༄།ཕུགས་འདུན།

 

 

          ཕུགས་འདུན་ཞེས་པའི་མིང་ཚིག་འདི་ཆུང་དུས་ནས་བདག་དང་འགྲོགས་པའི་ཚིག་རྙིང་ཞིག་ཡིན་ན་ཡང༌། རང་གི་ཕུགས་འདུན་ཞེས་གླེང་ཚེ་དམིགས་རེ་སབ་སིབ་འགའ་རེ་ལས་ཅི་ཡང་མི་གསལ་ལ། བདག་གི་ཕུགས་འདུན་ནི་འདི་ཉིད་ཁོ་ནའོ་ཞེས་ངེས་གཏན་ཞིག་བཤད་རྒྱུ་དེ་བས་ཀྱང་མེད། དེས་ན་ཆུང་དུས་ཀྱི་ཕུགས་འདུན་ཞེས་པ་དེ་དག་ནི་གནས་སྐབས་རེའི་བསམ་ཚུལ་རགས་ཙམ་ཞིག་ལས་ཅི་ཡང་མིན་ཏེ། དཔེར་ན་ལུང་ཕུག་གི་རྫ་ཆུ་ཕྲ་མོ་དང་འདྲ་སྟེ། བལྟས་ཚོད་ཀྱིས་རྫ་ཆུ་ཕྲ་མོ་དེ་ལ་རང་གི་འགོ་ཁུངས་ཤིག་དང་རང་གི་བཞུར་རྒྱུན་དང༌། བཞུར་ཡུལ་ཞིག་ཡོད་ན་ཡང༌། མཐར་གཙང་བོ་ཆེན་པོ་གང་ཞིག་ལ་འདྲེས་ནས་མི་སྣང་བར་གྱུར་བ་དང་འདྲའོ།

          ཕུགས་འདུན་མེད་པ་ནི་ཞ་ར་དང་འདྲ་བར། ཇི་ལྟར་སོང་ཡང་ཁ་ཕྱོགས་མེད་ལ་སླེབས་ཡུལ་མེད། ཕུགས་འདུན་མེད་ཚེ། རྣམ་གཡེང་དང་ཚོད་འཛིན་མང་པོས་ནམ་ཡང་ས་རྒྱ་མི་ཆོད།

 

          དེ་ཡང་བདག་གི་དྲན་སོས་པ་ལྟར་ན། ཁོ་བོ་ཐོག་མར་སློབ་གྲྭར་མངགས་དུས། ནང་མི་ཚོས་མ་འོངས་པར་གོ་གནས་མཐོ་བའི་ལས་བྱེད་ཅིག་ཆགས་ནས་རང་དང་རང་གི་ནང་མི་ཚོར་ཁེ་ཕན་འགའ་རེ་བསྒྲུབ་ཐུབ་ན་བསམ་པ་འདྲ་མོད། ང་རང་ཉིད་ལ་མཚོན་ན་སྒེར་གཉེར་གྱི་བསམ་ཚུལ་དེ་ཙམ་ཞིག་ཀྱང་ག་ལ་ཡོད། ང་རང་རྩེད་མོ་གང་ཞིག་ལ་དགའ་བ་བཞིན་དུ་སློབ་གྲྭར་འགྲོ་རྒྱུར་ཧ་ཅང་དགའ་བ་ཙམ་ལས་དམིགས་ཡུལ་ཅི་ཡང་མེད།

          སློབ་ཆུང་གི་སྐབས་སུ་དམར་ལུགས་ཀྱི་ཆབ་སྲིད་སློབ་གསོ་ཤུགས་ཆེན་སྤྲད་པས། དམར་ཆུང་དམག་མི་ལ་ཞུགས་རྒྱུ་དང༌། དེ་ནས་གུང་གཞོན་ཚོགས་པར་ཞུགས་རྒྱུའི་རེ་འདུན་དང༌། མཐར་ལོ་ན་ཆེར་སོན་དུས་ཆེས་མཐོའི་རྩ་འཛུགས་གུང་ཁྲན་ཏང་ཡོན་པ་ཞིག་བྱ་རྒྱུ་ནི་སློབ་གྲོགས་ཕལ་མོ་ཆེའི་ཕུགས་འདུན་ཡིན། དེ་བས་ཁོ་བོ་ཡང་རེ་འདུན་དེ་ལས་མ་འདས་པར། དམའ་འབྲིང་དུ་འགྲོ་དུས་གུང་གཞོན་ཚོགས་མི་ཞིག་ཏུ་འགྱུར་ཐུབ་ཡོད་པས། ཕུགས་འདུན་མངོན་འགྱུར་ཐུབ་རྒྱུར་རེ་བ་ལོས་ཆེ།

དམའ་འབྲིང་མཐར་ཕྱིན་སྐབས་ད་དུང་ཏང་ལ་ཞུགས་པའི་ལོ་ཚོད་ལ་སླེབས་མེད། བདག་ཐོག་མ་ནས་སློབ་གྲྭ་དང་སློབ་དེབ་སོགས་ལ་དགའ་བས། སློབ་སྦྱོང་གི་གྲུབ་འབྲས་ཀྱང་ཕུལ་དུ་བྱུང་བར་གྱུར་པས། ང་རང་མུ་མཐུད་དེ་མཐོ་འབྲིང་དང་མཐོ་སློབ་སོགས་སུ་འགྲོ་འདོད་ཆེན་པོ་ཞིག་བྱུང་ན་ཡང༌། ཨ་ཞང་ལགས་ཀྱི་དམིགས་རྒྱང་ཐུང་བའི་ལྟ་བས་བདག་སློབ་ཆུང་གི་དགེ་རྒན་ཞིག་བྱེད་དགོས་བྱུང༌། སྐབས་དེར་ལས་བྱེད་པར་ཕོགས་ཐོབ་ཅུང་ཞིག་ཡོད་པ་དེར་འགྲམ་ཆུ་ལྡང་མཁན་མང་བས་བདག་གི་ཞང་པོ་ལའང་འགྲམ་ཆུ་དེ་འཁྱིལ་བར་ཐུགས་ཁག་མེད།

          ལོ་གཉིས་རྗེས་བདག་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་དུ་བོད་དགེ་འོས་སྦྱོང་འཛིན་གྲྭ་ཞིག་ལ་འགྲོ་ཐུབ་བྱུང་བས་དགེ་རྒན་གྱི་ལས་གནས་མུ་མཐུད་ཇེ་བརྟན་ལ་གྱུར་ན་ཡང༌། བསམ་ཡུལ་ལས་འདས་པ་ཞིག་ལ། ཨ་མྱེས་ལགས་ཀྱིས་བདག་ཕྱིར་ཕྱུགས་སྐྱོང་གི་རྫི་བོར་ལེན་རྩིས་བྱས་པསརེ་ཞིག་བདག་སེམས་ལ་འཁྱགས་ལ་འབྱར། འོན་ཀྱང་བསམ་ཡུལ་ལས་འདས་པ་གཞན་ཞིག་ལ། བླ་མ་གུང་ཐང་རིན་པོ་ཆེ་ཚང་དང་མཇལ་བས་སྐལ་བ་བཟང་པོ་ཞིག་ཐོབ་ནས། ཁོང་གིས་སློབ་སྦྱོང་མང་པོ་བྱེད་དགོས་པ་དང༌། མ་འོངས་པར་ཡང་མུ་མཐུད་དགེ་རྒན་བྱེད་དགོས་པའི་བཀའ་སློབ་བཀའ་དྲིན་ཆེད་དུ་སྩལ་བས་བདག་ཡིད་ལ་སླར་ཡང་དཔྱིད་དཔལ་གསར་བས་ཁྱབ། བདག་གི་མདུན་ལམ་ནི་ནམ་ཡང་དགེ་རྒན་ཞིག་ལས་གཞན་མ་ཡིན་པའམ་མེད་པ་ལྟ་བུར་བསམས། དེ་ནས་བཟུང་སློབ་སྦྱོང་དང་དགེ་རྒན་ནི་རང་གི་འོས་འགན་དུ་བརྩིས་པ་ཡིན་ལ་ཕུགས་བསམ་དུ་ཉར་བ་ཡང་ཡིན།

          ཕུགས་འདུན་ནི། ཤེས་རབ་ཀྱི་མིག་དབང་ཞིག་ཡིན་ན། ཅིས་ཀྱང་ལོག་ལམ་དང་གཡང་སར་ལྷུང་མི་སྲིད།

 

          དེའི་རྗེས་སླར་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ། སྐབས་དེར་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་དང༌། བོད་རང་བཙན་སོགས་ཀྱི་གསང་གནས་ཐར་ཐོར་རེ་གོ་བས། བདག་གི་སེམས་པའི་བཞུར་རྒྱུན་གཞན་དུ་ཕྱོགས། རྒྱལ་ཁམས་འགྲིམས་ནས་རྒྱལ་ཁབ་ཀྱི་དོན་ཆེན་གང་ཞིག་བསྒྲུབ་རྒྱུ་དེ་དོན་སྙིང་གཞན་ལས་ཆེ་བར་བསམས། འོ་ན་དེ་ནི་ཕུགས་འདུན་གཞན་ཞིག་ཡིན་ནམ། རང་གིས་ཀྱང་ཚོད་དཔག་མ་ཐུབ།

          ཡིན་ན་ཡང༌། ཕུགས་འདུན་ནི་མདུན་སྐྱོད་ཀྱི་དཔའ་སྐད་ཅིག་ཀྱང་ཡིན་པས། ནམ་ཡང་ཕྱི་ནུར་བྱེད་མི་སྲིད།

 

          བདག་མི་ཡུལ་འདིར་འབྱོར་བ་ནས། སླར་ཡང་བདག་གི་བྱ་བ་ནི་དགེ་རྒན་དང་བདག་གི་འོས་འགན་ནི་སློབ་སྦྱོང་ལས་ལམ་གསར་བ་གང་ཡང་མ་རྙེད། འོན་ཀྱང་མི་འདྲ་ས་ནི་བདག་གི་སེམས་ཤུགས་དང་འབྱུང་འགྱུར་གྱི་རྒྱལ་ཁ་རེད། ངར་ཤུགས་འདིའི་དབང་གིས་བདག་གིས་ཅི་ཞིག་ལ་དཀའ་ངལ་དང་གང་ཞིག་ལ་ཉེན་ཁ་ཟེར་བ་སོགས་བརྗེད་པར་གྱུར། ད་དུང་དགའ་འོས་པའི་བདག་གི་ལས་ཞོར་དོན་ཆེན་སྟེ། རྩོམ་ཡིག་ཀྱང་གང་འཚམ་སྤེལ་ཐུབ་པར་གྱུར། རིམ་པས་བདག་དགེ་རྒན་ལས་གཞན་ད་དུང་རྩོམ་པ་པོ་ཞིག་ཏུ་ཡང་འགྱུར་འདོད་བྱུང༌། འདི་ཡང་ཕུགས་འདུན་འཕར་མ་ཞིག་མིན་ནམ།

          ཕུགས་འདུན་ནི། མི་ཚེའི་འཚོལ་སྙེགས་ཀྱི་སྙིང་བོ་ཡིན་པས། རང་ལ་དེ་ལས་ལྷག་པའི་གཅེས་ནོར་གང་ཡང་མེད།

 

          དེང་སང༌། བདག་རང་གིས་འཚོལ་སྙེག་གི་ལམ་སྣེར་ཕལ་ཆེར་སླེབས་ཡོད་པའམ་སླེབས་ཀྱིན་པའི་སྣང་བ་འཆར། ད་ནི་ངའི་ལས་ཞོར་བྱ་བ་དེ་རང་གི་འོས་འགན་གཙོ་བོ་དང༌། དགེ་རྒན་གྱི་བྱ་བ་འདི་ཕལ་བར་བརྗེ་བསྒྱུར་ཅིག་བྱེད་འདོད་ཆེ། འདི་ཡང་་་

          དེ་ལྟར་བདག་ལ་ཕུགས་འདུན་མང་དྲགས་པས་སམ། ཡང་ན། གཏན་འཇགས་ཀྱི་ཕུགས་འདུན་རྣལ་མ་ཞིག་མེད་པས། མི་ཚེ་ཕྱེད་ཡོལ་གྱི་ས་མཚམས་འདིར་བདག་ལ་ལོ་རྒྱུས་ཟིན་དེབ་ཏུ་འགོད་འོས་པའི་ལེ་ཚན་ཅི་ཡང་མེད་ལ། གཟི་བརྗིད་ལྡན་པའི་མི་དམངས་ཀྱི་དགེ་རྒན་ཆེན་མོ་དང༌། རླབས་ཆེན་གྱི་རྩོམ་པ་པོ་དང༌། རླབས་ཆེན་གྱི་བསམ་བློ་བ་སོགས་བདག་གི་སྨོན་ཡུལ་དུ་གྱུར་བའི་མཚན་བྱང་དེ་དག་བདག་དང་རྒྱང་ཐག་རིང་བས། ད་དུང་བདག་ནི་མི་ཚེའི་རྒྱང་བཞུད་ཀྱི་མགྲོན་པོ་ཆུང་ཆུང་ཞིག་ལས། རླབས་ཆེན་གྱི་མི་སྣ་གང་ཡང་མིན།

          ཕུགས་འདུན། ཕུགས་འདུན་ནི་འདི་ཇི་འདྲའི་རྒྱ་ཆེ་ཞིང་རྒྱང་ཐག་རིང་བའི་ལམ་ཞིག་རེད་ཨང། །

༢༠༠༣།༡༢།༡༠།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php