ཚོར་འཇིགས་སྣང་དང་མ་རབས་ཀྱི་བྱ་བ་ཞིག་ཡིན་པའི་ཚོར་སྣང་སྐྱེ་སྲིད། དེ་ནི་ང་ཚོའི་མི་རབས་འདིའི་མགོ་ལ་རྒྱུན་མ་ཆད་པར་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་སྡུག་པོ་ཞིག་ཡིན་པས་ཀྱང་ཡིན། དེ་ཡང་གཏོར་བཤིག་ཕལ་ཆེ་བའི་ནུས་པ་ཚབས་ཆེ་བའི་ཁར་དམིགས་ཡུལ་ཡང་ཧ་ཅང་ངན་པ་རེད། དཔེར་ན།   ཉེ་རབས་རྒྱ་དམར་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་མི་རིགས་རིག་གཞུང་དང་བཅས་པར་གཏོར་བཤིག་ག་ཚོད་ཅིག་བཏང་ཡོད་པ་དང་དེ་དག་གི་རིན་ཐང་ལ་ཞིབ་རྩིས་ཤིག་བརྒྱབ་ན་བསམ་ཡུལ་ལས་འདས་པ་ཞིག་ཡིན། དེ་ཡང་པཎ་ཆེན་རིན་པོ་ཆེས། བོད་ཀྱི་དགོན་སྟེ་དྲུག་སྟོང་མང་ཆེ་བ་རྩ་གཏོར་སྐྱོན་བྱུང་ཡོད་ཅེས་དང་ང་ཚོར་ཐོབ་པའི་གྲུབ་འབྲས་ལས་ང་ཚོར་གྱོང་གུད་ཆེན་པོ་རག་ཡོད་ཚུལ་སོགས་གསུངས་པ་བཞིན་རེད། འོན་ཀྱང་ངས་འདིར་བརྗོད་རྒྱུའི་གཏོར་བཤིག་དེ་དག་མ་ཡིན་པར་ནང་གྲོགས་པོའི་སྨྱུག་རྩེའི་གཏོར་བཤིག་གི་སྐོར་ཡིན། གཏོར་བཤིག་འདི་སྤྱིར་དམིགས་ཡུལ་ངན་པའི་བྱ་ངན་ཞིག་མིན་མོད། མི་དམངས་ཁྲོད་ལག་ལེན་གྱིས་ཤན་ཤུགས་ངན་པ་ཞིག་འཇོག་གིན་ཡོད་ན་དེ་ནི་དགེ་མཚན་ཞིག་མིན་པ་བཤད་ཅི་དགོས། གཏོར་བཤིག་འདི་ཆེད་དུ་བཟོས་པ་མ་ཡིན་པར་རང་བཞིན་གྱིས་ཡོང་གིན་ཡོད། དེའི་རྒྱུ་མཚན་ནི་རྩོམ་པ་པོ་ཚོའི་རྒྱབ་བརྟེན་བསམ་བློའི་རྒྱབ་ལྗོངས་དམར་པོ་དེ་ཉིད་གཏོར་བཤིག་གི་བསམ་བློ་ཞིག་ཡིན་པས་རེད། དཔེར་ན། རང་གི་མི་རིགས་ལ་འཕྱ་མོད་དང༌། རང་གི་རིག་གཞུང་ལ་དམའ་འབེབས། མི་རིགས་ཀྱི་མཛེས་དཔྱོད་ལྟ་བ་དང་སྒྱུ་རྩལ་རང་བཞིན་རྡོག་བརྫི་གཏོང་བ། མི་ཉུང་ཤས་རེ་ཡི་ངན་མཚང་མི་རིགས་ལ་གཡོགས་པ། གསར་བརྗེ་ཁོ་ན་གཟི་བརྗིད་དང་རྙིང་བ་ཡོད་ཚད་རུལ་སུངས་སུ་ལྟ་བ།   མདོར་ན་མར་ལེ་རིང་ལུགས་ཁོ་ན་འཇིག་རྟེན་གྱི་ཡང་དག་པའི་གྲུབ་མཐའ་ཡིན་པར་རློམ་ནས་མི་རང་ཉིད་ཀྱི་ཕྱི་ནང་ཚང་མར་བོད་མིའི་ཁ་དོག་བྲལ་བར་གྱུར་པས་ཁོའི་སྨྱུག་རྩེ་ནའང་དེ་མཚུངས་ཀྱི་རི་མོ་ཞིག་ལས་ཐོན་གྱིན་མེད་པ་རེད།   ཐ་ན་ལོ་རྒྱུས་རང་བཞིན་ལྡན་པའི་གླུང་གེ་སེར་གྱི་སྒྲུང་འཁྲབ་སྟོན་བྱས་པ་དེའི་ནང་གི་གེ་སར་ནི་རྒྱ་ནག་གི་དྲག་རྩལ་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། ཀླུ་འབུམ་མི་རྒོད་དང་རྣམ་ཤེས་ཀྱི་དགོད་ཞེས་པ་སོགས་ཀྱི་འདྲེན་པ་དག་ལ་ཡང་རྒྱའི་དཔའ་རྩལ་པའི་ཁྱད་ཆོས་དེ་འདྲ་ཐོན་ཡོད། འདིའི་ཐད་ལ་པཎ་ཆེན་རིན་པོ་ཆེས་ཀྱང་སྐྱོན་བརྗོད་གནང་བ་མ་ཟད་མཛུབ་སྟོན་ཡང་གནང་ཡོད། ཁོང་གིས། བོད་མི་རང་གི་རིག་རྩལ་གྱིས་བོད་མི་རིགས་རང་གི་འཚོ་བ་མཚོན་པར་བྱ་དགོས། གསལ་བོ་བཤད་ན། བོད་མི་རིགས་རང་གི་རིག་རྩལ་ལ་བོད་མི་རིགས་རང་གི་ཁྱད་ཆོས་ཐོན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་བརྩམས་ཆོས་རྩོམ་ཁྲིད་པ་ནས་འཁྲབ་སྟོན་པའི་བར་བོད་རང་གི་ཤེས་ལྡན་མི་སྣ་བསྐྱེད་སྲིང་བྱས་ན། ད་གཟོད་བོད་མི་རང་གི་རིག་རྩལ་གྱི་བྱ་བཞག་དེ་བོད་རང་གི་ལག་ཐོག་ཏུ་ཟིན་ངེས་རེད།   ཅེས་གསུངས།

རྒྱ་བོད་མི་རིགས་གཉིས་རྦད་དེ་ཐ་དད་ཞིག་ཡིན་པ་ལོ་རྒྱུས་ཀྱི་བདེན་དོན་ཡིན་ལ། ང་ཚོས་ཐ་དད་ཡིན་ཞེས་བཤད་ཀྱིན་ཡོད། འོན་ཀྱང་ལ་ལ་ཞིག་གིས་རྒྱ་བོད་རིགས་མཐུན་བཟོ་བར་འགན་འཁུར་གྱིན་ཡོད་པ་འདྲ། དེ་ལ་རྒྱ་ཕྱོགས་ནས་ཁྱོད་ལ་ངོ་བསྟོད་བྱ་དགའ་སྤྲོད་ངེས་ཀྱང་བོད་མི་རིགས་ཀྱིས་ནམ་ཡང་ངོ་རྒོལ་དང་རྐང་འདྲེན་པར་བརྩི་ངེས་ཡིན། མི་རིགས་ཀྱི་རང་གཤིས་དང་ཁྱད་ཆོས་མི་རིགས་གཞན་དུ་བཅོས་འབྲི་བྱེད་པ་འདི་ཁོ་ཚོས་གསར་གཏོད་ཅིག་ལ་ངོས་འཛིན་གྱིན་ལོས་ཡོད་ཀྱང་དོན་ལ་དེ་ནི་གཏོར་བཤིག་ཆེན་པོ་ཞིག་ཡིན། དེར་མ་ཟད་མི་རིགས་ལ་བསམ་བཞིན་འུད་ཆེན་པོས་དམའ་འབེབས་བྱེད་པ་དེ་དག་ཀྱང་གཏོར་བཤིག་ཅིག་རེད། མ་གཞི་སྐྱོན་མཚང་འབྱིན་ཐབས་དེ་ཡར་རྒྱས་གཏོང་ཐབས་ཤིག་ཡིན་ནའང་སྐྱོན་བརྗོད་སྟངས་མ་ཤེས་ན་ནོར་འཁྲུལ་ཆེན་པོ་ཡིན། དཔེར་ན། ཕ་མས་ཕྲུ་གུར་སྐྱོན་བརྗོད་དང་རྡུང་རྡེག་བྱེད་འོས་ཀྱང་ཚད་ཀྱང་འདས་པའམ་མ་འཚམས་ན་དེའི་ལྡོག་ཕྱོགས་ཀྱི་སྐྱོན་དང་ཉེན་ཁ་འབྱུང་བ་བཞིན་ནོ།།

གསར་བརྗེ་དང་གསར་གཏོད་ཅེས་པ་འདི་མིང་སྙན་པོ་ཞིག་ཡིན་ཡང་ལག་ལེན་ཁྲོད་མ་འཚམ་པ་དང་མི་ལེགས་པའང་མང་པོ་ཡོད།   གོང་དུ་བཤད་པའི་གཏོར་བཤིག་དེ་དག་གི་ཚབ་དུ་མི་རིགས་གཞན་ཞིག་གི་རིག་གནས་སོགས་ཀྱི་ལེགས་ཉེས་དགེ་སྐྱོན་ལ་མ་བརྟགས་པར་ཡོད་ཚད་བཙན་སྦྱོར་དང་ཚུར་ལེན་གང་ཞིག་བྱས་ཀྱང་དེ་ནི་གསར་ གཏོད་ཅིག་རྩ་བ་ནས་མིན་པ་མ་ཟད། དེ་ལ་ཕན་པ་ལས་གནོད་པ་མང་བ་ང་ཚོར་ལོ་རྒྱུས་འཕེལ་རིམ་གྱིས་བདེན་དཔང་བྱས་ཡོད། དམར་པོའི་ལྟ་བ་དེ་མངོན་ཤུགས་བརྒྱུད་གསུམ་ནས་ང་ཚོར་དྲིལ་བསྒྲགས་ལོ་མང་རིང་བྱས་ཀྱང༌། མི་དམངས་བརྒྱ་ཆའི་དགུ་བཅུའི་སེམས་ཁམས་ད་དུང་ཡང་དམར་པོ་ཆགས་མེད་པ་མ་ཟད་དེ་དང་ཁ་ཐག་ རིང་དུ་འགྲོ་བཞིན་ཡོད། ཁོ་ཚོའི་སེམས་ཁམས་ནི་ཐོག་མའི་སེམས་ཁམས་དཀར་པོ་དེར་གྱུར་དང་འགྱུར་བཞིན་པ་རེད། གལ་ཏེ་བླང་དོར་ཡོད་པའི་སྒོ་ནས་དགེ་མཚན་ལྡན་པའི་བྱ་དངོས་ཤིག་ཡིན་ན་ང་ཚོས་ལམ་སང་དང་ལེན་ཐུབ་ཀྱིན་ཡོད། རྩོམ་རིག་ལ་ཆ་བཞག་ནའང་སྔོན་གྱི་དུས་སུ་སྙན་ངག་མེ་ལོང་མ་དང་ད་ལྟའི་དུས་ཀྱི་རང་མོས་སྙན་ངག་དང་ལྷུག་རྩོམ་སོགས་ལྟ་བུ་རེད།

སྐབས་འདིར་འགའ་ཞིག་གིས། རྙིང་བ་བེད་མེད་ཅིག་ཡིན་ཡང་དེ་ལ་གཏོར་བཤིག་གཏོང་མི་དགོས་པར་རང་སོར་བཞག་ནས་གསར་གཏོད་བྱས་ཀྱང་འགྲིག་པའི་བསམ་ཚུལ་ཡང་ཡོང་གིན་ཡོད། ངས་བལྟས་ན་ལྟ་ཚུལ་འདི་ནི་ཡང་ཡང་དག་ཞིག་མ་རེད། ལྷ་ཁང་སོགས་ཕྱི་ཡི་དངོས་པོ་རྙིང་ཉར་བྱེད་པར་ལོ་རྒྱུས་ཀྱི་དོན་སྙིང་སོགས་ནས་དགོས་པ་ཆེ་བས་དེ་ལྟར་བྱས་ཀྱང་ཆོག་ལ་ངེས་བར་བྱེད་དགོས་བ་ཞིག་ཀྱང་ཡིན། འོན་ཏེ་སྤྱིར་བཏང་གི་ཁང་རྙིང་ཞིག་རང་སོར་བཞག་ན་ས་ཆ་འགོག་སྤྱད་ཙམ་ལས་ཅི་ཡང་མིན། རྩོམ་རིག་གི་རྣམ་པའི་ཆ་ཡི་གཏོར་བཤིག་སྟེ་སྲོལ་རྒྱུན་སྙན་ངག་མེ་ལོང་མའི་ཚིགས་བཅད་རྩོམ་ཚུལ་གྱི་འཆིང་བ་འཀྲོལ་བའི་རང་མོས་ཚིགས་རྐང་ཅན་དང༌།   གཏམ་རྒྱུད་ཀྱི་རྩོམ་སྲོལ་གཏོར་བའི་ཕྱི་རྒྱལ་བརྩམས་སྒྲུང་གི་རྩོམ་ཐབས་གསར་བ། དེ་བཞིན་ལྷུག་རྩོམ་གསར་བ་བཅས་ནི་རྩོམ་རིག་གཏོར་བཤིག་དང་གསར་གཏོད་ཅིག་རེད་ཡིན་ལ། དོན་ལ་བསམ་བློ་གཏོར་བཤིག་ཅིག་ཀྱང་ཡིན་ཏེ། རྩོམ་སྲོལ་མཁྲེགས་འཛིན་གྱི་བསམ་བློ་ཞིག་ལ་གཏོར་བཤིག་བཏང་བས་སོ།།

ཡིན་ཡང་འདི་ནི་རྩོམ་པ་པོའི་རང་སྟེང་གི་གཏོར་བཤིག་ཅིག་ལས་རྩོམ་རིག་ཅིག་རྩ་་གཏོར་བཏང་བ་མིན་པས་རྩོམ་སྲོལ་དེ་མུ་མཐུད་དུ་གནས་ཆོག་པ་ཡིན། ང་རང་ལ་མཚོན་ན་སྐབས་རེར་ཚིགས་བཅད་ཀྱི་འཆིང་རྒྱ་གཏོར་ནས་རང་མོས་ཅན་འབྲི་གིན་ཡོད་ལ།   མཚམས་རེར་ཚིགས་བཅད་རྩ་འཛིན་བྱས་ཏེའང་འབྲི་གིན་ཡོད། དེ་ནི་རྩོམ་རིག་ནང་དོན་མཚོན་ཚུལ་དང་ཀློག་པ་པོ་བསྟུན་དགོས་པའི་དབང་གིས་བྱུང་བ་ཡིན། རྒྱུ་མཚན་འདིས་དེ་གཉིས་ཀ་སྙན་ངག་ཡིན་པ་མཚོན་གྱིན་ཡོད་ལ་སྒྱུ་རྩོམ་ལ་རིགས་མང་དགོས་བ་ལས་ཕྱོགས་གཅིག་གིས་འགྲིག་ཐབས་མེད་པའང་སྟོན་གྱིན་ཡོད།

སྐུ་ཞབས་དོན་གྲུབ་རྒྱལ་གྱིས་ཀྱང<ལང་ཚོའི་རྦབ་ཆུ>སོགས་སྙན་ངག་གསར་བའི་རྣམ་པ་ཞིག་བསྐྲུན་ན་ཡང་སྲོལ་རྒྱུན་རྩོམ་རིག་མིང་གཞིའི་ཐོག་རྣམ་པ་གསར་བརྗེ་བྱས་པའི་གསར་རྩོམ་ཞིག་ཡིན། ཁོང་གིས་ད་དུང་སྲོལ་རྒྱུན་སྙན་ངག་ཡང་མི་ཉུང་ཞིག་བརྩམས་ཡོད་ལ། དེས་ན་སྙན་ངག་འདིས་ཀྱང་དེང་རབས་ཀྱི་འཚོ་བ་དང་དུང་སེམས་མཚོན་ཐུབ་ཀྱིན་ཡོད་པས་འདི་ནི་རྙིང་བ་བེད་མེད་ཅིག་མིན་པར་བེད་སྤྱོད་རིན་ཐང་ཡོད་པ་ ཞིག་ཡིན་ན་རྩ་གཏོར་བྱེད་མི་འོས་པ་ཞིག་ཡིན། ཡིན་ཡང་རྩོམ་པ་པོ་རང་ངོས་ནས་གཏོར་བཤིག་བྱས་ནས་སྒྱུ་རྩལ་གསར་འཚོལ་གནང་ན་འགལ་བ་ཡང་མེད་སྙམ། དཔེར་ན། ལྗང་བའི་སྙན་དངགས་ལྟ་བུའོ༌།།

གཞན་ཡང་ནང་བསམ་བློ་ཆ་ཡི་བཟང་ངན་ནི་ཕྱི་དངོས་པོ་དང་གཏན་ནས་མི་འདྲ། བསམ་བློ་རྙིང་བའམ་རྨོངས་ཞེན། རྗེས་ལུས་གང་ཞིག་རང་སོར་བཞག་ནས་དེའི་ཟུར་ནས་བསམ་བློ་གསར་བ་དང་ཡར་ཐོན་ཅན་ཞིག་བཟོ་ཐབས་མེད། ལྷག་པར་རྩོམ་པ་པོ་རྣམས་ཀྱིས་རླབས་ཆེན་འོས་འགན་ནི་སེམས་ཀྱི་ལྷད་སྐྱོན་ཡོ་བསྲང་དང་བླང་དོར་གྱི་མིག་དབང་གསར་བ་སྦྱིན་རྒྱུ།   འཚོ་བ་གསར་བའམ་བདེ་སྐྱིད་ཀྱི་ལམ་ཕྱོགས་སུ་སྐྱོད་རྒྱུ་སྐུལ་མ་གཏོང་རྒྱུ་དེ་ཡིནཔས། ང་ཚོས་ནང་ཆོས་ཀྱི་མིའི་ཉོན་མོངས་རིགས་རྩ་གཏོར་གཏོང་བ་དང་བྱམས་བརྩེ་དྲང་བདེན་འཚེ་མེད་དགེ་བའི་བསམ་བློ་གསར་གཏོད་གཏོང་བཞིན་དུ་རྩོམ་རིག་གིས་ཀྱང་དཔེ་དེ་བཞིན་རྙིང་ཞིན་དང་རྨོངས་དད།   རྗེས་ལུས། གཡོ་སྒྱུ་ཁྲམ་སོགས་མི་དམངས་ལ་གནོད་ཚབས་ཆེ་བ་ཚང་མ་ངེས་པར་གཏོར་དགོས། དེ་ཡང་འཚོ་བའི་དངོས་ཡོད་བདེན་པ་དེ་སྒྱུ་རྩལ་གྱི་བདེན་པར་བསྒྱུར་ཅིང་དེ་ཡང་རང་གི་མཛེས་དཔྱོད་ལྟ་བ་དང་བསྲེས་ཏེ་རྩོམ་རིག་གི་བདུད་རྩི་གསར་བ་ཡིས་མི་རྣམས་ལ་ མི་རྣམས་ལ་མཛེས་སྡུག་སྤྲོ་སྐྱིད་ཀྱི་འཚོ་བ་ཞིག་སྦྱིན་དགོས་དེ་ཡིན་ན། རྩོམ་རིག་གཏོར་བཤིག་དང་གསར་གཏོད་དེ་ནི་ཆེས་ཟབ་ཟབ་མ་བྱས་ན་སྤྱི་ཚོགས་ཀྱི་ཕན་ནུས་གོ་ལྡོག་ཏུ་འགྱུར་བའི་ཉེན་ཁའང་མེད་པ་མིན།   ཡིན་ཡང་སྒྱ་རྩལ་གྱི་ཆེད་དུ་སྒྱུ་

རྩལ་ཡིན་ཟེར་ན་ཅི་ཡང་མི་སྨྲའོ།།

 

ང༌།   ཁྱོད་ཀྱིས་སུའི་དོན་དུ་སྨྱུ་གུ་བཟུང་བ་ཡིན།

 

        རྩོམ་པ་པོ་ནི་མི་རིགས་སམ་མིརིགས་ཀྱི་མགྲིན་ཚབ་པ་ཆེས་མཐོ་ཤོས་དེ་ཡིན་པས་རང་ ཉིད་ལ་དེ་བཞིན་ཕན་སེམས་ཀྱིས་དྲངས་པའི་ཕུགས་འདུན་ཞིག་ཡོད་དགོས། རྩོམ་པ་པོ་ཞིག་གི་སྙུག་རྩེ་དེ་རང་གི་མི་རིགས་ཀྱི་ཁྲོད་དུ་བཙུགས་པ་ཡིན་ན་ཁྱོད་ཀྱིས་ཐོག་མ་མར་རང་གི་མི་རིགས་ཁེ་ཕན་སྒྲུབ་རྒྱུ་འདི་གཙོ་བོ་ཡིན་པ་བཤད་དགོས། འདིའི་ཐད་ནས་ང་ཚོས་སྔོན་བྱོན་མཁས་དབང་རྣམས་པར་ངེས་པར་མིག་དཔེ་བལྟ་འོས། ང་ཚོ་འཇིག་རྟེན་ཆོས་བརྒྱད་ཀྱི་གཞན་དབང་ཅན་ཡིན་པས་སྙན་གྲགས་མི་འདོད་མཁན་དཀོན་ནའང་སྙན་གྲགས་དེའང་ངེས་བ་དོན་གྱི་སྙན་གྲགས་ཤིག་ཏུ་གནས་མིན་ལོ་རྒྱུས་ཀྱིས་མཇུག་སྐྱེལ་འོང་བ་ཡིན།   མི་རིགས་ཀྱི་རྩོམ་པ་པོ་ཞིག་ལ་མཚོན་ན་ཐོག་མར་རང་གི་མི་རིགས་ཀྱིས་དགའ་བསུ་ཡི་རང་ཐོབ་པ་བརྒྱུད་དེ་རྒྱལ་སྤྱིའི་རྩོམ་སྟེགས་སུ་བསླེབས་ན་ད་གཟོད་གཟི་བརྗིད་ཡིན། མི་རིགས་གཞན་གྱི་སྐད་ཡིག་གཙིགས་ཆེར་འཛིན་མཁན་ཁག་ཅིག་ལ་འདིའི་ཐད་བསམ་བློའི་གནད་དོན་ཡོད། དཔེར་ན། བཀྲ་ཤིས་ཟླ་བ་ནི་རྒྱ་ཡིག་གིས་བརྩམས་སྒྲུང་འབྲི་མཁན་གྱི་བོད་རིགས་རྩོམ་པ་པོ་སྙན་གྲགས་ཆེ་ཤོས་ཤིག་ རེད། ཁོའི་བརྩམས་ཆོས་ཀྱི་ནང་དོན་བོད་ཀྱི་འཚོ་བ་ཡིན་མོད་གི་རྩོམ་རིག་གི་ཕྱི་གོས་ནི་ཁོ་རང་གི་གྱོན་གོས་བཞིན་རྒྱ་ལྭ་ཡིན་པས་རིགས་ཞན་ཅན་རེ་འགས་དེ་དག་བོད་བསྒྱུར་རེ་བྱས་ན་མ་གཏོགས་རང་རིགས་ཀློག་པ་པོ་ཧ་ཅང་ཉུང་བས་ང་ཚོར་ཕན་ཐོགས་མེད་ཅེས་བཤད་ཆོག   ཁོའི་རྩོམ་གྱི་ནང་དོན་བོད་ཀྱི་འཚོ་བ་ཡིན་ན་ཡང་ཁོ་རང་ཉིད་ཀྱི་ནང་སྙིང་ག་འདྲ་ཞིག་ཡིན་ནམ།   དེ་ནི་ཁོས་བོད་ཡིག་མི་ཤེས་བའམ་མ་བསླབས་པའི་སྐྱོན་ཙམ་མིན་པར་བོད་ཡིག་ལ་མཐོང་ཆུང་མི་རིགས་ལ་ཤ་ཚ་མེད་པའི་ཉེས་བ་ཞིག་ཡིན་ཞེས་བཤད་ཆོག དེ་ཡང་ཁོས་རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་ལགས་ལ། བོད་ཡིག་ཁོ་ནར་བརྟེན་ན་ཀློག་པ་པོའི་གཞི་ཁྱོན་ཆུང་བས་རྒྱལ་ཡོངས་ལ་ཤུགས་རྐྱེན་བཟོ་མི་ཐུབ་པ་དང༌།   རྒྱལ་ཡོངས་སུ་ཤུགས་རྐྱེན་མ་བྱུང་ན་རང་གི་རིན་ཐང་དེ་ཡང་མངོན་ཁག་པོ་རེད། ད་བར་ང་ཚོས་བོད་ཡིག་གསར་རྩོམ་ལ་མཐོང་ཆེན་བྱེད་དགོས་ཞེས་བཤད་པ་ལས་དོན་དངོས་བྱེད་རྒྱུ་བྱུང་མེད།   ཅེས་བཤད་པ་འདིས་རང་མཚང་གསལ་བོ་བསྟན་ཡོད། ཁོ་རང་ལ་མཚོན་ངོ་མ་རྒྱ་ཡིག་ཁོ་ནརབརྟེན་ནས་བོད་ཀྱི་འཚོ་བ་བྲིས་ཏེ་རྒྱ་ནག་རྩོམ་རིག་ལས་རིགས་ནང་དུ་གྲགས་པ་རྒྱས་ཤིང་རྩོང་པ་པོའི་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་གཙོ་འཛིན་གཞོན་པ་ཞིག་ཏུ་གྱུར་ཡོད་པས། རང་གི་ལྟ་བ་དེས་རང་ཉིད་ལ་ཁེ་ཕན་གྲུབ་ཡོད་ལ་གཞན་ལའང་བསམ་ཚུལ་དེ་བཞིན་སྨྲ་བ་ནི་སྙིང་གཏམ་ཞིག་གི་ཚུལ་ཏུ་ཡིན་ཡང་སྲིད་མོད། འོན་ཀྱང་བཀྲ་ཤིས་ཟླ་བ་ལགས་དང་རང་རེ་ལ་མཚོན་ན་སྐད་ཆ་དེ་ནི་ཆེས་མི་འདོད་པ་ཞིག་མ་རེད་དམ། དེ་ཡང་བཀྲ་ཤིས་ཟླ་བ་ལགས་ཀྱིས། ང་ཚོའི་དེ་སྔའི་བོད་ཡིག་གི་རྩོམ་པ་པ་པོ་ཁག་ཅིག་གི་སེམས་ལ་བོད་ཡིག་ལས་གསར་རྩོམ་བྱས་ན་མདུན་ལམ་མི་འདུག་སྙམ་ནས་རྒྱ་ཡིག་ལས་གསར་རྩོམ་བྱེད་པའི་འགྲོ་ལམ་འཚོལ་བཞིན་ཡོད་ཅིང༌། མ་གཞི་ང་ཚོས་རྒྱལ་ཡོངས་སུ་བསྐྱོད་དགོས་ནའང་ཐབས་ལམ་དེ་ཁོ་ན་ཡང་དག་ཅིག་རེད་ཅེས་བརྗོད་ག་ལ་ནུས།   བོད་རིགས་རྩོམ་རིག་གིས་ཨང་དང་པོར་བོད་རིགས་ཀློག་པ་པོའི་འདོད་བློ་སྐོང་བ་དང་ཁོ་ཚོར་ཞབས་འདེགས་ཞུ་མ་ཐུབ་ན་མིང་དེ་འདྲ་ཞིག་ཐོབ་པར་ངོ་གནོངས་དགོས། ཞེས་གསུངས་བ་ནི་ངོ་གནོངས་མི་དགོས་པའི་བོད་རིགས་རྩོམ་པ་པོ་ཞིག་གི་བསམ་བློ་ཡིན་ལ་ང་ཚོ་བོད་རིགས་རྩོམ་པ་པོ་རྣམས་ཀྱི་དམིགས་ཡུལ་གཙོ་བོ་ཡང་ཡིན། རྒྱ་གཞུང་ནས་ད་དུང་བསམ་བཞིན་བོད་མི་དམངས་ལ་སྐྱོན་མཚང་རེ་འབྱིན་ཨེ་ཐུབ་ལའང་འབད་ཀྱིན་ཡོད། དེ་ཡང་པཎ་ཆེན་རིན་པོ་ཆེའི་གསུང་བཤད་ལས།   དཔེར་ན། ཉེ་ཆར་མི་དམངས་རྩོམ་རིག་དུས་དེབ་ཐོག་མ་རུང་ཁོག་བཅུག་གིས་ང་ཚོ་བོད་རིགས་མི་དམངས་ཀྱི་གཟུགས་བརྙན་ལ་དམའ་འབེབས་བྱེད་པའི་རྩོམ་ཡིག་ཅིག་བཏོན་པ་རེད། དང་ཐོག་ནས་ཡོད་པའི་པ་སངས་དང་ཁོ་མོའི་སྤུན་མཆེད་ཅེས་པའི་གཟུགས་བརྙན་གྱི་རྩོམ་རིག་དེར་ན་ནིང་ང་ཚོའི་འཐུས་མི་ཚོགས་པས་བསམ་ འཆར་མང་བོ་བཏོན་ཡིན། ད་དུང་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་གདན་ཞུ་བྱས་ནས་བསམ་འཆར་དེ་དག་འབྲེལ་ཡོད་སྡེ་ཁག་སོ་སོར་ངེས་འབུལ་གནང་དགོས་ཞུས་པ་ཡིན། འོན་ཀྱང་ཐག་གཅོད་ཡག་པོ་བྱས་མེད་པས་མ་ཟད། དེ་ལས་ལྡོག་སྟེ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གཟུགས་བརྙན་འཁྲབ་གཞུང་བྱ་དགའ་ཨང་དང་པོ་སྤྲད་པ་རེད།     ཅེས་ཐུགས་ཕམ་གནང་ཡོད། འོན་ཀྱང་བཀྲ་ཤིས་ཟླ་བ་སོགས་ཁ་ཤས་ཀྱི་རྩོམ་རིག་ནང་བོད་ཀྱི་རྗེས་ལུས་སྐོར་དང་དེ་ཡང་ཚད་བརྒལ་གྱི་དམའ་འབེབས་བྱེ་ཀྱིན་ཡོད། དོན་འདི་བོད་མིའི་ཁེ་ཕན་ལ་མི་ཕན་པའི་ཐོག་རྒྱ་ནག་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡང་ཡིན། ཁོ་ཚོས་བོད་མི་དམངས་ལ་ཀླ་ཀློ་དང་མུན་ནག་ཅེས་དམའ་འབེབས་བྱེད་པ་དེའི་དཔེ་མཚོན་ལྟ་བུར་འགྱུར་གྱིན་ཡོད་པས་རྩོམ་མཁན་ལ་ཡང་བསྔགས་བརྗོད་དང་གཟེངས་རྟགས་འབུལ་གྱིན་ཡོད། མི་རིགས་ཀྱི་རྩོམ་པ་པོ་ཞིག་ལ་མཚོན་ན་བྱེད་ཐབས་འདི་ནི་ཧ་ཅང་ངོ་ཚ་དགོས་བ་ཞིག་མིན་ནམ། རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་རྩོམ་པ་པོའི་ཁྲོད་ནའང་བཀྲ་ཤིས་ཟླ་བ་ལྟ་བའི་རྗེས་སུ་འབྲེང་སྟེ་ཕྱི་རྒྱལ་སྐད་ཡིག་ཐོག་ནས་རྩོམ་ཡིག་སྤེལ་དགོས་འདོད་མཁན་ཡོང་གིན་ཡོད། འོན་ཀྱང་འདིར་དེ་འདྲ་བ་འགའ་རེ་བྱུང་ན་ཨང་བསམ་པ་མ་གཏོགས་དགག་བྱ་བྱ་འདོད་ཅི་ཡང་མེད་དེ། གཅིག་ནས་བོད་སྙུག་ཐོགས་མཁན་ཧ་ཅང་ཉུང༌། གཉིས་ནས་རྩོམ་རིག་ལ་བརྟེན་ནས་བོད་ཀྱི་དོན་དངོས་འཚོ་བ་མང་པོ་ཞིག་འཛམ་གླིང་མི་དམངས་ལ་སྙན་ཞུ་འབུལ་དགོས་པ་འདི་བོད་ནང་གི་རྩོམ་པ་པོ་རྣམས་ཀྱིས་གྲུབ་མི་ཐུབ་པའི་ང་ཚོ་ཁོ་ནའི་ལས་འགན་ཆེན་ཞིག་ཡིན། འཛམ་གླིང་གི་གྲགས་ཅན་རྩོམ་པ་པོ་རྣམས་ཀྱང་ཐོག་མར་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་བཀུར་སྟིས་བཀྱགས་ཏེ་འཛམ་གླིང་གི་རྩོམ་སྟེགས་སུ་བཞུགས་པ་ཞིག་ཡིན་པས་སྙན་གྲགས་ཀྱི་ཆེད་དུ་ཡིན་ན་ཡང་ཁྱོད་ཀྱིས་རེ་བ་དང་ཡིད་ཆེས་ཀྱིས་མུ་ མཐུད་བོད་མི་རིགས་ལ་རྩོམ་ཡིག་ཕྲིས་དང༌། གལ་ཏེ་རླབས་ཆེན་གྱི་བསང་བློ་དང་ངོ་མཚར་གྱི་རྩོམ་རྩལ་གྱི་རིན་ཐང་ཡོད་ན་ཁྱོད་ལའང་མ་འོངས་པའི་རྩོམ་རིག་གི་ནའོ་བེལ་གཟེངས་རྟགས་འཐོབ་ངེས། འདེའི་ཐད་ནས་ང་ཚོའི་གཞུང་ངམ་ཡང་ན་མི་སྒེར་གང་དག་གིས་ངེས་པར་བོད་ཀྱི་གསར་རྩོམ་རིགས་ཀྱང་དབྱིན་སྐད་དུ་ཕབ་སྒྱུར་བྱེད་ རྒྱུའི་ལས་དོན་དངོས་སུ་འགོ་འཛུགས་དགོས། དེ་ནི་རྩོམ་པ་པོ་རེ་གཉིས་ཀྱི་རིན་ཐང་མཐོར་འདེགས་བྱས་ཙམ་མིན་པར་མི་རིགས་ཤིག་གི་དེང་རབས་རྩོམ་རིག་གི་རིན་ཐང་རྒྱལ་སྤྱིའི་གར་སྟེགས་སུ་སླེབས་ཐུབ་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་ཡིན། ང་ཚོས་ནང་ཆོས་སྐོར་དབྱིན་ཡིག་ནང་དུ་བསྒྱུར་བ་མང་དྲགས་མེད་ན་ཉུང་མེད། ཡིན་ན་ཡང་རྩོམ་རིག་སྐོར་ཧ་ཅང་ཉུང་ལ་ཕལ་ཆེར་མེད་ཅེས་ཀྱང་བཤད་ཆོག

 

ང༌།   བདུད་རྩི་དུག་ཏུ་མཐོང་བའི་ཡི་དྭགས་འགའ།

 

ངས་འདིར་ནང་ཆོས་ཀྱི་སྐོར་ཅུང་ཟད་ཞུ་ན་འདོད། དེ་ཡང་རྩོམ་པ་པོ་ནི་མི་རིགས་གང་ཞིག་ལ་གཏོགས་པའི་མི་ཞིག་ཡིན་ལ་ཕལ་ཆེར་གྲུབ་མཐའ་གང་ཞིག་གི་བག་ཆགས་ངེས་ཅན་ཞིག་ཀྱང་ཡིན་པས།   རྩོམ་རིག་བརྩམས་ཆོས་སུ་ཡང་བསམ་བློ་དེ་རིགས་ངང་ངམ་ཤུགས་ཀྱིས་ཐོན་གྱིན་ཡོད། ལྷག་པར་རང་རེའི་མི་རིགས་ལ་མཚོན་ན་བརྒྱ་ཆའི་དགུ་བཅུ་ཡན་ནང་ཆོས་ལ་དད་མོས་བྱེད་མཁན་ཡིན་ལ། ནང་ཆོས་ནི་ཆོས་ལུགས་གཞན་དག་ལས་གཏིང་ཟབ་ལ་རྒྱ་ཆེ། དོན་དངོས་བདེན་པའི་ཚད་མཐོའི་ཚན་རིག་གི་རང་བཞིན་ཅན་ཞིག་ཡིན་པས་བོད་མི་རིགས་ཀྱི་རྩོམ་པ་པོ་ཞིག་མཚོན་ན་འཇིག་རྟེན་ཡང་དག་པའི་ལྟ་བ་གང་དག་དང་མི་རིགས་ཀྱི་ལྟ་བ་བཅས་ལྡན་དགོས་སྙམ། རྩོམ་པ་པོ་གང་ཞིག་རླབས་ཆེན་གྱི་བསམ་བློ་ཞིག་ཏུ་འགྱུར་བ་ལ། ངེས་པར་རླབས་ཆེན་གྱི་བསམ་བློ་བ་གང་དག་གི་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ་བསམ་བློ་གང་ཞིག་གི་ཁྲིད་སྟོན་འོག་ཏུ་ཞུགས་རྒྱུའམ་ཡང་ན་དེ་དག་ལས་ཚད་མཐོ་བའི་བསམ་བློ་གང་ཞིག་འཚོལ་སྙེགས་བྱེད་པ་གཉིས་ལས་མ་འདས། དེ་བས་ངས་བསམ་ཚུལ་ལ་ང་ཚོའི་རྩམ་པ་པོ་ཚོས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་འདིར་ངེས་ཤེས་ཡང་ དག་དགོས་སྙམ། འཇིག་རྟེན་འདིར་དུག་མང་བོ་ཞིག་ཡོད་ལ་དེ་རིགས་ཀྱིས་གཞན་སྲོག་པ་རྟག་ཏུ་མང༌། དེ་བཞིན་འཇིག་རྟེན་ན་ནད་པ་མང་པོ་ཞིག་ཡོད་ལ་དེ་དག་ལ་སྨན་མང་པོ་ཞིག་ཀྱང་ཡོད། འོན་ཀྱང་སྨན་དུག་གི་དབྱེ་འབྱེད་མི་ཤེས་པ་མང་ལ་ཐ་ན་རང་ཉིད་ལ་ན་ཚ་གང་ཞིག་ཡོད་པ་མི་ཤེས་མཁན་ཡང་མང༌།   དེ་འདྲའི་ནད་པ་རྣམས་ཀྱིས་སྨན་པ་མི་བསྟེན་ཞིང་སྨན་ཡང་མི་འཐུང༌། དེའི་རོ་ཡང་མྱངས་མྱོང་མེད། འོན་ཀྱང་ཁོ་ཚོས་སྨན་པ་ལ་བདུད་དང་སྨན་ལ་དུག་ཅེས་སྨོད། སྤྱོད་ཚུལ་འདི་ཡ་མཚན་མི་ཆེའམ། ངོ་མ་སྙིང་རྗེའི་ནད་པ་རེད་ཡ། གོང་གི་དཔེ་དེ་དག་གི་གོ་དོན་ཁྱོད་ཚོས་རྟོགས་ཐུབ། ངས་གནས་ལུགས་མང་བོ་བཤད་རྒྱུ་སྐབས་སུ་མ་བབས།

ང་ཚོའི་ཡབ་མེས་དམ་པ་རིམ་བྱོན་གྱིས་དཀའ་བ་བརྒྱ་ཕྲག་དུ་མ་སྤྱད་དེ་རྒྱ་གར་ འཕགས་པའི་ཡུལ་ནས་མིའི་རིགས་ཀྱི་ནང་སེམས་དྲི་མ་དག་བྱེད་དང་བྱམས་བརྩེའི་བློ་སྤོབས་ཀྱི་འོད་སྣང་མཆེད་བྱེད་ཀྱི་འཆི་མེད་བདུད་རྩི་འི་རྒྱུན་བཟང་ཞིག་བོད་མི་ རིགས་ཀྱི་བསམ་བློའི་གསོས་སུ་གདན་དྭངས་བ་ནི་སངས་རྒྱས་ཆོས་ལུགས་ཡིན། བདུད་རྩེ་འདི་ནི་བོད་མི་རིགས་ཀྱི་ཟུངས་ཁྲག་གི་དྭངས་མར་འདྲེས་བ་ཞིག་ཡིན་པས་འདི་མེད་ན་བླ་སྲོག་མེད་པའི་མི་ཞིག་ཆགས་ངེས་རེད།   མར་ལེའི་རིག་གནས་ཀྱིས་ད་བར་ཇི་འདྲའི་བཙན་འཛུལ་དྲག་པོ་ཞིག་མ་བཏང་ངམ།   དགོན་སྡེ་སྟོང་ཕྲག་དྲུག་ཙམ་རྩ་གཏོར་དང༌། དགེ་འདུན་པའི་མིང་ཙམ་མེད་པར་བཟོས་མོད། འོན་ཀྱང༌། ཆོས་དུང་ལྟ་བུའི་སེམས་ཁམས་འདི་ལ་དམར་མདོག་གིས་སླད་པར་མ་གྱུར་ལ་མ་ཟད་སླར་ཡང་དཔྱིད་ཀྱི་དཔལ་ཡོན་གྱི་ཟླ་བོར་མཚེད་ཅིང༌། ལྷག་པར་བསྟན་པ་འདི་ནི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བཞུགས་དུས་ལས་ཀྱང་འཕྲིན་ལས་དར་ཅིང་རྒྱས་བཞིན་པི་འདི་ནི་ཅིའི་ཕྱིར་ཡིན་ནམ། དེ་ནི་བདུད་རྩི་འདི་བསྟེན་མཁན་ནམ་མྱོང་མཁན་ཚོ་ལས་མི་ཤེས་ཡ། དེ་ཡང་ངས་སྔོན་བྱོན་དམ་པ་ཚོའི་གསུང་དྲངས་པས་ཁྱོད་ཀྱིས་ཡིད་ཆེས་མི་བྱེད་པ་ཐག་གིས་ཆོད། དེ་བས་ངས་ཚན་རིག་པ་དབྱིག་ཀྲི་པེའོ་ལགས་ཀྱིས<<སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་བའི་སྙན་ཞུ>>ཞེས་བ་ལས་ལུང་རེ་གཉིས་དྲངས་ན་མ་མཐའ་ཡང་ཐེ་ཚོམ་རེ་སྐྱེ་སྲིད་སྙམ། ཁོང་གིས་འདི་སྐད།   ངས་སྔོན་ཆད་སངས་རྒྱས་ཆོས་ལུགས་སྤྱིར་བཏང་གི་ཆོས་ལུགས་ཀྱི་རིགས་མཐའ་དག་ལ་འདྲ་མཉམ་གྱི་ལྟ་ཚུལ་ཞིག་བཟུང་བ་ལ་ད་ལྟ་བློ་འགྱོད་དྲག་པོ་སྐྱེས་བྱུང༌། དེའི་རྒྱུ་མཚན་ནི།སངས་རྒྱས་ཆོས་ལུགས་ནི་ང་ཚོས་སུ་ཡིན་ཡང་ཚོད་ལྟ་བྱེད་རུང་བ་དང་བྱེད་རྒྱུ་ཡོད་པ་ཞིག་རེད་ལ།   ཚོད་ལྟའི་འབྲས་བུ་རང་རང་ལ་མངོན་སུམ་ཏུ་འགྲུབ་པ་ཞིག་ཀྱང་ཡིན་འདུག མདོན་བསྡུ་ན། སངས་རྒྱས་ཆོས་ལུགས་ལས་གཞན་དག་ནི་དེ་དང་དེར་དད་མོས་ཙམ་གཙོ་བོར་བྱེད་ལ། འདིར་ནི་སངས་རྒྱས་ཤཱཀྱ་ཐུབ་པས། དགེ་སློང་དག་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་ཏུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་ངའི་སློབ་མ་རྣམས་ཀྱིས་ངས་བཤད་པའི་ཆོས་རྣམས་ལ་རྟོག་དཔྱོད་ཞིབ་མོ་བྱས་ཏེ་བདེན་པར་མཐོང་ན་དེ་ལྟར་ལག་ཏུ་ལོངས། ཁྱོད་ཚོས་ང་སྟོན་པ་ཡིན་པས་རྒྱུ་མཚན་གྱིས་བརློམས་ནས་མ་དཔྱད་པར་ཉམས་སུ་བླང་བར་བྱ་བ་མ་ཏིན་ཞེས་གསུངས་བ་ལྟར་གཙོ་བོ་ཞིབ་འཇུག་ཡང་དག་བྱས་ཏེ་བདེན་པ་བདེན་ཐོག་ཏུ་ངེད་རྒྱུ་ནི་གཙོ་བོར་བྱེད་པས་ན། ངས་ཚན་རིག་གི་ལྟ་བའི་མིང་གཞི་རེད་ཟེར་དོན་ཡང་དེ་ཡིན། ཞེས་དང༌། སངས་རྒྱུས་ཆོས་ལུགས་དང་ཚན་རིག་བར་གྱི་འབྲེལ་བ་དེ་ད་ལྟའི་བར་ཕྱོགས་མཚུངས་ཀྱི་ལྟ་བའི་གནད་དམ། སངས་རྒྱས་ཆོས་ལུགས་ཀྱིས་ཚན་རིག་ལ་བཀོད་འདོམས་བྱེད་ཐུབ་པའི་རྒྱུ་མཚན་མ་ངེས་བ་ རེད། སུ་ཞིག་གི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལ་ཟབ་ནན་གྱིས་ཇི་ལྟར་ལྟ་ཐུབ་ན་དེ་ཙམ་གྱིས་སྤྲོ་སེམས་ཇེ་ཆེར་འགྱུར་དང༌། ཚན་རིག་དང་མཐུན་པའི་ཤེས་བྱ་ཞིབ་མོ་མང་པོ་རྟོགས་ཐུབ་ངེས་ཡིན། དེའི་སྟབས་ཀྱིས་ངས་རྣམ་རིག་པའི་གཞུང༌། ཤེར་ཕྱིན་གྱི་སྐོར། བདུ་མ་རྣམ་བཤད་སོགས་ལ་ཡང་ཡང་བལྟས་བ་ཡིན། ངས་ཤེས་པའི་ཚན་རིག་གི་ཤེས་བྱ་ཕལ་མོ་ཆེ་ཚང་མ་སངས་རྒྱས་ཆོས་ལུགས་ཀྱི་ཟུར་མེན་ལྟ་བུ་གྱུར་པས། ཚན་རིག་ནི་སངས་རྒྱས་ཆོས་ལུགས་ཀྱི་བསྟན་སྲུང་ལྟ་བུ་འགྱུར་བ་རེད། དེས་ན་སངས་རྒྱས་ཆོས་ལུགས་ཀྱིས་ཚན་རིག་ལའང་སློབ་སྟོན་དང་དག་བཅོས་བྱེད་དགོས་པའི་ཕྱོགས་ཤིན་ཏུ་མང་ཞེས་དང༌།སངས་རྒྱས་ཆོས་ལུགས་ནི་ཚན་རིག་གྱི་ཤེས་བྱ་ཤེས་བྱེད་ཀྱི་གསུང་རབ་ཡིན་པར་མ་ཟད། སེམས་ཅན་ཐམས་ཅད་ཀྱི་རང་རང་གི་གནས་སྐབས་དང་མཐར་ཐུག་གི་དོན་ཡོངས་སུ་འགྲུབ་བྱེད་ཕ་མཐར་ཕྱིན་པ་ཞིག་ཀྱང་ཡིན། དེའི་ཕྱིར་སངས་རྒྱས་ཆོས་ལུགས་ནི་མིང་དོན་མཐུན་པའི་ཚན་རིག་ཅིག་རེད་ཅེས་བཤད་ཆོག ཅེས་དང་། དཔའ་བོར་འགྲོ་བའི་མདོ་ལ་འཇལ་ནས་བཟུང༌། ཚེ་འདིར་དོན་མེད་དཔེ་དེབ་ཀློག་དགོས་མེད། ཅེས་གསུངས་བ་དོན་ལ་གནས་བར་སེམས་སོ། ཞེས་པའི་སྡོམ་ཚིག་གི་ཟེགས་མ་འདིས་ཁྱོད་ཀྱི་རྨོངས་གཉིད་ལ་ཤ་འདར་ཅིག་རྒྱག་ཐུབ་པའི་རེ་བ་ཡོད།

བདུད་ཅིག་གི་སངས་རྒྱས་ལ་ཁྱོད་ཀྱིས་དུག་འཐུང་ན་འཆི་གི་རེད། ཅེས་བཤད་པའི་ཧ་ཅང་དགོད་བྲོ་བའི་གཏམ་གསར་ཞིག་ཡོད། ཁྱོད་ཀྱིས་གོ་མྱོང་ངམ། དེ་ཡང་རྒྱལ་བ་རིན་པོ་ཆེ་རྒྱ་ནག་ཏུ་གདན་དྲངས་སྐབས་དེར། མའོ་ཙེ་ཏུང་གིས་ཁོང་ལ། ཆོས་ནི་དུག་རེད། དེ་ལ་སྐྱོན་ཆེན་པོ་གཉིས་ཡོད། ཡུལ་གྱི་ཡར་རྒྱས་ལ་བཀག་འགོག་བྱེད་ཀྱི་རེད། བོད་དང་སོག་པོ་གཉིས་ཀར་ཆོས་ཀྱི་དུག་དང་འབྱམས་པ་རེད་ཅེས་བརྗོད་འདུག དེ་མ་ཐག་རྒྱལ་བ་རིན་པོ་ཆེའི་ཐུགས་ལ། ཁོ་ནི་ང་ཚོའི་ཆོས་ཀྱི་དགྲ་ལས་སྨོན་ཤུགས་ཅན་ཐབས་སྡུག་ཅིག་ཡིན་པ་མཁྱེན་པ་རེད། མའོ་ཡི་སྐད་ཆ་དེ་ལ་ད་ལྟའི་བར་མི་མང་ཞིག་གིས་བདེན་ལུགས་ཆེ་བསམས་ཡོད། འོན་ཀྱང་དེ་ནི་ལོག་ཤེས་ཡིན། ཆོས་ནི་འཇིག་རྟེན་སྐྱོང་ཚུལ་གྱི་ཐབས་ཚུལ་ལེགས་ཤོས་ཤིག་ཡིན་ལ། འཇིག་རྟེན་ལས་ཐར་བྱེད་ཀྱི་ལམ་གཞན་ཞིག་ཀྱང་ཡིན། དེ་ནི་ང་ཚོ་ཁྱིམ་པ་རྣམས་ལ་མཁོ་བའི་ཆོས་བྱེད་རྒྱུ་ཡོད་ལ། རབ་ཏུ་བྱུང་བ་རྣམས་ཀྱིས་ཉམས་སུ་ལེན་རྒྱུའི་ཆོས་ཀྱང་ཡོད་པ་ཡིན། གནས་ལུགས་འདི་ཚོ་བདུད་རྩི་དུག་དུ་ལྟ་མཁན་རྣམས་ཀྱིས་ག་ལ་ཤེས།   རྨོངས་དད་བྱེད་མཁན་ཚོའི་མིག་ཀྱང་རབ་རིབ་ཡིན།

རྩོམ་པ་པོ་ལགས། ཁྱོད་ལ་ཆོས་ཀྱི་གོ་རྟོགས་ག་ཚོད་ཡོད། ཁྱོད་ཀྱིས་རྟོག་གེ་བ་དང་ལུང་བསྟན་མཁན་ཚོར་མིག་བཙུམ་ནས་དམོད་མི་ཉན་ཡ། ཁ་ཅིག་གིས། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་དགེ་འདུན་ཆོས་འཕེལ་སོགས་ནང་ཆོས་ཀྱི་མཚང་རིག་པའི་དཔའ་བོ་ཡིན་རབས་ཟེར། ཁྱོད་ཀྱིས་རྣམས་པ་ཚོར་དེ་ལས་ཐུབ་པའི་དམའ་འབེབས་ཤིག་བྱེད་སྲོལ་ག་ལ་ཡོད། ཁོང་ཚོ་ནི་ཆོས་བ་རྣམ་དག་ཞིག་ཡིན། ལ་ལས་དོན་གྲུབ་རྒྱལ་ནི་ཆོས་ལུགས་དང་ཆོས་ལུགས་མི་སྣར་གདོང་འཐབ་བྱེད་མཁན་གྱི་དཔའ་བོ་གསར་བ་ཞིག་ཡིན་ཟེར། ཁྱོད་བདེན་ན་ཐང༌། ང་ཁོ་ལ་རྒྱུས་མེད། འོན་ཀྱང་སྤྲུལ་སྐུ་ནི་ཁོང་གི་རྗེས་འབྲངས་ཡིན་ཟེར་མཁན་རིགས་ཀྱིས་ཆོས་ལུགས་མི་སྣར་ཟུར་ཟ་བྱེད་པ་དང་རྩ་བ་ནས་མི་འདྲ། དོན་གྲུབ་རྒྱལ་གྱི་སྤྲུལ་སྐུ་རྫུན་མ་སྟེ་མི་ཆོས་བླ་མའི་རྫུན་སྨྲ་མཁན་རིགས་ལ་སུན་འབྱིན་བྱས་པ་དང༌།   གཞན་དག་གིས་ཆོས་དང་ཆོས་བྱེད་པ་གཉིས་ཀར་མར་ལེའི་ལྟ་བས་དགག་པ་རྒྱག་གི་ཡོད་པའི་དེ་གཉིས་ངོ་བོ་མི་འདྲ་བས།   གཅིག་ནི་དམངས་ཀྱི་ཁེ་ཕན་སྒྲུབ་པའི་གྲོགས་སུ་འགྱུར་བ་དང་གཅིག་ཤོས་ནི་དེའི་ལྡོག་ཕྱོགས་སུ་འགྱུར་བཞིན་པ་ཞིག་རེད། དེ་ཡང་དོན་གྲུབ་རྒྱལ་གྱིས་ཆོས་ཀྱི་གནས་ལུགས་ཕྱོགས་ཙམ་ཤེས་པ་དང་གཞན་དག་ཚོས་མ་ཎི་འདོན་པ་ཙམ་ལས་ཅི་ ཡང་ཅི་ཡང་མ་གོ་ཡིན་སྙམ། ཚན་རིག་པའི་རྗེས་སུ་འབྲངས་འདོད་ན་ཐོག་མར་བརྟག་དཔྱད་བྱས་ནས་དེ་ནས་བདེན་རྫུན་དགག་སྒྱུབ་བྱེད་དགོས་མོད། ཆོས་དང་མར་ལེའི་གཞུང་གཉིས་ཀར་རྨོངས་པའི་ཅོལ་ཆུང་ཚོ་དོན་མེད་པར་ཅ་ཅོ་ཁོ་ན་སྒྲོག་རྒྱུར་དགའ་བ་ནི་ ཁྱི་རྒན་ཀུ་ཅོ་འདོན་པ་ན།། གཞན་དག་རྒྱུ་མཚན་མེད་པར་རྒྱུག། པའི་ངང་ཚུལ་ཁོ་ནའོ།།

འོན་ཀྱང་ཁོ་ཚོས་ཁོ་རང་ཚོའི་མདུན་ལམ་ལ་སྐྱོན་མ་ཡོང་ན། བསྟན་པ་དང་བསྟན་འཛིན་པ་ཚོར་ཅི་ཡང་གནོད། མུ་སྟེགས་པ་དག་གིས་གནོད་མ་ནུས་པ་ཞིག་ལ་ལྐུགས་པ་དག་གིས་ཅི་ཞིག་གནོད། བན་དེ་སྐྱ་མིན་སེར་མིན།། སངས་རྒྱས་བསྟན་པའི་དགྲ་བོ།། གསུངས་བ་བཞིན་བསྟན་པའི་དགྲ་དངོས་ནི་ཆོས་འབག་གོན་མཁན་ཚོ་ཡིན་པས།སྔོན་བྱོན་དམ་པ་མང་བོས་ཀྱང་དེ་དག་ལ་སྐྱོན་བརྗོད་དང་དགག་པ་མང་བོ་གནང་ཡོད་པ་བཞིན་ང་ཚོས་ཀྱང<སྤྲུལ་སྐུ>ལྟ་བུ་ནི་ངེས་པ་ཏུ་འབྲི་དགོས་བ་ཡིན། ང་ཚོ་དང་ཆོས་དང་གང་ཟག་སོ་སོར་དབྱེ་དགོས་པ་ཡིན། ཆོས་དང་ཆོས་མིན། ཆོས་བ་དང་ཆོས་རྫུ་བ་ཡང་ངེས་པར་དབྱེ་འབྱེད་ཐུབ་དགོས་གལ་ཆེའོ།།

ཆོས་སྲིད་ཟུང་འབྲེལ་ནི་ང་ཚོའི་མེས་རྒྱལ་གྱི་ལམ་ལུགས་ཤིག་ཡིན། ཁྱོད་ཀྱིས་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་ཅིག་བྱོས་དང༌། ལམ་ལུགས་འདིར་དགེ་སྐྱོན་གང་ཞིག་ཆེའམ།   མ་གཞི་ནས་སྐྱོན་ཆ་མེད་པའི་ལམ་ལུགས་ཤིག་འཇིག་རྟེན་འདིར་ཡོང་ཐབས་མེད།   དེ་ནི་སྐྱོན་ཆ་བཟོ་མཁན་ནམ་ཡང་ཡོད་པས་རེད།   འོན་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པ་རེད། འདི་འདི་ལྟར་ཡུན་རིང་དུ་གནས་ཐུབ་པ་དགེ་མཚན་ཆེན་པོ་ཞིག་མེད་པ་ཅི་ལ་སྲིད། ང་ཚོ་ད་དུང་ཡང་ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོའི་ལམ་ལུགས་གསར་བ་ཞིག་ཏུ་བསྐྱོད་དགོས་བ་ཡིན་ལ། བཙན་བྱོལ་གཞུང་འདིར་དེའི་མིང་གཞི་གང་འཚམས་བཏིང་ཡོད། འདིའི་དགེ་མཚན་དང་གནས་ལུགས་ཚང་མ་ཁྱོད་ཀྱིས་བསམ་གཞིགས་ཐུབ་དགོས། ངས་ཁྱོད་ལ་ཁྱོད་རང་གི་བློ་སྒོ་འབྱེད་དགོས་བའི་སྒོ་མོ་རྡུང་བ་ཙམ་ཡིན་ནོ།།

 

མཇུག་གི་གཏམ།

 

གོང་དུ་བདག་གིས་དེང་རབས་རྩོམ་པ་པོ་ཕལ་མོ་ཆེའི་འདུ་ཤེས་འཛིན་སྟངས་ཐད་ཀྱི་

སྐྱོན་ཆ་ཚབས་ཆེན་འགའ་ཟུར་ཙམ་རེ་བསྟན་པའི་ཁུལ་ཡིན། མཇུག་ཏུ་ངས་རྩོམ་པ་པོ་རྣམས་པས་གཙོས་རིག་རྩལ་ཡོད་ཚད་ལ་གནས་སྐབས་ཀྱི་རེ་སྐུལ་ཞིག་བྱེད་རྒྱུ་ནི། ང་ཚོས་ཆབ་སྲིད་སློབ་སྦྱོང་བྱེད་དགོས་ལ་ང་ཚོས་སྲིད་དོན་མང་བོ་ཞིག་ཀྱང་སྒྲུབ་དགོས་ཟེར་རྒྱུ་འདི་ཡིན། དེང་སང་རྩོམ་པ་པོ་ལ་ལས་རྩོམ་རིག་ནི་ཆབ་སྲིད་ཀྱི་ལག་ཆ་ཞིག་མིན་པ་དང༌། རྩོམ་པ་པོ་ནི་ཆབ་སྲིད་ཀྱི་འཐབ་མོ་བ་ཞིག་མིན་པར་འདོད་ཅིང་དེ་ལྟར་བཤད་མཁན་ཡང་ཡོད། ལྟ་ཚུལ་འདི་ལ་ཁོ་བོའང་ཧ་ཅང་དགའ། མ་གཞི་ཁྱེད་ཅག་ཚང་མ་ད་བར་དུ་དམར་པོའི་སྲིད་ཇུས་ཀྱི་གཞན་དབང་བཙོན་དོང་དུ་རིག་རྩལ་འཁྲབ་སྟོན་ བྱེད་མཁན་འབའ་ཞིག་ཏུ་གྱུར་བས་རིག་རྩལ་གྱི་རང་དབང་གི་ཉི་མ་ཞིག་ཤར་མ་མྱོང་མེད་ཟེར་ན་མི་ཆོག་ཅི།   ཡིན་ནའང་ངས་མི་འདོད་བཞིན་དུ་ད་དུང་ཡང་ཁྱེད་ཅག་སྲིད་དོན་གྱི་རྫོབ་དོང་ནང་དུ་སྐྱོད་དགོས་ཟེར་དོན་ཅི་ཡིན། ང་ཚོའི་རང་ཉིད་ཀྱི་རང་དབང་དང་མི་རིགས་ཀྱི་རང་དབང་དེའི་ཕྱིར་ཇི་ལྟར་འབད་བརྩོན་བྱེད་དགོས་སམ། གཡོ་སྒྱུ་ཁྲམ་གསུམ་གྱི་སྤྱི་ཚོགས་ཁོར་ཡུག་གུ་དོག་ཅིག་ནས་དྲང་བདེན་གུ་ཡངས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་ཏུ་མ་སླེབས་པར་རྩོམ་རིག་གི་རང་དབང་ཅི་འདོད་དུ་ལོངས་སྤྱོད་ཐུབ་པ་ཞིག་ཏུ་ནམ་ཡང་འགྱུར་ཐབས་མེད། དེས་ན་རྩོམ་པ་པོ་རྣམས་ཀྱང་དོ་ལ་ཆབ་སྲིད་ཀྱི་ལས་འགན་སྒྲུབ་པའི་རིག་རྩལ་ཞིག་ཆགས་ཡོད། ཁྱོད་ཚོས་སོམས་དང༌། མའོ་ཙེ་དུང་གིས། ཞི་བ་རིག་གནས་ཀྱི་འཐབ་ཕྱོགས་དང་དྲག་པོ་དམག་དོན་གྱི་འཐབ་ཕྱོགས་གཉིས་དགོས་ཞེས་བཤད་པ་དེའི་དགོས་དམིགས་ཅི་ཡིན། དམག་འཁྲུག་གི་རྒྱལ་ཁ་ཐོབ་ནའང་ད་དུང་མུ་མཐུད་དེ་ཞི་བའི་འཐབ་རྩོད་དེ་རྒྱུན་འཁྱོངས་བྱེད་དགོས་ཅི་ཡིན།   དེ་ནི་བཅིངས་འགྲོལ་དང་བཙན་འཛུལ། དབང་སྒྱུར་སོགས་ཀྱི་དགོས་མཁོ་ཞིག་མི་ཡིན་ནམ། ང་ཚོ་སྤུར་རྒྱལ་བོད་ལ་མཚོན་ནའང་ཞི་དྲག་གཉིས་ནས་བཙན་འཛུལ་དང་དབང་སྒྱུར་བྱས་དང་བྱེད་བཞིན་པལཡིན་ལ། ང་ཚོས་ཀྱང་དུས་དེ་ནས་བཟུང་ད་བར་དུ་དེ་ལ་ངོ་རྒོལ་དང་འཐབ་རྩོད་བྱས་དང་བྱེད་བཞིན་པ་ ཡིན། ཡིན་ནའང༌། ང་ཚོ་ལ་དྲག་པོའི་དམག་དཔོན་མེད་པས་གདོང་འཐབ་ཀྱི་དོ་ཟླ་བྲལ་སོང༌། ཞི་བའི་ཁ་གཏད་གཅོག་པར་དྲང་བདེན་གྱི་སྟོབས་ཤུགས་བླ་ན་མེད་པ་ཡོད། འོན་ཀྱང༌། ང་ཚོས་བདེན་པའི་སྟོབས་དེ་དག་རིག་རྩལ་གྱི་ལམ་ནས་དྲིལ་སྒྲགས་བྱས་པའི་ནུས་པ་ཧ་ཅང་ཞན། ཕྱོགས་གཅིག་ནས་བཤད་ན་ང་ཚོའི་ཞི་བའི་འཐབ་ཕྱོགས་འདི་ཆ་ཚང་ཞིག་མིན་ལ། གཅིག་གྱུར་གྱི་ནུས་བ་ཀུན་ལྡན་ཞིག་ཀྱང་ཆགས་ཐུབ་མེད།   དེ་བས་ང་ཚོ་མའོ་ཙེ་ཏུང་གི་ཐབས་ཇུས་མཁས་བོ་དེ་ལ་མིག་དཔེ་ཞིག་ལྟ་དགོས་སྙམ་བྱུང༌།   ཁོ་པས་སྐབས་དེར་རིག་རྩལ་གྱི་ལས་ཀ་བྱེད་མཁན་རྣམས་ལ་ལངས་ཕྱོགས་ཀྱི་གནད་དོན། སྤྱོད་ཚུལ་གྱི་གནད་དོན། ལས་ཀ་བྱ་ཡུལ་གྱི་གནད་དོན། ལས་ཀའི་གནད་དོན། སློབ་སྦྱོང་གི་གནད་དོན་བཅས་ཀྱི་ཐད་ནས་ལམ་སྟོན་བྱས་བ་བཞིན་ང་ཚོས་ཀྱང་ཐབས་ཤེས་དེ་སྤྱད་དེ་ཞི་བའི་འཐབ་རྩོད་བྱེད་དགོས།

ང་ཚོའི་རིག་རྩལ་པ་རྣམས་ཀྱི་ལངས་ཕྱོགས་ནི་ངེས་མེད་སྣ་ཚོགས་ཤིག་ཡིན། གལ་ཏེ་ལངས་ཕྱོགས་གཅིག་འགྱུར་ཅིག་མེད་ན་སྤྱི་ཚོགས་ལ་ནུས་ཤུགས་ཆེན་པོ་འདོན་མི་ཐུབ། དེ་བས་ང་ཚོ་ནི་རྒྱལ་དབང་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་ཆོས་སྲིད་ཆོས་སྲིད་ ཟུང་མང་གཙོའི་གཞུང་དང་རྒྱ་ཆེ་བའི་བོད་མི་དམངས་ཀྱི་ལྟ་བའི་ཕྱོགས་སུ་ལངས་དགོས་པ་ནི་རྩ་བའི་གནད་དོན་ཡིན། དེ་བཞིན་ལངས་ཕྱོགས་དེ་མཐུན་པའི་རིག་རྩལ་སྤྱོད་ཚུལ་ཞིག་ཀྱང་དགོས།

གཅིག་ནས་ང་ཚོའི་གདོང་ན་གཡོ་སྒྱུ་ཁྲམ་གསུམ་གྱི་དགྲ་བོ་སྟོབས་ཆེན་ཞིག་ཡོད་པས་ང་ཚོའི་མི་རབས་འདི་གཉིད་མ་སད་ཀྱི་ངང་ན་དགྲ་ བོ་འདིའི་གཡོ་འོག་ཏུ་འཆི་བཞིན་ཡོད། དེ་བས་ང་ཚོས་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཇི་ལྟར་བཙན་བཟུང་དབང་སྒྱུར་བྱས་ཚུལ། བོད་མི་རིགས་དམར་གསོད་བཏང་ཚུལ་སོགས་འདས་པའི་ལོ་རྒྱུས་དང༌། ཁ་སང་དེ་རིང་གི་ཆོས་བྱེད་རང་མོས་དང་དབུལ་བཅོས་ཕྱུག་སྒྱུར་སོགས་ཀྱི་ཁ་ཡག་དང་དོན་དངོས་སྲིད་ཇུས་ཀྱི་སྐྱོན་མཚང་མཐའ་དག མདོར་ན་དངོས་ཤུགས་བརྒྱུད་གསུམ་ནས་བོད་མི་རིགས་རིག་གཞུང་ཁོར་ཡུག་དང་ བཅས་པ་རྩ་མེད་གཏོང་བའི་ཕྱོགས་ཀྱི་གདུག་རྩུབ་དང་གཡོ་སྒྱུ། གཞན་ཡང་དམར་པོའི་ལྟ་བ་ཕམ་ཉེས་འགྲོ་བཞིན་པའི་སྐྱོན་མཚང་སོགས་ལ་ཐེར་འདོན་བྱས་ཏེ་གཉིད་མ་ཟད་པ་རྣམས་སད་དུ་འཇུག་དགོས་ལ།   སད་པ་རྣམས་ལ་སྟོབས་ཤུགས་སྦྱིན་དགོས།

གཉིས་ནས་ང་ཚོར་ཕྱི་ན་གདུང་སེམས་མཉམ་སྐྱེད་ཀྱི་རྒྱལ་ཁབ་བམ་མི་རིགས། ཚོགས་སྡེ་སོགས་མང་དུ་འགྲོ་བཞིན་པས་བདེན་པའི་ལོ་རྒྱུས་དང༌། ང་ཚོའི་སྐྱིད་སྡུག་གི་འཚོ་བའི་གནས་བབ་ངོ་མ་འཛམ་གླིང་མི་དམངས་ལ་ཞུས་ཏེ་ང་ཚོར་རྒྱབ་སྐྱོར་གྱི་དཔུང་སྡེ་གང་ མང་མང་འཚོལ་དགོས།

གསུམ་ནས་གཞུང་འབྲེལ་མ་ཡིན་པར་མི་རིགས་དང་རྒྱལ་ཁབ་ཀྱི་དོན་ཆེན་ལ་གང་འདོད་གྲོས་ཆོད་འཇོག་པའི་རྒྱལ་འཚོང་བ་དང༌། ཆོས་ལུགས་དད་མོས་རང་དབང་ལ་ཁ་གཡར་ནས་ལོག་སྤྱོད་ཀྱི་བྱ་ངན་སྒྲུབ་པའི་དོལ་རྒྱལ་ཚོགས་པ་ངོ་རྒོལ་སྐྱོན་བརྗོད་དང༌། བོད་མི་རིགས་ཀྱི་ལས་སྐལ་ལ་འགན་མི་འཁུར་བའམ་འགོག་རྐྱེན་བཟོ་བ་སོགས་ལའང་སྐྱོན་བརྗོད་བྱེད་དགོས།

བཞི་ནས་ང་ཚོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་བོད་མི་རིགས་ཀྱི་ཞུམ་པ་མེད་པའི་སྤོབས་པ་དང་དཔའ་མཛངས་དང༌། འཛམ་གླིང་གི་ཡར་ཐོན་འཕོ་འགྱུར་དང་དམངས་གཙོའི་ལམ་ལུགས་ཀྱི་དགེ་མཚན་སོགས་ལ་དོན་མཐུན་གྱི་བསྔགས་བརྗོད་བྱེད་དགོས། གལ་ཏེ་བསམ་བློའི་ཆ་ནས་ལངས་ཕྱོགས་ཡང་དག་པ་ཡིན་ཡང་རང་གི་རིག་རྩལ་བེད་སྤྱོད་ཀྱི་ཆ་ནས་ནུས་བ་མ་གཏོན་ན་ཕན་ནུས་མེད་པས་སྤྱོད་ཚུལ་གྱི་ཆ་ ནས་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་ནུས་པ་འདོན་རྒྱུ་ནི་ཧ་ཅང་གལ་ཆེ། དེ་ཡང་རང་དབང་ཡོད་པ་ཚོ་མཚོན་ན་མངོན་གསུམ་དུ་ནུས་པ་འདོན་དགོས་བ་ལས་གསང་ཡིབ་ལྟ་བུ་བྱེད་དགོས་དོན་མེད།

དེ་ནས་ང་ཚོས་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱ་ཡུལ་ནི་གཙོ་བོ་བོད་མི་མང་ཡིན་པ་སྨྲ་མི་དགོས་ཀྱང༌། དེ་མིན་གལ་ཆེ་ས་གཞན་ཞིག་ནི་ཐེ་ཝན་དང་ཤང་ཀང་རྒྱ་རིགས་བརྒྱུད་རྒྱ་ནག་སྐམ་ས་ཆེན་པོའི་མི་དམངས་ཁྲོད་དུའང་བོད་ཀྱི་གནའ་དེང་གི་ལོ་རྒྱུས་ གནས་ཚུལ་ངེས་པར་གསལ་རྟོགས་ཐུབ་པ་བྱ་རྒྱུ་གལ་ཆེ། གཞན་ཡང་རྒྱ་གར་མི་དམངས་དང་དེ་བཞིན་འཛམ་གླིང་མི་རིགས་ཚང་མའི་རྣ་བར་བོད་ཅེས་པ་ངེས་པར་འཇགས་པ་ཞིག་བྱེད་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རིག་རྩལ་པ་ཚང་ས་རང་འགན་རླབས་ཆེན་ཞིག་དུ་བརྩི་དགོས། དཔེར་ན། མི་ལ་རས་པ་ཐེབས་རྩ་ཚོགས་པས་བོད་དོན་རོལ་དབྱངས་ལས་འགུལ་སྤེལ་བཞིན་པ་དེ་དང་དེ་ལྟ་བ་དག་གིས་འཛམ་གླིང་མི་དམངས་ལ་བག་ཆགས་འཇོག་ཐུབ་པའི་རེ་བ་ཆེ། མདོར་ན་ང་ཚོའི་ལས་ཀ་བྱ་ཡུལ་ནི་ཇི་ཙམ་གྱི་རྒྱ་ཆེ་ན་ང་ཚོར་དེ་ཙམ་གྱིས་རོགས་ཕན་ནུས་པ་ཆེ་བ་ཡོང་ངེས།

གཞན་ལས་ཀ་བྱེད་སྟངས་ཀྱི་ཆ་ནས་གནད་དོན་ཁ་ཤས་ཡོང་གིན་ཡོད། རྒྱ་ནག་དམར་པོའི་སྲིད་ཇུས་ཀྱིས་རྨོངས་བ་རྣམས་ཀྱི་ལས་ཀ་བྱེད་སྟངས་ལ་ནོར་སྐྱོན་ཚབ་ཆེན་ཡོད་པ་བཤད་མི་དགོས། འོན་ཀྱང་དེ་ནི་ཁོ་ཚོ་རིམ་པས་གཉིད་ལས་སད་དུ་འཇུག་རྒྱུ་ཙམ་ལས་ཐབས་ཤེས་གཞན་མེད། རིག་རྩལ་གྱི་རང་དབང་ཆ་ཚང་ཡོད་མཁན་དང་བསམ་བློའི་ལངས་ཕྱོགས་ལ་ནོར་འཁྲུལ་མེད་པའི་ནང་ན་ཡང་ལས་ཀ་བྱེད་སྟངས་ཆ་ན་སྐྱོན་ཡོད་མཁན་ ཡོད། དེ་དག་མང་ཆེ་བ་མཐོང་རྒྱ་ཐོས་རྒྱ་ཆུང་ལ་ལས་ཀའི་ཉམས་མྱོང་ཞན་པའི་མི་རྣམས་ཡིན། དཔེར་ན། བོད་ནང་དུ་འགྲོ་སྐྱོད་མ་མྱོང་བ་རྣམས་ཀྱིས་བོད་ཀྱི་གནས་ཚུལ་ལ་བརྟག་ཞིབ་ནན་མོ་མ་བྱས་པར་རྒྱུས་མེད་རྒྱུས་གཏམ་ཐལ་འཆོར་བ་དང༌། བོད་ནས་གསར་དུ་ཐོན་པའི་སྤུན་ཟླ་ལ་ལས་སྤྱི་ཚོགས་འཁོར་ཡུག་མི་འདྲ་བའི་ཁྲོད་དུ་ཞུགས་པར་བརྟེན་རང་གི་འདོད་པ་ཇི་བཞིན་མ་ཁེངས་བ་སོགས་དོན་མེད་ཀྱི་སྨེ་ངག་ཆེན་པོ་ འདོན་པའི་སྙན་ཚིག་འབྲི་བ དང༌།   མཐོ་རིམ་མི་སྣ་རེ་གཉིས་ཀྱི་བྱེད་སྟངས་མ་འགྲིག་པ་རེ་མཐོང་ན་བཙན་བྱོལ་བོད་གཞུང་ལ་ཟུར་ཟ་བྱེད་པའམ་གོང་ས་མཆོག་ཡར་ལ་བཀྱགས་ཏེ་ཁོང་གི་གཞུང་མར་ལ་གནོན་པ་ལྟ་བའི་འདུ་ཤེས་འཛིན་སོགས་དང༌། ཡང་ལ་ལས་རང་གི་སྙིང་ནད་སངས་ཕྱིར་དགྲ་ཕྱོགས་ཀྱི་གནས་ཚུལ་སྒྲོ་འདོགས་ཀྱིས་སྐྱོན་བརྗོད་བྱེད་པ། ཁ་ཅིག་གིས་རང་ཉིད་ལ་ཁེ་ཕན་གང་ཞིག་རག་ཕྱིར་རང་གིས་བོད་ནང་ཆབ་སྲིད་དམ་བོད་མི་དམངས་ལ་ཕན་པའི་ལས་ཀ་གང་མང་བྱས་ཚུལ་དང་རང་ཉིད་ བཙོན་ཁང་དུ་བསྡད་ཚུལ་དང༌། བཙོན་ལས་འདྲ་མིན་བཏང་ཚུལ་སོགས་ཧམ་པ་ཚ་བོའི་བཤད་མཁན་ཡང་མེད་པ་མིན། ཕྱི་རྒྱལ་གྱི་མི་ལ་བཤད་པ་དང་གསར་ཤོག་ཏུ་བཏོན་པ། དཔེ་དེབ་ནང་བྲིས་བ་སོགས་བྱས་ན། གལ་ཏེ་ནམ་ཞིག་གནས་ཚུལ་དེ་རིགས་ཀྱི་རྫུན་རྐུབ་བརྟོལ་དུས་ང་ཚོའི་དྲང་བདེན་ལ་རྒྱལ་སྐྱོར་བྱེད་མཁན་ཚོ་ཡིད་མི་ཆེས་བ་ དང་ང་ཚོ་ངོ་ཚ་དགོས་ཞིག་ཡིན།  དེ་བཞིན་གསར་འགོད་པ་ཚོར་མཚོན་ནའང་གནས་ཚུལ་གང་བྱུང་ཚང་མར་ངེས་པར་ཁྲིམས་མཐུན་གྱི་ཁུངས་སྐྱེལ་ཡོད་པ་འགོད་ དགོས་པ་ལས་ཁུངས་མེད་གཏམ་འཆལ་སོགས་འགོད་ཐལ་འབྱུང་བར་གཟབ་དགོས། གལ་ཏེ་ཁུངས་ལྡན་གྱི་གནས་ཚུལ་ཞིག་ཡིན་ཡང་ང་ཚོའི་སྲིད་དོན་གྱི་དགོས་མཁོ་དང་འཚམས་མིན་ལའང་བསམ་གཞིགས་གཏོང་དགོས། ལྷག་པར་ལོ་རྒྱུས་དཔྱད་ཞིབ་པ་ཚོར་མཚོན་ན་ངེས་པར་ཏུ་དཔྱད་གཞིའི་ཡིག་ཆ་སོགས་ཁུངས་བཙན་དང༌། ལུང་འདྲེན་ཇི་མ་ཇི་བཞིན་བྱེད་དགོས་པ་ལས་འདཕར་ལེན་དང་བཟོ་བཅོས་རིགས་བྱེད་པ་ནི་ཐབས་ མཁས་ཤིག་གཏན་ནས་མིན། དཔེར་ན་ཞྭ་སྒབ་པའི་སྲིད་དོན་རྒཡལ་རབས་ནང་དུ་སྐྱོན་ཆ་འདི་རིགས་མི་ཉུང་བ་ཞིག་ཐོན་ཡོད། ཁོང་གི་སྐབས་དེར་དགོས་དབང་ཞིག་གིས་དེ་འདྲ་གནང་དེས་ང་ཚོའི་ཁ་གཏད་རྒྱ་ནག་གི་གཡོ་སྒྱུའི་ཐབས་ཚུལ་ལ་དེ་བཞིན་ཁ་གཏད་བྱས་བ་ཞིག་ཡིན་མོད། དེ་ནི་མིག་དཔེ་བལྟ་ཚུལ་ནོར་འཁྲུལ་ཞིག་རེད།   ལོ་རྒྱུས་ནི་ནམ་ཡང་བདེན་པ་མིན་པས་སུས་ཀྱང་བསྒྱུར་ཐབས་མེད། ནམ་ཞིག་དེ་རང་གི་མཚང་དུ་འགྱུར། མ་གཞི་སྲིད་དོན་གྱི་བྱ་བའི་ནང་ན་ནམ་ཡང་ནག་པོ་མ་འདྲེས་བ་ཞིག་མེད་པས་དེ་དང་དེ་འདྲ་བ་ནི་རྒྱ་ནག་དམར་གཞུང་གིས་མཚོན་པའི་རྒྱལ་ཁབ་ཚང་མར་མེད་པ་ཞིག་མིན་ང་ཚོ་ཁ་སྐྱེངས་དགོས་དོན་དེ་ཙམ་མེད། འོན་ཀྱང༌། ང་ཚོའི་དབུ་འཁྲིད་སྐྱེས་བུ་གང་འདྲ་ཞིག་ཡིན་པ་དང་ཁོང་གི་ང་ཚོར་ལམ་སྟོན་གང་འདྲ་ཞིག་གནང་གིན་ཡོད་པ། ང་ཚོ་ཁོང་གི་ངོ་གནོང་མི་དགོས་པའི་རྗེས་འབྲང་བ་བཟང་བོ་ཞིག་བྱེད་མཁན་ཡིན་པས་ཆ་ནས་ལས་ཀ་དེ་དག་ནམ་ཡང་སྤོང་དགོས་བ་ཞིག་ཡིན། ང་ཚོའི་རིག་རྩལ་རྣམས་དང་མི་དམངས་ཡོངས་ཀྱིས་ངེས་པར་བསམ་བློའི་གོ་རྟོགས་ཡངས་བོ་གཏོང་དགོས། དེ་ནི་ནང་པའི་ཆོས་ཀྱི་བློ་སྦྱོང་དང་འབྲེལ། དེང་རབས་སློབ་གསོ་རིག་པ། ཆབ་སྲིད་རིག་པ། ལྷག་པར་མང་གཙོའི་ལྟ་བའི་སྐོར་གྱི་གོ་རྟོགས་ཡངས་པོ་དགོས། རྒྱལ་བ་རིན་པོ་ཆེའི་ཆོས་ཕྱོགས་ཀྱི་བཀའ་སློབ་དང༌། ཆབ་སྲིད་ལམ་སྟོན་གྱི་བཀའ་སློབ་སོགས་ལ་སློབ་སྦྱོང་ནན་ཏན་བྱེད་དགོས། ང་ཚོས་རྒྱལ་བ་རིན་པོ་ཆེ་མཁྱེན་ཞེས་མིག་བཙུམ་ཐལ་མོ་སྦྱར་ནས། ལུང་བསྟན་ག་རེ་གནང་ཡོང་ངམ་སྙམ་ནས་རེ་བ་དང་སྨོན་ལམ་སྟོང་བ་བརྒྱབ་ནས་བསྡད་ན་མི་འགྲིགས། མི་རྒན་པ་མང་པོ་ཞིག་ལ་འདི་འདྲའི་བསམ་བློའི་རྨོངས་དད་ཚབས་ཆེན་འདུག ང་ཚོས་གོང་ས་མཆོག་གིས་ང་ཚོ་བསམ་བློ་ག་རེ་གཏོང་དགོས་མིན་དང་ལས་ཀ་ག་རེ་བྱེད་དགོས་མིན། གང་འདྲ་བྱས་ན་བྱ་བ་བྱེད་དགོས་ལུགས་སོགས་འཇིག་རྟེན་གྱི་བྱ་བ་ཆེ་ཆུང༌། མི་སྒེར་དང་ཚོགས་པ། མི་རིགས་རྒྱལ་ཁབ། འཛམ་གླིང་ཡོངས་ཀྱི་གནད་དོན་སྐོར་མང་བོ་ནས་གསུང་བཤད་ཟབ་ཅིང་རྒྱས་པ་གནངས་དང་གནང་བཞིན་པ་འདི་དག་ལས་རང་གི་ལས་ཀ་གང་ཞིག་སྒྲུབ་ཐུབ་ཀྱིན་ཡོད། རང་གི་ལས་ཀ་དེ་འགྲིག་གི་འདུག་མིན་སོགས་ལ་བརྟག་ཞིབ་ཀྱིས་བཀའ་དགོངས་ཇི་བཞིན་སྒྲུབ་པ་ཡིན་ན་རང་གཞན་ནམ་སྤྱི་སྒེར་ཚང་ མའི་དོན་ནམ། ཡང་ན་ཚེ་འདི་ཕྱི་གཉི་གའི་དོན་རླབས་པོ་ཆེ་ཞིག་སྒྲུབ་ཀྱིན་ཡོད་པའི་ང་ཚོས་མི་ལུས་བླངས་བ་ཡིད་བཞིན་ནོར་བུ་དང་གཉིས་སུ་མེད། རིག་རྩལ་ལས་ཀ་བྱེད་མཁན་རྣམས་ལ་གཞུང་ངོས་ནས་ལམ་སྟོན་དང་རྒྱབ་སྐྱོར་གནང་དགོས་ལ་མི་དམངས་ཀྱིས་ཆེ་མཐོང་བྱེད་དགོས། དཔེར་ན་ད་བར་བཙན་བྱོལ་གཞུང་ནང་ལ་རྩོམ་པ་པོ་མཐུན་ཚོགས་ཤིག་ཀྱང་འཛུགས་ཐུབ་མེད་པ་འདིས་རིག་རྩལ་པ་རྣམས་དང་རིག་རྩལ་གྱི་བྱ་བ་རྣམས་ལ་གདེང་འཇོག་ཚད་མཐོ་བྱེད་མ་ཐུབ་པའི་གནད་དོན་མཚོན་གྱིན་ཡོད། རྩོམ་པ་པོ་དང༌། རི་མོ་བ། ཟློས་གར་བ་བཅས་ནི་འཚོ་བའི་བདེན་པ་གང་ཞིག་སྒྱུ་རྩལ་གྱི་བདེན་པའི་ལམ་ནས་ཚད་མཐོན་པོར་དྲིལ་སྒྲགས་གཏོང་ཐུབ་མཁན་གྱི་དཔུང་ཁག་སྟོབས་ཆེན་ཞིག་ཡིན། མྱོས་བྱེད་ཞིག་ལ་མཚོན་ན་ཨ་རག་ལྟ་བུའི་ནུས་པ་ལྡན།

 

སླར་སྨྲས་པ། དགོས་པའི་དབང་གིས་དགག་བྱ་གཙོ་ཟེར་བ་ནི་དོན་དངོས་ལ་བལྟས་པའི་གནད་དོན་ཞིག་ཡིན་པས། ང་ཚོ་རིག་རྩལ་གྱི་ལས་ཀ་བྱེད་མཁན་ཚང་མས་མ་བགྲོས་གཅིག་མཐུན་གྱིས་མི་རིགས་ཀྱི་ཁེ་དབང་དང་མིའི་རིགས་ཀྱི་ཞི་བདེའི་ཕྱིར་དུས་རབས་ཀྱིས་གནང་བའི་བགོ་སྐལ་གང་ཡིན་ཡང་ངེས་པར་དང་ལེན་བྱེད་འོས་བ་ཞིག་ཡིན། དེ་བས་ང་ཚོའི་ལས་འགན་གྱི་ངོ་བོ་ནི་དམར་པོའི་གཡོ་སྒྱུའི་ཐབས་ཚུལ་དང་རྩ་བ་ནས་ཐ་དད་ཡིན་པ་ཤེས་དགོས།

གྲོགས་པོ་ཚོ། དཔྱད་གླེང་འདི་ནི་དུས་རབས་ཤིག་གི་མཇུག་སྡུད་དམ་ཡང་ན་དུས་རབས་ཤིག་གི་སྔུན་བསུ་ལྟ་བུར་ཕུལ་བ་ལགས། ཀློག་པ་པོ་རྣམ་པས་ཁོ་བོའི་བསམ་ཚུལ་འདིའི་རིགས་ལ་ལེགས་ཉེས་དགོངས་ཚུལ་ཅི་ཡོད་གླེང་སློང་བྱེད་རྒྱུ་དང་གལ་ཏེ་སྒྲུབ་འོས་བ་རེ་ཡོད་ན་ངེས་པར་ཐུགས་ལ་སྣོམ་རོགས་ཞུ་རྒྱུ་བཅས་རེ་ཞིག་དེ་ཙམ་མོ།། །།༡༩༩༩།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php