༄།བཙན་འཛུལ།

 

 

          ད་ནངས་གཉིད་ཞིམ་པོའི་མལ་དུ་ཡོད་དུས། གློ་བུར་ཏིང་དིར་དིར་གྱི་སྒྲ་ཆེན་ཞིག་གིས་བདེ་བ་དཀྲོགས། གསལ་བོར་ཉན་དུས་ངའི་འཇབ་རྐུན་གྲོགས་པོ་ཆུང་ཆུང་ཚོའི་ཙི་སྐད་ཐོས་བྱུང༌། ངོ་མ་ངན་པ་ལངས་ཤོར་འདི་ཚོས་མི་བྱེད་དགུ་བྱེད་ཀྱིས་ད་ནི་མཆོད་ཁྲིའི་ཐོག་ཏུ་ཡང་ཟློས་གར་འཁྲབ་ཀྱིན་ཡོད་པ་འདྲ་སྙམ་ནས་ཡར་ལངས་ཏེ་གློག་སྒྲོན་སྦར་ནས་བལྟས་དུས། ཏག་ཏག་མཆོད་རྐོང་ཞིག་ས་ལ་ལྷུང་འདུག ངས་དེ་མཆོད་ཁྲིའི་ཐོག་འཇོག་དུས་འཇབ་རྐུན་པ་སྔོ་རིལ་གཉིས་ས་ལ་མཆོངས་ཏེ་བྲོས་སོང༌། མ་རབས་འདི་ཚོས་མཆོད་མར་ཟོས་པས་མ་ཆོག་པར་ད་དུང་ལྷའི་མདུན་དུ་ཙིག་སྐྱག་མང་པོ་བཏང་ནས་ཉེས་པ་ཆེན་པོ་བསགས་འདུག

 

          ང་ཕྱིར་མལ་སའི་ནང་འཛུལ་ནས་གཉིད་མ་ཡོང་བར་བསམ་གཞིགས་ཤིག་གི་ཀློང་དུ་ཆས། ཉིན་ཞིག་ང་ཚོའི་ནང་དུ་ཙི་ཙི་ཞིག་ཐོན་པས། ངའི་བུ་ཡིས་ལག་པར་ཕྱགས་མ་བཟུང་ནས་ཙི་ཙི་སླེབས་སོང་ཞེས་དེད་ནས་ཕྱགས་མ་གཡུགས་ཏེ་གང་སར་ཅི་ཐུབ་གང་ཐུབ་ཀྱིས་གཞུས་པས། ང་རྒྱུགས་སོང་ནས་ཁོའི་ཕྱགས་མ་འཕྲོགས་ཏེ་ཁོའི་མགོ་ལ་གཅིག་གཞུས་ནས། ཙི་ཙི་ཞིག་ཡོང་ན་ཡོང་སྐྱུར་ཞོག དེ་བསད་ནས་ཅི་བྱེད་ཅེས་གཤེ་གཤེ་བཏང་བས། ཁོས་མགོ་ཕུར་ཕུར་བྱེད་ཀྱིན་སྐད་ཆུང་ངུས་གཞུག་མ་ཅ་ལག་འཕྲོ་བརླག་གཏོང་གི་རེད་ཅེས་ཟེར། ངས་ཕར་ལ་གནོད་པ་བྱས་ན་ཚུར་ལ་གནོད་པ་བྱེད་དང་བྱེད། མ་གཞི་ནས་ཙི་ཙི་ལ་ཕར་མ་གནོད་ན་ཚུར་ཡང་མི་གནོད་ཅེས་མི་ཚོའི་ངག་རྒྱུན་གྱི་བཤད་སྲོལ་དེ་རྒྱབ་རྟེན་དུ་བཅོལ།

          གུང་གསེང་གི་ཉིན་ཞིག་ལ། བྱིས་པ་གཉིས་ཀས་མལ་ཁྲིའི་འོག་གི་དཔེ་དེབ་བླུག་སའི་ཤོག་སྒམ་དེ་བཏོན་ནས་བསྔོགས་དུས། ཙིག་ཚང་ཞིག་གི་ནང་ནས་ཙིག་ཕྲུག་མང་ཕོ་སྔོ་ཐར་ཐར་ཕྱིར་རྒྱུགས་འོང༌། ཁོ་གཉིས་ཀྱིས་ཙི་ཙི་བྲོས་ཤོར་སོང་ཞེས་ཡར་མར་ལ་བདས་པས། ངས་ཁྱོད་གཉིས་ཀྱིས་ཟ་རྒྱུ་ཡིན་ནམ་མ་གསོད། ཅེས་གཤེ་གཤེ་བཏང༌། ཁོ་གཉིས་ཀྱིས། ཁྱིམ་ལ་ཙིག་ཚང་བཟོས་ནའང་སྐྱུར་འཇོག་རྒྱུ་ཡིན་ནམ་ཞེས་མ་འདོད་པའི་རྣམ་འགྱུར་ཞིག་དང་བཅས་གཙང་མ་བྱས།

          དེ་ནས་བཟུང་ནམ་རྒྱུན་འཇབ་རྐུན་ནུས་མེད་ཚོ་གང་བྱུང་ཡར་རྒྱུགས་མར་རྒྱུགས་དང་ལྷག་པར་ཐབ་ཚང་ནང་དུ་ཁྲག་ཁྲོག་མང་པོ་བྱེད་ན་ཡང་ངས་བཟོད་སྒོམ་བྱས། མཚན་མོ་ཞིག་ལ་ངས་མནན་འཕར་རྐུབ་སྟེགས་སྟེང་དེབ་ཀློག་བཞིན་པའི་སྐབས། འོག་ནས་ཧྲག་སྒྲ་ཞིག་གྲགས་ཀྱིན་འདུག ངས་འཇབ་རྐུན་པ་ཚོ་ཡིན་པ་ཤེས་ནས། རྐུབ་སྟེགས་ཀྱི་གཞོགས་ཚང་མར་ཞིབ་བལྟ་བྱས་དུས། རྐུབ་སྟེགས་ལ་ལའི་རྒྱབ་དང་ལ་ལའི་འོག་བཅས་ནས་ཨི་ཁུང་བརྟོལ་ཏེ་བཙན་འཛུལ་བྱས་འདུག ངས་ཕོར་རྙི་བཙུགས་ནས་ཙི་ཙི་མང་པོ་བཟུང་སྟེ། མར་གྷ་གལ་གྲོང་བརྡལ་དང་ཡར་ས་རཱ་གྲོང་གསེབ་སོགས་སུ་རྒྱང་ཕུད་ལ་བཏང་བ་ཡིན།

          ཡང་ཉིན་ཞིག་ལ་ངས་རྩམ་པ་དུས་དེབ་སོགས་ཡིག་ཆ་ཉར་འཇོག་བྱེད་སའི་དེབ་ཁྲིའི་ལྕགས་སྒམ་ཁ་ཕྱེ་དུས། འཇབ་རྐུན་སྔོ་རིལ་ཚོས་དེའི་ནང་དུ་ཙིག་སྐྱག་བཏང་ཞིང༌། ཡིག་ཆ་དང་དུས་དེབ་རྙིང་གྲས་མང་པོ་གཙབས་ཏེ་ཚང་བཟོ་སྤྱད་བྱས་འདུག་པས། ཁོ་ཚོས་ངས་སྲོག་གཅོད་སྤངས་པ་ཤེས་ཏེ་ཆེད་དུ་ང་ལ་བརྙས་བཅོས་བྱེད་པ་དང་འདྲ་བས། ང་བསམ་ཤེས་མེད་པའི་འཇབ་རྐུན་པ་ཚོའི་ཐོག་ལ་ཁོང་ཁྲོ་ཞིག་ཀྱང་ལངས། ངས་སླར་ཡང་ཕོར་རྙི་དང་ཙིག་འཛིན་ལྕགས་དྲ་ཉོས་ནས་ཙི་ཙི་མང་པོ་བཟུང། ཅི་ཙམ་བཟུང་ན་ཡང་ཇེ་ཉུང་དུ་འགྲོ་རྒྱུ་མི་འདུག འོན་ཀྱང་ངས་ཙི་ཙི་ལ་དུག་སྨན་སྤྲོད་མི་ཐུབ་ལ་ཞི་མི་ཁྲིད་འོང་ནས་གསོད་དུ་ཡང་འཇུག་མི་ཕོད།

 

          བདག་གིས་སྲོག་ཆགས་སྐོར་གྱི་རྒྱུན་ཤེས་དེབ་ཅིག་བཙལ་ནས། བྱི་བའི་སྐྱེ་འཕེལ་གྱི་མྱུར་ཚད་ཅེས་པ་ཞིག་བཀླགས། དེབ་དེའིནང་དུ། བྱི་བ་མོ་ཞིག་ལ་སྐྱེ་ཐེངས་རེ་རེར་ཕྲུ་གུ་བཅུ་ཡས་མས་སྐྱེ་བ་དང༌། ཆུ་ཚོད་བཅུ་ཡས་མས་ནས་ཡང་བསྐྱར་མངལ་ཆགས་ཐུབ་ཀྱིན་ཡོད་ཚུལ་དང༌། ཙིག་ཕྲུག་རྣམས་ཀྱང་བདུན་ཕྲག་གཉིས་ནས་རང་མགོ་ཐོན་པ་དང༌། ཟླ་བ་གཅིག་ལྷག་ནས་ཕྲུ་གུ་བཙའ་ཐུབ་ཀྱིན་ཡོད་པ། དེ་ལྟར་བརྩིས་ན་ལོ་གཅིག་རིང་ལ་བྱི་བ་ཁྱོ་ཤུག་གཉིས་ལས་བརྒྱུད་པའི་ཙི་ཙི་ཁྱོན་བསྡོམས་ལྔ་སྟོང་སྐྱེ་འཕེལ་བྱེད་ཀྱིན་ཡོད་པའི་གནས་ཚུལ་མཐོང་ནས་ང་ཧང་སངས་ཤིང༌། ང་ཡིད་ཐང་ཡང་ཆད།

མདང་དགོང། ངས་ཙི་ཙི་ཞིག་གིས་མི་ཚང་ཞིག་ལ་བཙན་འཛུལ་བྱས་ཚུལ་གྱི་གློག་བརྙན་ཞིག་མཐོང༌། ཐོག་མར་ཙི་ཙི་གཅིག་སླེབས་པ་དང་ཁྱིམ་བདག་གཉིས་ཀས་དེ་གསོད་རྩིས་ཀྱི་ཐབས་ཤེས་སྣ་ཚོགས་བྱས་ཀྱང་མ་སོད་པ་མ་ཟད། ཙི་ཙིས་ཀྱིས་ཕྱིར་འཁོན་ལན་བསློགས་ཏེ་ཁྱིམ་ཚང་དེ་མེད་པར་བཟོས་སོང༌། དགོད་བྲོ་བའི་གློག་བརྙན་དེར་ཞིབ་ཏུ་བསམ་ན་གནས་ལུགས་མེད་པ་ཞིག་ཀྱང་ག་ལ་ཡིན། གནའ་མོའི་ཤོད་སྲོལ་ལ་ཡང༌། རྒྱལ་པོའི་འབྲུ་མཛོད་ཁང་གི་བྱི་བ་བྱི་ལས་ཀྱང་གསོད་མི་ཐུབ་ཟེར་ལ། ཙི་ཙི་ཡིས་དམག་དྲངས་པའི་གཏམ་རྒྱུད་ཀྱང་ཡོད། དེས་ན་འཇབ་རྐུན་པ་འདི་དག་ནུས་མེད་ཅིག་གཏན་ནས་མིན།

 

          ངས་མལ་སའི་ནང་དུ་འདི་ལྟར་དྲན་གསོ་བྱེད་ཀྱིན་པའི་སྐབས་སུ། ང་ལ་གློ་བུར་དུ་སྐྲག་སྣང་ཞིག་སྐྱེས་བྱུང༌། ངའི་མིག་ལམ་དུ་མི་གཟུགས་ཀྱི་ཙི་ཙི་མང་པོ་ཞིག་ཤར་བྱུང༌། ངོ་མ་ང་ནི་ཙི་ཙིའི་ཇག་དཔུང་སྟོབས་ཆེན་ཞིག་གིས་མཐར་སྐྲོད་བཏང་བའི་ཡུལ་གྱར་བ་ཞིག་མ་ཡིན་ནམ། ངས་ཙི་ཙི་འདི་ཚོར་སྣང་མེད་དང་ཤ་ཚ་བྱེད་ཉེས་པ་བཞིན་དུ། ང་ཚོ་བོད་མི་ཚོས་ཀྱང་རྒྱ་མི་ཙི་ཙི་མང་པོར་བོད་དུ་ཙིག་ཚང་བཟོ་རུ་བཅུག་དང་འཇུག་བཞིན་པ་ཞིག་ཅིས་མིན།

          ངས་རང་ཁྱིམ་གྱི་ཙི་ཙི་ཉམ་ཆུང་འདི་ཚོར་ཡང་ཁ་གཏད་བྱེད་མི་ནུས་པ་ཞིག་གིས་ཇི་ལྟར་རྒྱ་སྟག་དང་འདྲ་བའི་རྒྱ་མིར་ངོ་རྒོལ་བྱེད་དམ། ངོ་མ་ང་ལ་སེམས་འཚབ་ཅིག་དང་འཇིགས་སྣང་ཞིག་སྐྱེས།།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php